གངས་རྩེ་ཁང་ས་ཚད་ཡོད་འགན་ལེན་ཀུང་ཟིའི་སྦྱིན་བདག་སྐུ་ཞབས་ཚེ་རིང་དོན་གྲུབ་ལགས་ཀྱིས་མུ་མཐུད་དུ་མ་དངུལ་བཏང་སྟེ། ལོ་རེར་ཐེངས་རེ་སྤེལ་བཞིན་པའི་བོད་ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་གངས་རྩེ་རྟགས་མའི་རྩོམ་ཡིག་འགྲན་སྡུར་སྐབས་དྲུག་པ་དེ། 2017ལོའི་ཟླ10པའི་ཚེས10ཉིན་ནས2018ལོའི་ཟླ9པའི་ཚེས1ཉིན་བར་སྤེལ་རྒྱུ་ཡིན། ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་གྱི་ཁ་བྱང་ལ《གསེར་ལས་ལྷག་པའི་དེ་རིང》ཞེས་གཏན་ལ་ཕབ་ཡོད་ཅིང་། རྒྱ་ཆེའི་སློབ་གྲོགས་རྣམས་ཀྱིས་གཤམ་གྱི་རྒྱུ་ཆ་འདི་བཀོལ་ནས་རྩོམ་ཡིག་བྲི་རོགས། སློབ་གྲོགས་ཚོ། སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་ཁྲོད། ནམ་རྒྱུན་ང་ཚོའི་རྣ་ལམ་དུ་རྒྱུ་འོང་བ་ནི། དེ་རིང་ངས་ཁ་སང་གི་ལས་བྱ་འཕྲོ་མ་བྲི་དགོས། སང་ཉིན་ནས་བཟུང་ངས་སློབ་སྦྱོང་ལ་ཧུར་བརྩོན་བྱ་རྒྱུ་ཡིན། རང་གི་རྨང་གཞི་ཞན་པས་ད་ནས་ཧུར་བརྩོན་བྱེད་འདོད་རུང་འཕྱིས་འདུག་ཅེས་པའི་སྐད་ཆ་དེ་དག་ཡིན་པ་ལས། སུས་ཀྱང་དུས་ད་ལྟ་ཉིད་ནི་ཡོད་ཚད་ཀྱི་མགོ་འཛུགས་ས་ཡིན་པར་མནོ་བསམ་མི་གཏོང་། དུས་ཚོད་ནི་སྐར་ཆ་རེ་རེ་ལས་གྲུབ་པ་དང་། ལོ་ཟླ་ནི་ཉི་མ་རེ་རེ་ལས་ཟད་པའི་ཆོས་ཉིད་བཞིན། ད་ལྟ་ང་ཚོས་སྦྱོར་ཀློག་བྱེད་ཐུབ་པའང་ཀ་ཁ་ཀློག་འདོན་ནས་མགོ་བཟུང་བ་ཡིན་ཏེ། ཁྱོད་ཀྱིས་འདས་ཟིན་པའི་ཉི་མ་རེ་རེ་དམ་འཛིན་བྱས་པས། ད་ནི་ཁྱོད་རང་འཛིན་གྲྭ་ཡོངས་ཀྱི་མིག་དཔེ་ལྟ་སར་གྱུར་པ་ཡིན་ཞིང་། ཁྱོད་ཀྱིས་འདས་ཟིན་པའི་ཉི་མ་རེ་རེ་འཁྱོལ་ཐབས་བྱས་པས་ད་ལྟ་ཁྱོད་རང་འཛིན་གྲྭ་ཡོངས་ཀྱི་ཞབས་འདྲེན་དུ་གྱུར་ཡོད། རེད་དེ། མིང་གྲགས་ཆེ་བའི་ཨ་རིའི་ཧ་ཧྥུ་སློབ་ཆེན་གྱི་དཔེ་མཛོད་ཁང་གི་ལྡེབས་ངོས་སུ། “ངས་སྟོང་ཟད་དུ་བཏང་བའི་དེ་རིང་ནི་ཏག་ཏག་ཁ་སང་ཚེ་ལས་འདས་པའི་མི་དེས་རེ་བའི་སང་ཉིན་རེད” “འགོར་སོང་སྙམ་པའི་དུས་ནི་ཏག་ཏག་ཆེས་སྔ་བའི་དུས་ཡིན”ཞེས་གལ་ཆེའི་གདམས་ངག་འགའ་བཀོད་འདུག་ལ། དེ་རིང་གི་ཉི་མ་ནི་དངོས་གནས་རིན་ཐང་བྲལ་བ་ཞིག་ཡིན་ཏེ། དེ་རིང་ནི་ང་ཚོས་ཕུགས་བསམ་མངོན་འགྱུར་ལ་ཤུགས་རྒྱག་པའི་ཉིན་མོ་ཡིན་ལ། དེ་རིང་ནི་ཁ་སང་གི་འབྲས་བུ་དང་སང་ཉིན་གྱི་རེ་བ་ཡིན་པས། དེ་རིང་གི་ཉིན་མོ་ནི་གསེར་ལས་ལྷག་པ་ཞིག་ཡིན། སློབ་གྲོགས་ལགས། ཁྱོད་ལ་སྤོབས་པ་ཡོད་དམ། ཁྱོད་རང་ཉིད་ལ་ཡིད་ཆེས་སམ། ཁ་སང་གི་ཨང་དང་པོ་དེ་ནམ་ཡང་ཨང་དང་པོ་ཡིན་ནམ། སྐྱེས་ནས་མ་འཆི་བར་དུ་རྒྱལ་ཕམ་ནི་སུ་ཡིས་ཐག་གིས་ཆོད། ང་ཚོ་ནི་ཕ་མའི་མིག་དང་སྡེ་བའི་རྒྱན་ཡིན། སློབ་གྲོགས་ཚོའི་མིག་དཔེ་བལྟ་ས་དང་དགེ་རྒན་ཚོས་བསྟོད་བསྔགས་བྱེད་ཡུལ་ཡིན་པས། ཁོ་ཚོའི་རེ་བ་སྟོང་ཟད་དུ་མི་གཏོང་བར་རང་ཉིད་མི་འཇོན་ཐང་ཅན་ཞིག་ཏུ་བསྒྱུར་འདོད་ན། ཐོག་མར་དུས་དེ་རིང་ལ་འཆར་འགོད་ཡག་པོ་ཞིག་བྱ་དགོས། རེ་འདུན། 1.སློབ་གྲོགས་ཚོས་གོང་གི་དཔྱད་གཞི་གཞིར་བཟུང་ནས། དེ་རིང་གི་མཐོང་ཐོས་མྱོང་གསུམ་དང་བློ་བསྐྱེད། དམ་བཅའ་སོགས་རེ་རེ་བཞིན་ཕྲིས་དང་། ང་ཚོར་ཤེས་འདོད་ཆེ། 2.སྤོབས་པ་ཆེར་བསྐྱེད་སྒོས་རང་ཉིད་ལ་བྱང་ཆ་ཡོད་པའི་རྩོམ་ལུས་བདམས་ཏེ་རྩོམ་ཡིག་ཕྲིས། 3.བཤུ་འབྲི་ནི་སྤྱོད་ངན་ཞིག་ཡིན་པས། གཞན་གྱི་རྩོམ་ཡིག་ཇི་བཞིན་དུ་བཤུ་འབྲི་བྱ་མི་རུང་། 4.འགྲན་རྩོམ་གྱི་ཡིག་འབྲུ་ཆེས་མང་ནའང1300ལས་བརྒལ་མི་རུང་།
གངས་རྩེ་རྟཊ་མའི་རྩོམ་ཡིག་འགྲན་སྡུར་སྐབས་དྲུག་པ་སྤེལ་བའི་གསལ་བརྡ།
ཡོང་ཁུངས། : སྤེལ་དུས། : 2017-09-30 10:07:54
རྩོམ་སྒྲིག་པ། : admin