སློབ་གསོ་པུའུ་ཡི་དྲ་ཚིགས་ཀྱིས་ཟླ7པའི་ཚེས31ཉིན་ཁྱབ་བསྒྲགས་བྱས་པའི་བརྡ་སྦྱོར་ཞིག་ལྟར་ན།ད་ལོར་གོམ་གང་མདུན་སྤོས་ཀྱིས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཐོབ་ཐང་རྒྱུགས་ལེན་དང་དུས་བཅད་ཐོ་འགོད་བཅོས་བསྒྱུར་ཚོད་ལྟའི་ས་གནས་ཁྱབ་ཁོངས་ཇེ་ཆེར་བཏང་ཞིང་།ཀྲེ་ཅང་དང་ཧུའུ་པེ་སོགས་ཞིང་ཆེན་15 ( ལྗོངས་སམ་གྲོང་ཁྱེར)་ཡི་ཚོད་ལྟའི་ས་གནས་རྨང་གཞིའི་སྟེང་ཞིང་ཆེན་13 (ལྗོངས་སམ་གྲོང་ཁྱེར)་གྱི་ཚོད་ལྟའི་ས་གནས་གསར་དུ་བསྣན།
དེའི་ཁྲོད་པེ་ཅིན་དང་ཅང་ཞིས།ཧུའུ་ནན།ཧོ་ནན།ཀན་སུའུ།མཚོ་སྔོན།ཉིན་ཞ་སོགས་ཞིང་ཆེན7(ལྗོངས་སམ་གྲོང་ཁྱེར)་ནི2015ལོའི་སྟོན་དུས་འགོ་རྩོམ་པའི་བཅོས་བསྒྱུར་ཚོད་ལྟའི་ས་གནས་སུ་གཏན་ཁེལ་བྱས་ཤིང་།ཐེན་ཅིན་དང་ལའོ་ཉིན།ཧེ་ལུང་ཅང་།ཀུང་ཏུང་།ཁྲོན་ཆིན།ཡོན་ནན་སོགས་ཞིང་ཆེན6(ལྗོངས་སམ་གྲོང་ཁྱེར)་2016ལོའི་དཔྱིད་དུས་འགོ་རྩོམ་པའི་བཅོས་བསྒྱུར་ཚོད་ལྟའི་ས་གནས་སུ་གཏན་ཁེལ་བྱས།གསར་བསྣན་ཚོད་ལྟའི་ས་གནས་ཀྱི་ཞིང་ཆེན་གྱིས་རྩ་དོན་སྟེང་ས་གནས་རིམ་པའི་གྲོང་ཁྱེར་གཅིག་ནས་གཉིས་གདམ་སྟེ་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཐོབ་ཐང་དུས་བཅད་ཐོ་འགོད་ཚོད་ལྟ་སྤེལ་དགོས།
རྒྱུས་ལོན་པ་ལྟར་ན། རང་རྒྱལ་དུ་དགེ་རྒན་ཐོབ་ཐང་དཔང་ཡིག་ལེན་ཐབས་ལ་རྣམ་པ་གཉིས་ཡོད་དེ།གཅིག་ཏུ་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་རྒྱུགས་ལ་ཞུགས་ཏེ་ལེན་པ།གཉིས་ནི་ས་གནས་རང་བདག་རྒྱུགས་ལ་ཞུགས་ཏེ་ལེན་པ་བཅས་ཡིན།གཉིས་ཀའི་རྒྱུགས་ལེན་གྱི་ཁོངས་སུ་ཡིག་རྒྱུགས་ངད་ཁ་རྒྱུགས་གཉིས་འདུ།2015ལོར།ཇུས་འགོད་ལྟར་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་དགེ་རྒན་ཐོབ་ཐང་ལེན་པར་རྒྱལ་ཡོངས་གཅིག་གྱུར་རྒྱུགས་ལ་ཞུགས་པར་སྐུལ་འདེད་བཏང་སྟེ།དགེ་རྒན་ལས་ཞུགས་ཀྱི་སྐས་རིམ་ཇེ་མཐོར་བཏང་བར་མ་ཟད།དགེ་རྒན་ཐོབ་ཐང་གི་ཚེ་གང་ལམ་ལུགས་གཏོར་ནས་དུས་བཅས་ཐོ་འགོད་སྒྲིག་ལམ་ལག་ཏུ་བསྟར་རྒྱུ་རེད།ཚོད་ལྟའི་ས་གནས་ནང་ཁུལ་དུ་དགེ་རྒན་ཐོབ་ཐང་རྒྱུགས་ལེན་ནུས་ཡོད་དུས་ཡུན་ནི་ལོ་གསུམ་ཡིན་ཞིང་།དགེ་རྒན་ཐོབ་ཐང་དཔང་ཡིག་ངེས་པར་ལོ་ལྔ་རེར་ཐོ་འགོད་ཐེངས་ཤིག་བྱ་དགོས།བཅོས་བསྒྱུར་བྱས་རྗེས་དགེ་ཐོན་སློབ་མ་དང་དགེ་ཐོན་མ་ཡིན་པའི་སློབ་མའི་རིགས་མི་དགར་ལ།དགེ་ཐོན་མཐར་ཕྱིན་སློབ་མར་ཐད་ཀར་དགེ་རྒན་ཐོབ་ཐང་ཡོད་པར་ངོས་མི་འཛིན། གལ་ཏེ་དགེ་རྒན་བྱ་འདོད་ཚེ་ངེས་པར་རྒྱལ་ཁབ་ཀྱི་གཅིག་གྱུར་རྒྱུགས་ལ་ཞུགས་རྗེས་དགེ་རྒན་ཐོབ་ཐང་དཔང་ཡིག་རེ་ཞུ་བྱ་ཆོག སློབ་གྲྭ་རུ་སློབ་གཉེར་བྱེད་བཞིན་པའི་ཆེད་སྦྱོང་སློབ་རིམ་གཉིས་པ་དང་གསུམ་པ།དངོས་གཞིའི་སློབ་རིམ་གསུམ་པ་དང་བཞི་བའི་སློབ་མས་ད་གཟོད་མིང་ཐོ་བཀོད་དེ་རྒྱུགས་ལ་ཞུགས་ཆོག
༄༅༎ སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་ཐོབ་ཐང་དཔང་ཡིག་ལོ་ལྔ་རེར་བསྐྱར་དུ་ཐོ་འགོད་བྱ་དགོས་པ།
ཡོང་ཁུངས། : ཁྲིམས་ལུགས་ཚགས་པར། སྤེལ་དུས། : 2015-08-29 15:28:06
རྩོམ་སྒྲིག་པ། : lalong1985