རེབ་འདིའི་མཚོ་སྔོན་ཞིང་ཆེན་གྱི་ན་ཆུང་གཞོན་ནུའི་རིག་གནས་སྒྱུ་རྩལ་དུས་ཆེན་ལ་ཁུལ་དྲུག་དང་གྲོང་ཁྱེར་གཉིས་ཀྱི་ལོ་ཆུང་གཞོན་ནུ་མང་པོ་ཞུགས་ཡོད་ཅིང་། འགྲན་བསྡུར་གྱི་རྣམ་གྲངས་ལ་ཆུ་ཚོན་རི་མོ་དང་། ཞབས་བྲོ་འགྲན་བསྡུར། གླུ་དབྱངས། རོལ་ཆས་སྣ་ཚོགས་ཀྱི་འགྲན་བསྡུར། རི་མོ་དང་ཡིག་གཟུགས་འགྲན་བསྡུར། རྩོམ་ཡིག་འགྲན་བསྡུར། གཏམ་རྒྱུད་འགྲན་བསྡུར་སོགས་རིགས་མང་པོ་བགར་ཡོད་ལ། ལོ་ཆུང་བྱིས་པ་ཚོའི་ལོ་ཚོད་དང་བསྟུན་ནས་རིམ་པ་བཞི་རུ་བགོས་ཡོད་པ་མ་ཟད། ཐོག་མའི་འགྲན་བསྡུར་དང་རྟིང་རྩོད་འགྲན་བསྡུར་གྱི་རིམ་པ་གཉིས་བརྒྱུད་ནས་དཔྱད་འཇོག་བྱེད་པའི་སྒྲིག་སྲོལ་གཏན་འབེབས་བྱས་ཡོད། ཉིན་འདི་དག་གི་རིང་དུ་འབྲེལ་ཡོད་རྩ་འཛུགས་པའི་འགྲན་ཁུལ་སོ་སོའི་བཀོད་སྒྲིག་ལྟར་དུ་རིམ་པ་ཡོད་ཅིང་ཞིབ་ཚགས་ལྡན་ལ། དྲང་བདེན་ཡིན་ཞིང་གཟབ་ནན་ཡིན་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ་བརྩམས་ཆོས་རེ་རེ་ལེགས་བདམས་བྱས་པ་རེད། མཚོ་སྔོན་ཞིང་ཆེན་གཙོ་སྒྲུབ་ལས་ཁུངས་དག་གིས་གཟའ་འཁོར་གཅིག་ལྷག་གི་རབས་དང་རིམ་པའི་དཔྱད་བསྡུར་གང་མང་བརྒྱུད། སྡེ་ཁག་དང་སློབ་གྲྭ་སོ་སོར་ཨང་དང་པོ་དང་ཨང་གཉིས་པ། ཨང་གསུམ་པ། ཕུལ་བྱུང་བྱ་དགའ། མཛུབ་ཁྲིད་དགེ་རྒན་སོགས་ཀྱི་བྱ་དགའི་རྣམ་གྲངས་མང་པོ་སྒྲིག་འཛུགས་བྱས། འགྲན་བསྡུར་གྱི་ཆེས་མཐའ་མཇུག་ཉིན་ཏེ་ཟླ་འདིའི་ཚེས་དྲུག་ཉིན་གྱི་ཕྱི་དྲོར། མཚོ་སྔོན་མགྲོན་ཁང་གི་ཚོམས་ཁང་དུ་རིག་རྩལ་གྱ་ནོམ་པ་ཀུན་གྱི་གཟིགས་མོར་བཀྲམ་པ་དང་སྦྲགས་མཇུག་བསྡུའི་མཛད་སྒོ་བསྡུས་ཏེ་འགྲན་བསྡུར་གྱི་རྣམ་གྲངས་རེ་རེ་བྱ་དགའི་མཐོ་དམའ་ལྟར་དུ་ཐུན་མོང་དང་མི་སྒེར་ལ་གཟིགས་བཟོས་དངོས་པོ་དང་དཔང་ཡིག་གི་བྱ་དགའ་གནང་བ་རེད། དགའ་འོས་པ་ཞིག་ལ་ངེད་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་བོད་རིགས་ཀྱི་ཞབས་བྲོ《གངས་ལྗོངས་ཀྱི་རྣམ་ཤེས》ཞེས་པར་ཨང་དང་པོའི་བྱ་དགའ་རྟགས་མ་དང་སློབ་གྲོགས་རེ་འགའི་རྩོམ་ཡིག་ལའང་ཕུལ་བྱུང་གི་བྱ་དགའ་ཡང་ཐོབ་ཡོད།
མཚོ་སྔོན་ཞིང་ཆེན་ན་ཆུང་གཞོན་ནུའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་ཟི་ལིང་དུ་འཚོགས་པ།
གོས་ཀྱིས་བརྒྱན་པའི་འགྲན་ཞུགས་པ།
གར་ལ་རེམ་པའི་སྟག་ཤར་གྱི་ཚོགས།
ཞབས་བྲོ་འགྲན་བསྡུར་གྱི་ཡུལ་དངོས།
རྩོམ་ཡིག་འགྲན་བསྡུར་གྱི་ཡུལ་དངོས།
བྱ་དགའི་རྟགས་མ།
ལོ་ཆུང་གཞོན་ནུ་ནི་མ་འོངས་པའི་རེ་བ་འཆའ་ས་ཡིན་ལ། སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་སྐུལ་འདེད་གཏོང་བའི་རྨང་གཞི་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གཙོ་བོའང་ཡིན། ན་ཆུང་གཞོན་ནུའི་རིག་གནས་གསོ་སྦྱོང་གིས་ཐད་ཀར་དུ་རིག་གནས་དང་དཔལ་འབྱོར། བསམ་བློ་ཆབ་སྲིད་སོགས་མངོན་པར་མཚོན་ཐུབ་པས། ན་ཆུང་གཞོན་ནུའི་རྨང་གཞི་སྲ་བརྟན་དང་ཕུགས་བསམ་མངོན་འགྱུར། རང་རྟོགས་སྐྱེད་སྲིང་ལ་ནུས་པ་གལ་ཆེན་ཐོན་དུ་འཇུག་རྒྱུ་ནི་ཐེངས་འདིའི་རིག་གནས་སྒྱུ་རྩལ་དུས་ཆེན་གྱི་དམིགས་ཡུལ་ཡིན་ནོ།།
མཚོ་སྔོན་ཞིང་ཆེན་ན་ཆུང་གཞོན་ནུའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་ཟི་ལིང་དུ་འཚོགས་པ།
ཡོང་ཁུངས། : མཚོ་སྔོན་པོ་དྲ་བ། སྤེལ་དུས། : 2016-11-08 15:48:09
སྤྱི་ཟླ10བའི་ཚེས29ནས་སྤྱི་ཟླ11པའི་ཚེས6བར་དུ་མཚོ་སྔོན་ཞིང་ཆེན་གུང་གཞོན་ཚོགས་པས་གཙོ་སྒྲུབ་མཛད་པ་དང་། ཞིང་ཆེན་ཨུ་ཡོན་གཞུང་སྒྲུབ་ཐིན་ལས་ཁུངས་བཅུ་བདུན་ལྷག་གིས་མཉམ་སྒྲུབ། མཚོ་སྔོན་ཞིང་ཆེན་ན་ཆུང་གཞོན་ནུ་བྱ་འགུལ་ལྟེ་གནས་ཀྱིས་རོགས་སྒྲུབ་མཛད་དེ། དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར་བརྒྱད་ཅུ་ལོན་པ་དང་མཚོ་སྔོན་ཞིང་ཆེན་ན་ཆུང་གཞོན་ནུའི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་མཚོ་སྔོན་ཟི་ལིང་དུ་གཟབ་རྒྱས་ངང་ཚོགས། མཛད་སྒོའི་ཚོགས་ཐོག་ཏུ་ཞིང་ཆེན་གུང་གཞོན་ཚོགས་པ་དང་ཞིང་ཆེན་ན་ཆུང་གཞོན་ནུ་བྱ་འགུལ་ལྟེ་གནས་ཀྱི་འབྲེལ་ཡོད་མགོ་ཁྲིད་ཞུགས་ཡོད་ཅིང་མི་རིགས་སོ་སོའི་ཁྱད་ཆོས་དོད་པའི་གླུ་གར་གཞས་གསུམ་གྱི་རྩེད་མོ་སྣ་ཚོགས་པ་ཞིག་གིས་ཀུན་ནས་བསུས་ཏེ་དུས་ཆེན་གྱི་ཡོལ་རས་ཕྱེས།
རྩོམ་སྒྲིག་པ། : lalong1985