མཚོ་ལྷོ་ཁུལ་གྱི་སྐད་གཉིས་སློབ་ཁྲིད་རྣམ་བསྒྱུར་སྤུས་འདེགས་བཟོ་བཀོད་དེ“སློབ་ཁྲིད་བཅོས་བསྒྱུར་གྱི་དོན་ཚན་བཅུའི”འབྲེལ་ཡོད་གནས་ཚུལ་ཐད་ནས་གསར་འགོད་པའི་དྲི་བར་ལན་བཏབ་པ།
ཅུའུ་ཀྲང་འཇམ་དབྱངས་ཆོས་རྒྱལ།
དྲི་བ། རྣམ་བསྒྱུར་སྤུས་འདེགས་བཟོ་བཀོད་བརྒྱུད་ནས། ཅི་ལྟར་སྔར་ལས་ལྷག་པའི་སྒོ་ནས་སྐད་གཉིས་སློབ་ཁྲིད་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། སྐད་གཉིས་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་འདེགས་དགོས།
ལན། གནད་དོན་འདི་ལ་ང་ཚོར་ཕྱོགས་བཞིའི་བསམ་ཚུལ་ཡོད་དེ། གཅིག་ནས་སློབ་སྔོན་སྐབས་ཀྱི་སྐད་གཉིས་སློབ་ཁྲིད་ལ་བརྩི་མཐོང་བླ་ལྷག་བྱེད་པ།སློབ་སྔོན་གྱི་སྐད་གཉིས་སློབ་ཁྲིད་དེ་ངེས་པར་དུ་སྐད་གཉིས་སློབ་ཁྲིད་བཅོས་བསྒྱུར་དང་འཕེལ་རྒྱས་གཏོང་བའི་གཞི་རྩའི་བྱ་བར་འཇོག་དགོས་པ་དང་། སྐད་གཉིས་སློབ་ཁྲིད་ཀྱི་སློབ་སྔོན་ནས་འགོ་རྩོམ་ཞིང་བྱིས་པ་ནས་འཛིན་དགོས་པའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སློབ་སྔོན་སྐད་གཉིས་སློབ་ཁྲིད་ཀྱི་དཔེ་སྟོན་ས་ཁུལ་ཧུར་བརྩོན་གྱིས་བསྐྲུན་དགོས། ཁུལ་ཡོངས་ཀྱི་མི་རིགས་བྱིས་སྐྱོང་ཁང་ཡོངས་རྫོགས་ནས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ཁ་བརྡའི་དགའ་ཕྱོགས་སློབ་ཁྲིད་འཛུགས་པ་དང་། བྱིས་པ་རྣམས་ལ་རང་གི་ཕ་སྐད་ཤེས་པའི་རྨང་གཞིའི་ཐོག་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་བརྡ་སྦྱང་དུ་བཅུག་ནས་སློབ་སྔོན་ལོ་གསུམ་གྱི་རིང་ལ་མི་རིགས་བྱིས་པའི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་སྟེང་ནས་ཁ་བརྡ་བྱེད་པའི་གནད་དོན་ཕལ་ཆེར་སེལ་དགོས། བོད་རིགས་སློབ་མ་ཅུང་མང་བའི་མཁར་གྲོང་བྱིས་སྐྱོང་ཁང་དཀྱུས་མ་ནས་བོད་སྐད་ཀྱི་ཁ་བརྡའི་དགའ་ཕྱོགས་སློབ་ཁྲིད་བཙུགས་ནས་སྐད་གཉིས་སློབ་ཁྲིད་གཉི་གར་ཤུགས་སྣོན་དང་གཉི་ག་མཐོར་འདེགས་ཡོང་བའི་སློབ་སྦྱོང་གི་ཁོར་ཡུག་དང་ཆ་རྐྱེན་བསྐྲུན་དགོས། གཉིས་ནས་གོམ་སྟབས་བརྟན་པོས་སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་རྣམ་པ་ལེགས་བསྒྱུར་བྱེད་པ།སློབ་ཁྲིད་ཀྱི་རྣམ་པ་འདེམས་སྤྱོད་བྱེད་པར། ས་གནས་དེ་གའི་སྐད་ཆའི་ཁོར་ཡུག་དང་། དེ་མིན་སློབ་མའི་སྐད་ཆའི་རྨང་གཞི་རྒྱབ་རྟེན་བྱས་ཐོག སློབ་གྲྭ་དེ་གའི་དགེ་རྒན་གྱི་ཆེད་ལས་གྲུབ་སྟངས་ལ་སོགས་པའི་ཕྱོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་ཀྱིས་བསམ་བློ་གཏོང་དགོས་ལ། ངེས་པར་དུ་སློབ་མའི་སློབ་སྦྱོང་གི་ནུས་པ་དང་འཚམ་པ་དང་། སློབ་མའི་རིག་ཚན་ཁག་གི་སྦྱངས་འབྲས་དང་ལྷག་པར་དུ་རྩིས་དངོས་རྫས་གསུམ་གྱི་སྦྱངས་འབྲས་མཐོར་འདེགས་གཏོང་བར་ཕན་ཞིང་། སློབ་མའི་སློབ་འཕར་ལས་ཞུགས་དང་ཡུན་རིང་འཕེལ་རྒྱས་ལ་ཕན་པ་དམིགས་འབེན་དུ་བཟུང་ཐོག སློབ་མ་དང་ཁྱིམ་བདག་གིས་ཚན་རིག་དང་མཐུན་པའི་སྒོ་ནས་སློབ་ཁྲིད་བྱེད་སྟངས་འདེམས་པར་སྣེ་སྟོན་ཡང་དག་བྱེད་དགོས། རོང་འབྲོག་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་གིས་ཆ་རྐྱེན་གང་བཟང་བསྐྲུན་ནས་སྔོན་ཆད་ཀྱི“གཅིག་གཅོད”ཀྱི་བྱེད་ཐབས་མི་སྤྱོད་པར་ལོ་རིམ་གཅིག་གི་ནང་དུ་ཁྲིད་སྟངས་གཉིས་ཀ་སྤྱོད་པའི་འཛིན་གྲྭ་འཛུགས་པ་དང་། ལོ་རིམ་གཅིག་གི་ནང་དུ་རྣམ་པ་གཉི་ག་ཡོད་པའི་འཛིན་གྲྭ་བཙུགས་ནས་སློབ་མས་རང་ཉིད་དང་འཚམ་པའི་སློབ་ཁྲིད་བྱེད་སྟངས་འདེམས་པར་ཆ་རྐྱེན་བསྐྲུན་དགོས། རང་ཁུལ་གྱི་མི་རིགས་སློབ་མས་མི་རིགས་སློབ་ཆེན་ལ་མཐོ་རྒྱུགས་སྤྲོད་པའི་སློབ་བསྡུའི་དགེ་མཚན་མུ་མཐུད་དུ་རྒྱུན་སྲུང་བྱེད་པའི་མཚུངས་སུ། མི་རིགས་མཐོ་འབྲིང་སློབ་མས་ཞིང་ཆེན་ཕྱི་ནང་གི་སློབ་ཆེན་དཀྱུས་མར་རྒྱུགས་སྤྲོད་པར་སྐུལ་མ་དང་སྣེ་ཁྲིད་བྱས་ནས། མི་རིགས་སློབ་གྲྭའི་སློབ་མ་རྣམས་སྔར་ལས་ཁྱབ་རྒྱ་ཆེ་བའི་ཆེད་ལས་དང་བསླབ་ཚན་མངའ་ཁོངས་སུ་མཆེད་ཐུབ་པའི་དགོས་མཁོ་སྐོང་ཅི་ཐུབ་བྱེད་དགོས།གསུམ་ནས་བོད་སྐད་ཡིག་གི་སློབ་ཁྲིད་ཐབས་ལམ་གསར་གཏོད་བྱ་བར་དངོས་གནས་དམ་འཛིན་བྱེད་པ། ད་ལྟའི་མི་རིགས་སློབ་གྲྭའི་སློབ་ཁྲིད་བྱ་བའི་སྤུས་ཚད་ཞན་པའི་གནད་དོན་ལ་ཟུང་འབྲེལ་བྱས་ཐོག རྣམ་པ་གསར་བའི་སློབ་ཁང་སློབ་ཁྲིད་ཀྱི་ཐབས་ལམ་འཚོལ་ཞིབ་བྱེད་པར་སྐུལ་མ་དང་། སློབ་ཁྲིད་བྱེད་ཐབས་ལེགས་བཅོས་བཅས་བྱས་ཏེ། བོད་སྐད་ཡིག་གི་སློབ་ཁྲིད་ཆུ་ཚད་མཐོར་འདེགས་ཆེན་པོ་ཡོང་བར་བྱེད་དགོས། བོད་ཡིག་དགེ་རྒན་བཀོད་སྒྲིག་གང་ལེགས་བྱེད་པའི་ཞོར་ལ། མི་རིགས་སློབ་འབྲིང་སོ་སོས་བོད་སྐད་ཡིག་གི་རྨང་གཞི་བརྟན་ཞིང་སྐྱེད་སྲིང་གི་མདུན་ལམ་ངེས་ཅན་ཡོད་པའི་སློབ་མར་དམིགས་ནས“བོད་ཡིག་སྤུས་ལེགས་སློབ་ཁྲིད་ཀྱི་ཚོད་ལྟའི་འཛིན་གྲྭ”བསྒྲུབ་ཆོག རྐང་འཛིན་དགེ་རྒན་བཀོད་སྒྲིག་བྱེད་པ་དང་། བོད་ཡིག་སློབ་ཚན་གྱི་ནང་དོན་རྒྱ་སྐྱེད་པ་ལ་སོགས་པའི་བྱེད་ཐབས་གཙོ་གནད་དུ་བཟུང་ནས་མི་རིགས་སློབ་ཆེན་ཁག་ལ་ཕུལ་བྱུང་ཤེས་ལྡན་པ་སྐྱེལ་ཞུགས་བཅས་བྱས་ཏེ། བོད་ཀྱི་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་སུ་གཏོང་བའི་ཕྱོགས་ལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས། སློབ་གྲྭ་དཀྱུས་མ་ཁག་ནས་མུ་མཐུད་དུ་བོད་སྐད་ཡིག་གི་དགའ་ཕྱོགས་ཞོར་སྦྱོང་འཛིན་གྲྭ་བཙུགས་ནས། སློབ་གྲྭ་དཀྱུས་མའི་རིགས་སོ་སོའི་སློབ་མས་བོད་ཡིག་སློབ་འདོད་ཀྱི་རེ་བ་སྐོང་ཐབས་བྱེད་པ་དང་། བོད་ཀྱི་སྐད་ཡིག་ལ་ཆ་རྒྱུས་ཡོད་ཅིང་བོད་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་གོང་སྤེལ་ལ་ཞབས་འདེགས་ཞུ་ཐུབ་པའི་མི་རིགས་ཁག་གི་ཤེས་ལྡན་པ་སྐོར་ཞིག་སྐྱེད་སྲིང་བྱེད་པར་རྨང་གཞི་འདིང་དགོས། བཞི་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་སློབ་ཁྲིད་བྱ་བར་ཕྱོགས་ཡོངས་ནས་ཤུགས་སྣོན་བྱེད་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་ཁྲིད་བྱ་བར་སྔར་ལས་ལྷག་པའི་སྒོ་ནས་མཐོང་ཆེན་དང་ཤུགས་སྣོན་པའི་མཛུབ་སྟོན་བསམ་བློ་དང་སློབ་གསོའི་འདུ་ཤེས་ལ་ཕྱོགས་ཡོངས་ནས་གོམས་པར་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་མི་རིགས་སློབ་གྲྭའི་སློབ་མའི་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་སློབ་ཁྲིད་བྱ་བའི་ཞིབ་འཇུག་ལ་ཤུགས་སྣོན་བྱས་ཐོག སྐད་གཉིས་སློབ་ཁྲིད་ཀྱི་ཆོས་ཉིད་ལ་བརྩི་འཇོག་བྱས་ཏེ་ཉམས་མྱོང་སྤྱི་བསྡོམས་བྱེད་པ་དང་། “ཉན་བཤད་ཀློག་འབྲི”བཞི་ལ་དམིགས་ནས་མི་རིགས་སློབ་མས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་པའི་གོ་རིམ་ཁྲོད་ཀྱི་དཀའ་གནད་དང་དོགས་གནད་ཁོང་དུ་ཆུད་པར་བྱས་ཏེ། ཚན་རིག་དང་མཐུན་ཞིང་ཕན་ནུས་ལྡན་པའི་སློབ་ཁྲིད་མ་ལག་དང་སློབ་ཁྲིད་བྱེད་ཐབས་ཆ་ཚང་ཞིག་ཆགས་ཐུབ་པར་བྱེད་དགོས། སྐད་ཆའི་ཁོར་ཡུག་བཟང་བོ་ཧུར་བརྩོན་གྱིས་བསྐྲུན་ཐབས་བྱས་ཐོག སྐད་གཉིས་སློབ་ཁྲིད་གླེང་སྟེགས་དང་། བྱིས་པའི་སྐད་གཉིས་ཁ་སྐད་འགྲན་སྡུར། སྐད་གཉིས་དགེ་རྒན་གྱི་སློབ་ཁྲིད་ནུས་རྩལ་འགྲན་སྡུར་ལ་སོགས་པའི་བྱ་འགུལ་འཐུས་ཚང་གཏིང་ཟབ་ཏུ་སྤེལ་བ་དང་། ལྷག་པར་དུ་སློབ་ར་དང་། སློབ་ཁང་། ཟ་ཁང་བཅས་ཀྱི“སྐད་ཆའི་ཁོར་ཡུག”གི་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་དགོས་པ་དང་། རྒྱ་ཆེའི་དགེ་རྒན་དང་སློབ་མའི་སྐད་ཡིག་གཉིས་ཀྱི་སློབ་སྦྱོང་ལ་སེམས་ཁུར་དང་། རྒྱབ་སྐྱོར། ཟབ་ཞུགས་བཅས་བྱེད་པའི་ཧུར་སེམས་ལ་སྐུལ་སྤེལ་གང་ལེགས་བྱས་ཏེ། སྐད་གཉིས་སློབ་སྦྱོང་གི་རྣམ་པ་བཟང་བོ་སྒོ་ཀུན་ནས་བསྐྲུན་ཐབས་བྱེད་དགོས།
དྲི་བ། ཅི་ལྟར་སྔར་ལས་ལྷག་པར་སློབ་གསོ་སློབ་ཁྲིད་བྱ་བ“རིག་ཚན་གཙོ་ཞིང་རྩིས་ཚན་ཕལ་བར་འཇོག་པའི་རྣམ་པ”ནས་རྩིས་ཚན་སློབ་ཁྲིད་ལ་ཤུགས་བསྣན་དེ“རིག་རྩིས་མཉམ་གཙོའི་རྣམ་པའི”ཕྱོགས་སུ་འཁོར་བར་སྐུལ་འདེད་གཏོང་དགོས།
ལན། འདི་ནི་ང་ཚོས་མི་རིགས་སློབ་གྲྭར་བསླབ་ཚན་གྱི་སྦྱངས་འབྲས་དོ་མཉམ་མིན་པའི་གནད་དོན་ལ་དམིགས་ནས་བཏོན་པ་ཡིན་ཏེ། གཅིག་ནས“ཆབ་སྲིད་དང་། ལོ་རྒྱུས། ས་རྒྱུས”བཅས་བསླབ་ཚན་གསུམ་གྱི་སློབ་ཁྲིད་ཆུ་ཚད་མཐོར་འདེགས་གཏོང་བ། ད་ལྟའི་མི་རིགས་སློབ་གྲྭའི“ཆབ་སྲིད་དང་། ལོ་རྒྱུས། ས་རྒྱུས”བཅས་བསླབ་ཚན་གསུམ་གྱི་སློབ་ཁྲིད་སྤུས་ཚད་ཞན་པའི་དོན་དངོས་ལ་དམིགས་ནས། རིམ་པ་སོ་སོའི་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་མི་རིགས་དམའ་འབྲིང་དང་མཐོ་འབྲིང་ཁག་གིས་གནད་འགག་དམ་འཛིན་དང་། ཞན་ཆར་ཁ་གསབ་བྱེད་པའི་བླང་བྱ་ལྟར། “ཆབ་སྲིད་དང་། ལོ་རྒྱུས། ས་རྒྱུས”བཅས་བསླབ་ཚན་གསུམ་གྱི་སློབ་ཁྲིད་བྱ་བ་ལེགས་བཅོས་བྱས་ཏེ་ཚད་ལྡན་དུ་གཏོང་རྒྱུ་དེ། མི་རིགས་སློབ་གསོའི་སྤུས་ཚད་མཐོར་འདེགས་དང་ཚན་ལྡན་སློབ་མ་སྐྱེད་སྲིང་བྱེད་པའི་ལས་འགན་གཙོ་བོར་བཟུང་ནས་འཛིན་དགོས། “ཆབ་སྲིད་དང་། ལོ་རྒྱུས། ས་རྒྱུས”བཅས་བསླབ་ཚན་གསུམ་གྱི་ཆེད་ལས་དགེ་རྒན་ནང་འདྲེན་དང་སྐྱེད་སྲིང་བྱེད་པ་ནས་འགོ་བརྩམས་ཏེ། “ཆབ་སྲིད་དང་། ལོ་རྒྱུས། ས་རྒྱུས”བཅས་བསླབ་ཚན་གསུམ་གྱི་སློབ་ཁྲིད་བྱ་བའི་ལྟ་སྐུལ་དོ་དམ་དང་དཔྱད་ཞིབ་གདེང་འཇོག་ལ་དངོས་གནས་ཤུགས་སྣོན་པ་དང་། “ཆབ་སྲིད་དང་། ལོ་རྒྱུས། ས་རྒྱུས”བཅས་བསླབ་ཚན་གསུམ་གྱི་སློབ་ཁྲིད་བྱ་བའི་ཁྲོད་ཀྱི་དགེ་རྒན་གྱི་ཆེད་ལས་ཐོ་མི་ཐུག་པ་དང་། ཆེད་ལས་རིག་ཚན་གྱི་ཤེས་བྱས་མི་འདང་བ། དེ་མིན་བསླབ་གཞི་དང་སློབ་ཁང་སློབ་ཁྲིད་ལ་ཁ་ལོ་བསྒྱུར་དཀའ་བ་བཅས་གནད་དོན་འབུར་ཐོན་གྱི་སྐོར་ཐག་གཅོད་གང་ལེགས་སྒོས། མི་རིགས་སློབ་གྲྭའི“ཆབ་སྲིད་དང་། ལོ་རྒྱུས། ས་རྒྱུས”བཅས་བསླབ་ཚན་གསུམ་གྱི་སློབ་ཁྲིད་བྱ་བ་རྒྱུན་མ་ཆད་པར་ཚད་ལྡན་དུ་བཏང་ནས། མི་རིགས་སློབ་མའི་བསླབ་ཚན་སོ་སོའི་སྦྱངས་འབྲས་ཕྱོགས་ཡོངས་ནས་ཇེ་ལེགས་སུ་གཏོང་དགོས། གཉིས་ནས“རྩིས་དངོས་རྫས”གསུམ་གྱི་སློབ་ཁྲིད་བྱ་བར་དངོས་གནས་ཤུགས་སྣོན་བྱེད་པ། རྒྱལ་ཁབ་དང་ཞིང་ཆེན་གྱིས་ཧུར་བརྩོན་སྒོས་མཐོ་རིམ་སློབ་གསོའི་གྲུབ་ཚུལ་ལེགས་སྒྲིག་དང་། བཀོལ་སྤྱོལ་རྣམ་པའི་ཆེད་ལས་རིག་ཚན་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ། རང་བྱུང་དང་བཟོ་སྐྲུན་རིག་པའི་སྐོར་གྱི་སློབ་མ་བསྡུ་བའི་བསྡུར་གྲངས་ཆེ་རུ་གཏོང་བ་བཅས་ཀྱི་སློབ་གསོ་འཕེལ་རྒྱས་ཀྱི་གནས་བབ་གསར་བར་བསྟུན་ཅི་ཐུབ་བྱས་ཐོག མི་རིགས་སློབ་གྲྭའི“རྩིས་དངོས་རྫས”གསུམ་གྱི་སློབ་ཁྲིད་སྤུས་ཚད་དམའ་དྲགས་པའི་གནད་དོན་ལ་དམིགས་ནས། རིམ་པ་སོ་སོའི་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་རིགས་དང་རིམ་པ་མི་འདྲ་བའི་སློབ་གྲྭ་ཁག་གིས“རྩིས་དངོས་རྫས”གསུམ་གྱི་སློབ་ཁྲིད་སྤུས་ཚད་མཐོར་འདེགས་གཏོང་རྒྱུ་དེ་དུས་ཡུན་རིང་བོའི་གཙོ་རྒོལ་དམིགས་འབེན་དང་དཀྱིལ་སྙིང་ལས་འགན་ཞིག་ཏུ་རྩིས་ནས་དམ་འཛིན་བྱེད་པ་དང་། མི་རིགས་སློབ་གྲྭའི་རྩིས་ཚན་སློབ་ཁྲིད་དེ་སློབ་གྲྭའི་སློབ་ཁྲིད་བྱ་བའི་གོ་གནས་གལ་ཆེན་དུ་བཞག་ནས། མི་རིགས་ས་ཁུལ་གྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་གྲྭའི་སློབ་གསོའི་སྤུས་ཚད་མཐོར་འདེགས་གཏོང་བའི་འཆར་གཞི་དང་། བོད་ཁུལ་གྱི་མཐོ་འབྲིང་དཀྱུས་མའི་རྩིས་ཚན་སློབ་ཁྲིད་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བའི་འཆར་གཞི་དང་ཟུང་འབྲེལ་གྱིས་སྤེལ་བ་དང་། མི་རིགས་སློབ་གྲྭའི“རྩིས་དངོས་རྫས”གསུམ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་གི་ལམ་ནས་སྤེལ་བར་རྒྱབ་སྐྱོར་དང་བསྔགས་སྐུལ་བྱ་རྒྱུ་དང་འབྲེལ་རིམ་བཞིན་ལག་བསྟར་བྱེད་དགོས་ཤིང་། དེང་རབས་སློབ་གསོའི་རམ་འདེགས་དཔྱད་གཞི་དང་གྲངས་འཛིན་སློབ་གསོའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱེད་པའི་ཞོར་ལ། བོད་སྐད་ཡིག་གི་རམ་འདེགས་སློབ་ཁྲིད་བྱེད་ཐབས་ལ་བརྟེན་ནས་སློབ་མའི་གོ་སྟོབས་ཀྱི་ནུས་པ་ཇེ་དྲག་ཏུ་བཏང་སྟེ། མི་རིགས་སློབ་གྲྭའི་སློབ་མའི“རྩིས་དངོས་རྫས”གསུམ་གྱི་སྦྱངས་འབྲས་ཇེ་ལེགས་སུ་གཏོང་དགོས། སློབ་གྲྭ་སོ་སོས་རང་སློབ་གྲྭའི་དགེ་སློབ་ཀྱི་དངོས་ཡོད་གནས་ཚུལ་གཞིར་བཟུང་ནས་མི་རིགས་སློབ་གྲྭའི“རྩིས་དངོས་རྫས”གསུམ་གྱི་སློབ་ཁྲིད་སྤུས་ཚད་མཐོར་འདེགས་གཏོང་བའི་འཆར་གཞི་གཏན་འབེབས་དང་ལག་བསྟར་བྱས་ཐོག སྤུས་ཚད་མཐོར་འདེགས་གཏོང་བའི་དཀྱིལ་སྙིང་དེ་ལ་དམིགས་ནས་དངོས་ཡོད་གནས་བབ་ལ་དབྱེ་ཞིང་གཏིང་ཟབ་དང་། བྱ་བའི་དམིགས་འབེན་ངེས་གསལ། སློབ་ཁྲིད་འཆར་གཞི་དངོས་འབེབས་བཅས་བྱེད་པ་དང་། རྩིས་ཚན་སློབ་ཁྲིད་སྤུས་ཚད་ཐད་ཀྱི་ལྟ་སྐུལ་ཚོད་འཛིན་སྒྲིག་སྲོལ་དང་། དཔྱད་འཇོག་སྒྲིག་སྲོལ་འཐུས་ཚང་དུ་འཛུགས་པ། སློབ་ཁྲིད་གྲ་སྒྲིག་དང་། སློབ་ཁྲིད། བསྐྱར་སྦྱོང་། གསབ་ཁྲིད། རྒྱུགས་ལེན་ལ་སོགས་པའི་རྒྱུན་ལྡན་གྱི་དོ་དམ་བྱ་བར་ཤུགས་སྣོན་ཞིང་། དགེ་རྒན་དང་། སློབ་གཞི། སློབ་ཁང་སློབ་ཁྲིད་ལ་སོགས་པའི་བྱ་རིམ་གལ་ཆེན་དམ་འཛིན་བཅས་བྱས་ཐོག སྙིང་སྟོབས་ཆེན་པོས་གསར་གཏོད་དང་བློ་ཁོག་ཆེན་པོས་འཚོལ་ཞིབ་བཅས་བྱས་ཏེ། དེང་རབས་སློབ་གསོའི་འཕེལ་རྒྱས་ཀྱི་གནས་བབ་དང་འཚམ་པའི་སློབ་ཁྲིད་ཀྱི་རྣམ་པ་གསར་བ་རྒྱུན་མ་ཆད་པར་གསར་གཏོད་བྱེད་དགོས། གསུམ་ནས་སློབ་ཆུང་གི་རང་བྱུང་བསླབ་ཚན་དང་དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་རྫས་དངོས་སྐྱེ་གསུམ་གྱི་ཚོད་ལྟའི་སློབ་ཁྲིད་ལ་ཤུགས་སྣོན་བྱེད་པ། ཁུལ་དང་རྫོང་གི་སློབ་གསོའི་སྲིད་འཛིན་སྡེ་ཁག་དང་སློབ་གྲྭ་སོ་སོས《མཚོ་སྔོན་ཞིང་ཆེན་གྱི་ཚད་གཞི་ལྡན་པའི་སློབ་ཆུང་གི་སློབ་སྒྲུབ་ཚད་གཞི(ཚོད་ལྟ)》དང《མཚོ་སྔོན་ཞིང་ཆེན་གྱི་ཚད་གཞི་ལྡན་པའི་དམའ་རིམ་སློབ་འབྲིང་གི་སློབ་སྒྲུབ་ཚད་གཞི(ཚོད་ལྟ)》། དེ་མིན་ཚད་གཞི་ལྡན་པའི་མཐོ་འབྲིང་དཀྱུས་མའི་སློབ་སྒྲུབ་སྐོར་གྱི་འབྲེལ་ཡོད་བླང་བྱ་ལྟར་སློབ་གྲྭ་ཆུང་འབྲིང་གི་ཚོད་ལྟ་ཁང་ལེགས་པར་བསྐྲུན་ནས། སློབ་ཆུང་གི་རྩིས་ཚན་སློབ་ཁྲིད་དཔྱད་ཆས་དང་། དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་རྩིས་རིག་སློབ་ཁག་སྐོར་གྱི་སློབ་ཁྲིད་དཔྱད་ཆས་ཆ་ཚང་བར་བསྒྲིག་དགོས་ཤིང་། དགོས་མཁོ་ལྟར་ཚོད་ལྟའི་སློབ་ཁྲིད་ཀྱི་ཡོ་བྱད་ཁ་གསབ་བྱེད་དགོས། མི་རིགས་སློབ་གྲྭ་ཆུང་འབྲིང་ཁག་གིས་སྔར་ལས་ལྷག་པའི་སྒོ་ནས་ཚོད་ལྟའི་སློབ་ཁྲིད་ཀྱི་དོ་དམ་ལ་ཤུགས་སྣོན་དང་། སློབ་ཁྲིད་ཀྱི་བླང་བྱ་ལྟར་འབྲེལ་ཡོད་རིག་ཚན་གྱི་ཚོད་ལྟའི་སློབ་ཚན་འདང་ངེས་པ་ཞིག་བཀོད་སྒྲིག་ལེགས་པོ་བྱས་ཐོག ཚོད་ལྟའི་སློབ་ཐུན་ཧུར་བརྩོན་གྱིས་ཇེ་མང་དུ་བཏང་ནས་སློབ་ཁྲིད་ཀྱི་ཕན་འབྲས་གཟེངས་སུ་ཐོན་པར་བྱེད་དགོས། དུས་བཅད་ལྟར་ཚོད་ལྟ་ཁང་གི་བྱ་བ་དང་ཚོད་ལྟའི་སློབ་ཁྲིད་ཀྱི་ཞིབ་བཤེར་དཔྱད་བསྡུར་དང་དཔྱད་ཞིབ་གདེང་འཇོག་གི་བྱ་འགུལ་སྤེལ་ནས། ཚོད་ལྟའི་སློབ་ཁྲིད་བྱ་བ་ཚད་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།
དྲི་བ། རྣམ་བསྒྱུར་སྤུས་འདེགས་བཟོ་བཀོད་བརྒྱུད་ནས། ཅི་ལྟར་མི་རིགས་སློབ་གསོ་དེ“དཀྱུས་མའི་སློབ་གསོ་གཙོ་ཞིང་ལས་རིགས་སློབ་གསོ་ཕལ་བར་འཇོག་པ”ནས་ཉེར་སྤྱོད་ནུས་ལྡན་འཇོན་མི་གསོ་སྐྱོང་བྱེད་པའི“སློབ་གསོ་དཀྱུས་མ་དང་ལས་རིགས་སློབ་གསོ་གཉི་ག་གཙོ་བའི”ཕྱོགས་སུ་བསྒྱུར་དགོས།
ལན། ལས་རིགས་སློབ་གསོ་སྤེལ་བ་ནི་སྤུས་ཚད་མཐོ་བའི་ངལ་རྩོལ་པ་སྐྱེད་སྲིང་བྱེད་པའི་ཐབས་ལམ་གཙོ་བོ་ཞིག་ཡིན་ལ། ང་ཚོས་རྗེས་ཕྱོགས་ངེས་པར་ཤུགས་སྣོན་དགོས་པའི་བྱ་བ་ཞིག་ཀྱང་ཡིན། གཅིག་ནས་ལས་རིགས་སློབ་གསོ་གོང་སྤེལ་དུ་གཏོང་བའི་འདུ་ཤེས་བརྟན་པོ་འཛུགས་པ། ཧུར་བརྩོན་གྱིས་སྐད་གཉིས་སློབ་གསོའི་ཕྱི་ནང་གི་ཁྱབ་སྟངས་རྒྱ་བསྐྱེད་གཏོང་བ་དང་། མི་རིགས་སློབ་གསོའི་ནང་དུ་ལས་རིགས་སློབ་གསོ་འདུས་པ་དང་། ལས་རིགས་སློབ་གསོ་ནི་དེང་རབས་མི་རིགས་སློབ་གསོའི་གལ་ཆེ་བའི་གྲུབ་ཆ་ཡིན་པའི་སློབ་གསོའི་འདུ་ཤེས་བཙུགས་ཐོག ལས་རིགས་སློབ་གསོ་དེ་མི་རིགས་སློབ་གསོ་གོང་སྤེལ་གྱི་སྤྱིའི་འཆར་འགོད་ནང་དུ་བཞག་སྟེ་མཐོང་ཆེན་དང་ཤུགས་སྣོན་བྱེད་དགོས། སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་ཁྲོད་ཀྱི་ནུས་རྩལ་སྐྱེད་སྲིང་ལ་མཐོང་ཆེན་བྱེད་པ་དང་། ཆུང་དུས་ནས་སློབ་མའི་ལས་རིགས་སློབ་གསོའི་ཕྱོགས་ཀྱི་བློ་སྒོ་འབྱེད་ཐབས་བྱས་ཏེ། ལག་རྩལ་ལ་མཐོང་ཆེན་དང་། ལག་ལེན་ལ་མཐོང་ཆེན། གསར་གཏོད་ལ་མཐོང་ཆེན་བཅས་བྱེད་པའི་སློབ་སྦྱོང་གི་འདུ་ཤེས་ཆགས་སུ་བཅུག་སྟེ། ནུས་ཤུགས་ཡོད་རྒུས་མཚོ་ལྷོའི་ལས་རིགས་སློབ་གསོའི་སྐད་གཉིས་སློབ་ཁྲིད་ཀྱི་ཁྱད་ཆོས་བསྐྲུན་དགོས། གཉིས་ནས་མཐོ་འབྲིང་སློབ་གྲྭའི་ནང་དུ་འབྲིང་རིམ་ལས་རིགས་འཛིན་གྲྭ་འཛུགས་པ། མཐོ་འབྲིང་སློབ་གྲྭའི་ནང་དུ་འབྲིང་རིམ་ལས་རིགས་འཛིན་གྲྭ་འཛུགས་པའི་ཐབས་ལམ་ཧུར་བརྩོན་གྱིས་འཚོལ་ཞིབ་བྱེད་པ་དང་། ཁུལ་ལས་རིགས་སློབ་གྲྭ་དང་ཐོན་ཁུངས་མཉམ་སྤྱོད་དང་ལྷན་དུ་གསོ་སྐྱོང་བྱས་ཏེ། རིག་གནས་ཀྱི་བྱང་ཚད་ཅུང་མཐོ་ཞིང་ཆེད་ལས་ལག་རྩལ་ལྡན་པའི་ཉེར་སྤྱོད་རང་བཞིན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས། དམའ་འབྲིང་དང་མཐོ་འབྲིང་སློབ་མས་སློབ་གྲྭ་འདེམ་པའི་སྣེ་ཁྲིད་ལ་ཤུགས་སྣོན་པ་དང་། སློབ་མས་རང་སྟེང་གི་ཁྱད་ཆོས་གཞིར་བཟུང་སྟེ་སློབ་གསོ་དཀྱུས་མའམ་ལས་རིགས་སློབ་གསོ་འདེམ་པར་སྣེ་ཁྲིད་བྱས་ཏེ། ཚན་རིག་དང་ལུགས་མཐུན་སྒོས་སློབ་ཁུངས་དབྱེ་བགོ་བྱེད་དགོས། གསུམ་ནས་མཚོ་ལྷོ་རུ་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། མཚོ་ལྷོར་རྐང་འཛུགས་པ་དང་། མཚོ་སྔོན་གྱི་ཁུལ་དྲུག་ལ་ཁ་ཕྱོགས་པ། ཞིང་ཆེན་བཞིའི་བོད་ཁུལ་ལ་ཁྱབ་འགྱེད་བྱེད་ཐུབ་དགོས་པའི་བླང་བྱ་ལྟར། ཆེད་ལས་སྒྲིག་འཛུགས་ལ་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པ་དང་། ས་གནས་ཀྱི་ཐོན་ལས་སྒྲིག་གཞི་དང་འཚམ་པ། བོད་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་དང་མཐུན་པ་བཅས་ཀྱི་སྒོ་ནས་མཚོ་སྔོན་མཚོ་ལྷོའི་ལས་རིགས་ལག་རྩལ་སློབ་གླིང་ལེགས་པོར་བསྒྲུབ་སྟེ། འཐུས་ཚང་བའི་ལས་རིགས་སློབ་གསོའི་མ་ལག་འབད་པས་བསྐྲུན་པ་དང་། སྤུས་ཚད་མཐོ་བའི་ཉེར་སྤྱོད་ནུས་ལྡན་འཇོན་མི་སྐྱེད་སྲིང་བྱེད་དགོས།
མདོར་ན། སྐད་གཉིས་སློབ་ཁྲིད་རྣམ་བསྒྱུར་སྤུས་འདེགས་བཟོ་བཀོད་ལག་བསྟར་བྱེད་པའི་དམིགས་ཡུལ་ནི་ང་ཚོའི་མི་རིགས་སློབ་གྲྭའི་སློབ་མས་རང་མི་རིགས་ཀྱི་སྐད་དང་ཡི་གེ་ལེགས་པོར་སློབ་པའི་ཞོར་ལ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྦྱོང་བར་མཐོང་ཆེན་བྱས་ནས་མི་རིགས་སློབ་མས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱོད་པའི་ནུས་པ་ཁྱོན་ཡོངས་ནས་མཐོ་རུ་འདེགས་པ། སྐད་གཉིས་སློབ་གསོ་དེ“རིག་ཚན་གཙོ་ཞིང་རྩིས་ཚན་ཕལ་བར་འཇོག་པའི”རྣམ་པ་ནས་རྩིས་ཚན་སློབ་ཁྲིད་ལ་ཤུགས་བསྣན་ཏེ“རིག་རྩིས་མཉམ་གཙོའི”རྣམ་པར་བསྒྱུར་བ་དང་། “དཀྱུས་མའི་སློབ་གསོ་གཙོ་བོ་དང་ལས་རིགས་སློབ་གསོ་ཕལ་བར་འཇོག་པའི”རྣམ་པ་ནས་དངོས་བཀོལ་ནུས་རྩལ་མི་སྣའི་གསོ་སྐྱོང་ལ་ཤུགས་བསྣན་ཏེ“སློབ་གྲྭ་རིགས་གཉིས་མཉམ་གཙོ་ཡིན་པའི”རྣམ་པར་བསྒྱུར་དགོས། ཕྱོགས་ཡོངས་ནས་སློབ་ཁྲིད་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་ནས་སྐད་གཉིས་སློབ་ཁྲིད་ཀྱི་མ་ལག་འཐུས་ཚང་དུ་གཏོང་བ་དང་། སློབ་སྔོན་ནས་མཐོ་འབྲིང་བར་གྱི་སློབ་རིམ་སོ་སོ་མཐུད་འབྲེལ་ཡག་པོ་ཡོང་བར་བྱས་ནས་བསླབ་ཚན་སོ་སོ་ཕན་ཚུན་ནང་འབྲེལ་ཡོང་བ་དང་། སློབ་ཁྲིད་རྣམ་པ་དང་སློབ་མའི་སློབ་སྦྱོང་གི་ནུས་པ་ཕན་ཚུན་འཚམ་པོ་ཡིན་པ། སྐད་གཉིས་སློབ་ཁྲིད་ཀྱི་གདེང་འཇོག་ནང་རྐྱེན་འཐུས་ཚང་ཡིན་པ། དགེ་རྒན་གྱི་དཔུང་ཁག་ཆ་ཚང་ཡིན་པ། སློབ་ཁྲིད་ཐོན་ཁུངས་ཀྱིས་དགོས་མཁོ་སྐོང་ཐུབ་པ་བཅས་ཀྱི་སྐད་གཉིས་སློབ་ཁྲིད་ཀྱི་མ་ལག་འཐུས་ཚང་ཞིག་གྲུབ་པར་བྱས་ནས་མི་རིགས་སློབ་གསོ་དེ་གནས་བབ་གསར་བར་འཚམ་ཞིང་འཕེལ་རྒྱས་གསར་བ་ཡོང་བར་བྱེད་དགོས།
མཚོ་ལྷོ་ཁུལ་གྱི་སྐད་གཉིས་སློབ་ཁྲིད་རྣམ་བསྒྱུར་ཐད་དྲི་བར་ལན་བཏབ་པ།
ཡོང་ཁུངས། : མཚོ་སྔོན་པོ་དྲ་བ། སྤེལ་དུས། : 2017-04-07 13:33:54
ཉེ་བའི་ལོ་འགའི་རིང་ལ། མཚོ་ལྷོ་ཁུལ་གྱིས“རིགས་དབྱེ་མཛུབ་སྟོན་དང་ཁག་བགོས་འཆར་འགོད། སྐད་གཉིས་མཉམ་འཕེལ་དང་དགེ་མཚན་གོང་སྤེལ”གྱི་རྩ་དོན་གཞིར་བཟུང་ཞིང་། ས་གནས་སོ་སོའི་གནས་བབ་ལ་གཞིགས་ནས་སྐད་གཉིས་སློབ་ཁྲིད་ཀྱི་བསྒྱུར་བཅོས་བརྟན་བརླིང་དུ་སྤེལ་བས་གྲུབ་འབྲས་མངོན་གསལ་བླངས་ཡོད། ཡིན་ན་ཡང་། སྤྱི་ཁོག་ནས་བལྟས་ན། སྐད་གཉིས་སློབ་ཁྲིད་གོ་རིམ་ཁྲོད་ཀྱི་ངོས་ཟིན་གཅིག་གྱུར་མིན་པ་དང་ཁ་ཕྱོགས་མི་གསལ་བ། དོ་དམ་ཚད་ལྡན་མིན་པ། གདེང་འཇོག་ནང་རྐྱེན་འཐུས་ཚང་མིན་པ། ནང་སྒོས་སུ་སྐད་གཉིས་དགེ་རྒན་གྱི་གྲངས་འབོར་མི་འདང་བ་དང་སྤུས་ཚད་མི་མཐོ་བ། སྐད་གཉིས་སློབ་ཁྲིད་ལས་རྩིས་དངོས་རྫས་གསུམ་གྱི་རྒྱུགས་འབྲས་ནམ་ཡང་དམའ་དྲགས་པ། མི་རིགས་ལས་རིགས་སློབ་གསོའི་རྨང་གཞི་ཞན་པ་སོགས་ཀྱི་གནད་དོན་དེ་དག རང་ཁུལ་གྱི་མི་རིགས་སློབ་གསོའི་སློབ་ཁྲིད་ཀྱི་རྒྱུ་སྤུས་མཐོར་འདེགས་དང་། གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་ཆེ་འབྲིང་གི་མཐར་ཕྱིན་སློབ་མའི་ལས་གཏོད་ལས་ཞུགས། རང་ཁུལ་གྱི་མི་རིགས་སློབ་གསོ་རྒྱུན་མཐུད་ངང་གོང་དུ་འཕེལ་བ་བཅས་ལ་ཤུགས་རྐྱེན་བཟོ་བའི་རྒྱུ་རྐྱེན་གལ་ཆེན་དུ་གྱུར་ཡོད་ལ། “དབུལ་ཕོངས་རབས་མི་ཆད་པའི”རྩ་བའི་རྒྱུ་རྐྱེན་དུ་ཡང་གྱུར་ཡོད། དེར་བརྟེན། མཚོ་ལྷོ་ཁུལ་གྱིས་བརྟག་ཞིབ་གཏིང་ཟབ་མོ་དང་ཕྱོགས་སོ་སོའི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་ཏེ“སློབ་ཁྲིད་བཅོས་བསྒྱུར་གྱི་དོན་ཚན་བཅུ”ནང་དོན་གཙོ་བོ་ཡིན་པའི《ཁུལ་ཡོངས་ཀྱི་སྐད་གཉིས་སློབ་ཁྲིད་བྱ་བའི་རྣམ་བསྒྱུར་སྤུས་འདེགས་བཟོ་བཀོད་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ལག་བསྟར་བསམ་འཆར》རྩོམ་སྒྲིག་བྱས་ཐོག སྐད་གཉིས་སློབ་ཁྲིད་རྣམ་བསྒྱུར་སྤུས་འདེགས་བཟོ་བཀོད་ལག་བསྟར་བྱེད་འཆར་ཡོད། མིག་སྔར་ཁུལ་སློབ་གསོ་ཅུའུ་ཏང་ཙུའུ་ཧྲུའུ་ཅིའམ་ཅུའུ་ཀྲང་བློ་མཐུན་འཇམ་དབྱངས་ཆོས་རྒྱལ་གྱིས་ལག་བསྟར་བསམ་འཆར་གྱི་ནང་དོན་གཙོ་བོ་ཐད་གསར་འགོད་པའི་དྲི་བར་ལན་བཏབ་པ་ཡིན།
རྩོམ་སྒྲིག་པ། : lalong1985