སློབ་གསོ་གསར་པས་ཐོག་མ་ཉིད་ནས་བཟུང་རང་འགུལ་གྱིས“ལག་ལེན”ཞེས་པའི་ཡིག་འབྲུ་འདི་གཉིས་རང་གི་དར་ཆའི་སྟེང་དུ་བརྐོས། རྒྱུ་མཚན་ནི་རང་རྒྱལ་ལ་སློབ་གསོའི་གཞུང་ལུགས་སྨྲ་བ་དང་དཔྱད་བརྗོད་པ་མེད་པས་མ་ཡིན་ཏེ། དོན་དངོས་ཁྲོད་ལག་ལེན་བྱེད་མཁན་ཧ་ཅང་ཉུང་བས་ཡིན། སྤྱི་ལོ2002ལོར་སློབ་གསོ་གསར་པའི་ཚོད་ལྟ་སུའུ་ཀྲིག་ཁོན་ཧྲན་གྱི་ཡོའུ་ཧྥན་ཚོད་ལྟའི་སློབ་གྲྭ་ནས་མགོ་རྩོམ་སྐབས། ལག་ལེན་ཆེན་པོ་ལྔ་ཞེས་པའི་ལྟ་བ་བཏོན། དེ་དག་ནི་དཔེ་ཀློག་གི་སློབ་ར་འཛུགས་སྐྲུན་དང་། དགེ་སློབ་མཉམ་བྲིས་ཟིན་ཐོ། སྨྲ་བརྗོད་ནུས་པ་སྦྱོང་བརྡར། སློབ་ཁང་ཕྱི་རོལ་ལ་རྣ་བ་བླགས་པ། ཆ་འཕྲིན་སྡེ་ཁུལ་འཛུགས་པ་བཅས་ཡིན། སྤྱི་ལོ2004ནས་བཟུང་ཕུགས་བསམ་སློབ་ཁྲིད་ཞེས་པའི་ནང་དོན་ཞིག་ཁ་གསབ་བྱས་པ་དང་། 6+1 གི་རྣམ་པའི་སྒོ་ནས་སློབ་གྲྭ་དང་ཁྱིམ་བདག་གི་མཉམ་འབྲེལ་བྱེད་ཕྱོགས་གསར་པ་བཙུགས། 2013ལོ་ནས་བཟུང་སྔར་ཡོད་དོན་ཚན་ལྔའི་སྟེང་དུ་ནང་དོན་གསར་པ་བཞི་ཁ་སྣོན་བྱས་ནས་སློབ་གསོ་གསར་པའི་ལག་ལེན་ཆེན་པོ་བཅུ་ཟེར་བའི་ལྟ་བ་འདི་དངོས་སུ་བཏོན་པ་རེད། གཤམ་ནས་ལག་ལེན་ཆེན་པོ་བཅུའི་ནང་དོན་རེ་རེ་བཞིན་ངོ་སྤྲོད་བྱའོ། ། དང་པོ། དཔེ་ཀློག་གི་སློབ་ར་བསྐྲུན་པ། དཔེ་ཀློག་གི་སློབ་ར་སྐྲུན་པ་ཞེས་པ་ནི་ཉམས་སྣང་སློབ་རའི་ནང་དུ་དཔེ་ཀློག་གི་མཁའ་དབུགས་སྟུག་པོ་ཞིག་ཆགས་པ་བརྒྱུད། དཔེ་ཀློག་རྒྱུ་ཆ་སྣ་འཛོམས་སྡེབ་སྒྲིག་དང་སྣ་མང་ཕུན་སུམ་ཚོགས་པའི་དཔེ་ཀློག་བྱ་འགུལ་རབས་དང་རིམ་པ་སྤེལ་ནས། དཔེ་ཀློག་ནི་དགེ་སློབ་ཚང་མའི་ཉིན་རྒྱུན་གྱི་འཚོ་བའི་ཁ་ཕྱོགས་ཤིག་ཏུ་བསྒྱུར་ཏེ། སྤྱི་ཚོགས་ཡོངས་ལ་དཔེ་ཀློག་གི་མཁའ་དབུགས་བསྐྲུན་པ་དེའོ། ། དཔེ་ཀློག་གི་སློབ་ར་བསྐྲུན་པའི་དགོས་པ་དེ་ཅི་རེད་ཅེ་ན། དཔེ་ཆ་ནི་ང་ཚོས་ལོ་རྒྱུས་ལ་ཤེས་རྟོགས་དང་འཛམ་གླིང་མཐོང་བར་བྱེད་པའི་སྒེའུ་ཁུང་ཞིག་ཡིན་ལ། དཔེ་ཆ་ཁོ་ནས་མིའི་རིགས་ཀྱི་བློ་གྲོས་དང་དཔལ་ཡོན་ཉར་ཚགས་བྱེད་ཐུབ། དཔེ་ཆ་ནི་ཉམས་མྱོང་དང་བསླབ་བྱའི་ཉིང་བཅུད་ཡིན་ལ། མིའི་རིགས་ཀྱི་བསམ་པའི་རྒྱུ་ནོར་རྩ་ཆེ་བ་དང་། འཛད་མཐའ་མེད་པའི་ཐོན་ཁུངས་ཆེན་པོ་ཞིག་ཡིན། ད་དུང་འབྱུང་འགྱུར་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྨང་རྡོའང་ཡིན་ནོ། ། དཔེ་ཀློག་ནི་མིའི་རིགས་ཀྱི་སློབ་སྦྱོང་བྱེད་ཐབས་ཆེས་གལ་ཆེ་ཤོས་དེ་ཡིན་པས། མིའི་བློ་གྲོས་གོང་དུ་སྤེལ་བ་ལ་དཔེ་ཀློག་རྒྱ་ཆེར་བྱེད་དགོས། དཔེ་ཀློག་གི་གོམས་སྲོལ་ཆགས་ཡོད་པའི་མི་ནི་རང་དབང་དང་བདེ་སྐྱིད་ལྡན་པའི་མི་ཞིག་ཡིན་ངེས་ལ། ང་ཚོས་དཔེ་ཀློག་མེད་པའི་སློབ་གྲྭ་ནི་དོན་དམ་གྱི་སློབ་གྲྭ་ཞིག་མིན་པར་སྦྱོང་བརྡར་བྱེད་ས་ཙམ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ཅིང་། དཔེ་ཀློག་ལྡན་པའི་སློབ་ར་འཛུགས་སྐྲུན་བྱེད་པ་ནི་སློབ་གསོ་གསར་པའི་ལག་ལེན་ལ་བསམ་བློའི་རྨང་གཞི་འདིང་བའི་བྱ་འགུལ་གལ་ཆེན་ཞིག་ཡིན་པར་འདོད། གཉིས་པ། དགེ་སློབ་མཉམ་བྲིས་ཀྱི་ཟིན་ཐོ། དགེ་སློབ་མཉམ་བྲིས་ཟིན་ཐོ་ཞེས་པ་ནི་དགེ་སློབ་གཉིས་ཀས་སློབ་གསོའི་ཉིན་ཐོ་དང་སློབ་གསོའི་གཏམ་རྒྱུད། སློབ་གསོའི་གནད་དོན་དབྱེ་ཞིབ་བྱས་པའི་རྣམ་པ་བརྒྱུད། དགེ་སློབ་གཉིས་ཀྱི་སློབ་གསོའི་འཚོ་བ་ཟིན་ཐོར་འགོད་པ་དང་ཕྱིར་རྟོག་བྱེད་པ། དགེ་རྒན་གྱི་ཆེད་ལས་འཕེལ་རྒྱས་དང་སློབ་མ་རང་སྟོབས་ཀྱིས་འཚར་ལོངས་འབྱུང་བར་སྐུལ་འདེད་གཏོང་བའོ། ། གལ་ཏེ་དཔེ་ཀློག་ནི་མཁས་པ་གཞན་གྱི་ཞབས་རྗེས་འདེད་པ་དེ་ཡིན་ན། རྩོམ་འབྲི་ནི་བྱེད་པོ་རང་གིས་གོམ་པ་སྤོ་བ་དེ་ཡིན། དགེ་སློབ་མཉམ་བྲིས་ཀྱི་ཟིན་ཐོ་དགོས་དོན་གང་ཡིན་ཟེར་ན། ཟིན་ཐོ་ནི་སློབ་གསོ་བ་དག་གིས་བསམ་གཞིག་གཏོང་བ་དང་གསར་རྩོམ་བྱེད་པའི་རྣམ་པ་གལ་ཆེན་ཞིག་ཡིན་ལ། དགེ་རྒན་རང་ཉིད“མཐའ་དཔྱོད་དང་བསམ་གཞིག་ཅན”དུ་འགྱུར་རྒྱུའི་ལམ་ཁ་ཉག་ཅིག་ཀྱང་ཡིན། དགེ་སློབ་སུ་ཡིན་ཡང་ཟིན་ཐོ་ལེགས་པོ་ཞིག་འཁྱོངས་པར་འབྲི་སྦྱོང་ཡག་པོ་བྱེད་དགོས་པར་མ་ཟད་འཚོ་བར་ཡང་ཉམས་ལེན་དགོས། དེ་ལྟར་དགེ་སློབ་གཉིས་ཀས་དཔེ་ཀློག་དང་བསམ་གཞིག རྩོམ་འབྲི་སོགས་ཀྱི་གོམས་གཤིས་ཤིག་སྐྱེད་སྲིང་བྱས་ན་སོ་སོའི་མི་ཚེ་དང་འཚོ་བ་དོན་དང་ལྡན་ངེས་རེད། གསུམ་པ། སློབ་རའི་ཕྱི་རོལ་ལ་རྣ་བ་བླགས་པ། སློབ་རའི་ཕྱི་རོལ་ལ་རྣ་བ་བླགས་པ་ཞེས་པ་ནི་སློབ་གྲྭའི་སྙན་ཞུའི་ཚོགས་འདུ་སོགས་ཀྱི་བྱ་འགུལ་དང་། སྤྱི་ཚོགས་ཀྱི་བྱེད་སྒོ་སྣ་ཚོགས་སློབ་གསོའི་ཐོན་ཁུངས་སུ་བེད་སྤྱོད་བཏང་ནས། སློབ་མ་འཚོ་བར་དགའ་བ་དང་སྤྱི་ཚོགས་ལ་དོ་ཁུར་བྱེད་ཤེས་པ་སོགས་ཀྱི་སྣ་མང་གི་རིན་ཐང་ལྟ་བ་ཞིག་ཆགས་སུ་འཇུག་དགོས། དེ་ལྟར་སྒྲུབ་དོན་གང་ཡིན་ཟེར་ན། དེང་གི་སློབ་གྲྭ་མང་ཆེ་ཤོས་ཀྱིས་བསླབ་དེབ་དང་སློབ་ཁང་ཁོ་ནའི་ཕན་ལ་འབྲེལ་འདྲིས་མི་བྱེད་པར་སྒོ་གཏན་གྱི་སློབ་ཁྲིད་བྱེད་ཀྱིན་ཡོད་པས། གལ་ཏེ་དགེ་རྒན་ལ་མི་ཚེ་ཉམས་མྱོང་དང་ཐོས་པ་ཡག་པོ་མེད་ཚེ། སློབ་མའི་མི་ཚེ་ཡི་སྤྲོ་སྣང་སློང་དཀའ་ཞིང་སེམས་ནང་གི་མིག་དཔེར་ཡང་འགྱུར་དཀའོ། ། སློབ་རའི་ཕྱི་རོལ་ལ་རྣ་བ་གཏད་ན་སློབ་མ་ཚོར་ད་གཟོད་སྤྱི་ཚོགས་ལ་དོ་ཁུར་བྱེད་པའི་སྣ་མང་གི་རིན་ཐང་ལྟ་བ་ཆགས་ཐུབ་པ་དང་། སློབ་མ་ཚོར“ཆེད་མཁས་པ་དང་ཉེ་བར་བཅར་རྒྱུའི”བྱ་འགུལ་སྤེལ་བའི་གོ་སྐབས་བསྐྲུན་པ་བརྒྱུད། ཁོང་ཚོ་དང་ལྷན་དུ་རླབས་ཆེན་གྱི་བསམ་བློ་དང་ལྟ་བ་མི་འདྲ་བ་གཙུབ་བརྡར་བྱས་ན། སློབ་མའི་གསར་གཏོད་ཀྱི་ངར་ཤུགས་དང་སེམས་ཀྱི་འདུན་པ་སོགས་ཀྱང་སློང་ཐུབ། དེ་ལྟར་བྱས་ན་ཁོ་ཚོས་གཞི་ནས་དངོས་ཡོད་ཀྱི་འཇིག་རྟེན་ཞིག་མཐོང་ཐུབ་ལ་དངོས་དོན་གྱི་སྐད་སྒྲ་ཡང་ཐོས་ཐུབ། རང་གི་མི་ཚེ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བདེན་པའི་རིན་ཐང་ལྟ་བ་དང་ཉིང་དགོས་ཡང་རྙེད་ཐུབ་བོ། ། བཞི་པ། ཕུལ་བྱུང་སྨྲ་ལྕེ་སྦྱོང་བརྡར། ཕུལ་བྱུང་སྨྲ་ལྕེ་སྦྱོང་བརྡར་ཞེས་པ་ནི་གཏམ་རྒྱུད་འཆད་པ་དང་གཏམ་བཤད་བྱེད་པ། རིག་པའི་ཤགས་འགྱེད་དང་རྩོད་གླེང་ལ་སོགས་པ་བྱས་ཏེ། སློབ་མས་སྐད་ཆ་བཤད་འདོད་པ་དང་། བཤད་ཕོད་པ། བཤད་ཤེས་པར་བྱས་ནས་མི་ཚེ་གང་བོར་ཕན་པའི་རང་རྟོན་དང་འབྲེལ་འདྲིས། གོ་བརྡ་སྤྲོད་པའི་ནུས་པ་སོགས་ཀྱང་སྐྱེད་སྲིང་བྱེད་པར་གོ་དགོས། སྨྲ་ལྕེ་སྦྱོང་བརྡར་འདི་བྱ་འགུལ་གལ་ཆེན་དུ་འཛིན་དགོས་དོན་ནི། སྨྲ་ལྕེ་བདེ་མོ་ཞིག་ལྡན་རྒྱུ་ནི་དགེ་སློབ་གཉིས་ཀའི་འཕེལ་རྒྱས་ལ་ཤིན་ཏུ་ཕན། སྐད་ཆ་བཤད་འདོད་པ་དང་བཤད་ཕོད་པ། རང་གི་དྲན་ཚུལ་ཕ་རོལ་པོར་ཇི་བཞིན་གོ་བརྡ་སྤྲོད་ཐུབ་པ་ནི་རང་རྟོན་ཡོད་པའི་མཚོན་རྟགས་ཤིག་ཡིན། སློབ་མ་ཞིག་ལ་ཆ་མཚོན་ནས་བཤད་ན་རང་རྟོན་ནི་འཚོ་བའི་རྟེན་གཞི་ཡིན། རང་རྟོན་དང་བྲལ་ཚེ་འགྲན་རྩོད་རྣོ་ངར་ཅན་གྱི་དུས་རབས་འདིར་རང་ཉིད་ཀྱིས་གཞན་དང་འགྲན་རྩོད་བྱེད་རྒྱུའི་ནུས་པ་དང་ཆ་རྐྱེན་སོགས་མེད་སོང་བ་རེད། སྐད་ཆ་ནི་སྐད་ཆ་ཙམ་ཞིག་མིན་པར་སྐད་ཆའི་རྒྱབ་ལོག་ན་བསམ་བློ་ཡོད་པས། ཁྱེད་ཀྱི་སྐད་ཆ་ནི་ཁྱེད་ཀྱི་བསམ་བློའི་ཐོན་དངོས་ལྟ་བུ་རེད། སྐད་ཆ་ཡག་པོ་ཞིག་བཤད་པར་བསམ་བློ་ཡག་པོ་དང་ཞིབ་འཇུག་ནན་མོ་་ཞིག་མ་བྱས་ན་ག་ལ་རུང་། མི་དང་མིའི་བར་གྱི་འབྲེལ་འདྲིས་དང་ཕན་ཚུན་བར་གོ་བརྡ་སྤྲོད་པའི་ནུས་པ་སྐྱེད་སྲིང་བྱེད་མི་ཐུབ་པའི་གནད་དོན་འདི་ནི་ད་ལྟའི་སློབ་གསོའི་ཁྲོད་ཀྱི་ཆད་ལྷག་ཆེན་པོ་ཞིག་རེད། ལྔ་པ། ཕུགས་བསམ་སློབ་ཐུན་གསར་འཛུགས། ཕུགས་བསམ་སློབ་ཐུན་གསར་འཛུགས་ཞེས་པ་ནི་འདྲ་མཉམ་དང་དམངས་གཙོ། འཆམ་མཐུན་གྱི་སློབ་ཐུན་ཁ་དབུགས་ཞིག་བསྐྲུན་པ་བརྒྱུད། འགྲོ་བ་མིའི་ཤེས་རིག་དང་སློབ་མ་ཚོའི་འཚོ་བའི་མྱོང་རོལ་བར་གྱི་འབྲེལ་བ་ཕུན་ཚུན་སྦྲེལ་ཐུབ་པ་བྱས་ནས། འབྲས་བཟང་སློབ་ཁྲིད་མངོན་འགྱུར་ཡོང་བ་དང་། རང་གཤིས་ཅན་གྱི་སློབ་ཐུན་ལ་འཚོལ་སྙེག་བྱས་ཏེ། ཤེས་བྱ་དང་འཚོ་བ། ཚེ་སྲོག་བཅས་ཕན་ཚུན་ཡ་མ་བྲལ་བ་ཞིག་ཡོང་དགོས་པ་དེའོ། ། སློབ་ཐུན་ནི་སློབ་གྲྭའི་སློབ་གསོའི་ཁྲོད་ཀྱི་རྣམ་པ་གལ་ཆེན་ཞིག་དང་ཡང་ན་གར་སྟེགས་གལ་ཆེན་ཞིག་ཡིན་ལ། དགེ་སློབ་གཉིས་ཀའི་ཚེ་སྲོག་གི་རིན་ཐང་མངོན་སའི་གནས་གཙོ་བོ་ཞིག་ཀྱང་རེད། སློབ་གྲྭའི་སློབ་གསོའི་ལས་འགན་གཙོ་བོ་དག་ནི་སློབ་ཐུན་ལ་བརྟེན་ནས་ཡོངས་འགྲུབ་བྱེད་པ་ཞིག་ཡིན་པས། སློབ་ཐུན་ཀྱི་སྒྱུ་སྤུས་བཟང་མིན་དེ་སློབ་མའི་སྤུས་ཀ་བཟང་མིན་དང་སློབ་གྲྭའི་སློབ་གསོའི་རྒྱལ་ཕམ་ལ་ཐད་ཀར་འབྲེལ་བ་ཡོད། གནས་ལུགས་དེའི་སྟེང་ནས་བཤད་ན། གལ་ཏེ་སློབ་ཐུན་འཚོགས་རྒྱུ་མེད་པ་ཡིན་ཚེ་དོན་གྱིས་སློབ་གསོ་ཟེར་བ་ཡང་མེད་པར་གྱུར་སོང་བ་རེད། དེའི་རྐྱེན་གྱིས་ཕུགས་བསམ་སློབ་ཐུན་གསར་འཛུགས་ནི་སློབ་གསོ་གསར་བའི་ལག་ལེན་ཁྲོད་ཀྱི་གལ་གནད་གཙོ་བོ་ཞིག་ལ་གཏན་འཁེལ་བྱས་པ་རེད། དྲུག་པ། གློག་རྡུལ་སྡེ་ཁུལ་འཛུགས་སྐྲུན། གློག་རྡུལ་སྡེ་ཁུལ་འཛུགས་སྐྲུན་ཞེས་པ་ནི་སློབ་གྲྭའི་ཕྱི་ནང་གི་དྲ་རྒྱའི་ཐོན་ཁུངས་བསྡུ་རུབ་དང་། སློབ་སྦྱོང་རང་བཞིན་གྱི་དྲ་རྒྱའི་སྡེ་ཁུལ་བཙུགས་ནས། དགེ་སློབ་ཚོས་དྲ་རྒྱ་བརྒྱུད་ནས་ཕན་ཚུན་ལ་འབྲེལ་འདྲིས་དང་སློབ་སྦྱོང་། ལག་ལེན་གྱི་ཁྲོད་ནས་དགེ་རྒན་དང་སློབ་མ་ཚོའི་བརྡ་འཕྲིན་ཀྱི་འདུ་ཤེས་སྐྱེད་སྲིང་དང་བེད་སྤྱོད་ནུས་པ་མཐོར་འདེགས་གཏོང་བ་ལ་ཟེར། གློག་རྡུལ་སྡེ་ཁུལ་འཛུགས་སྐྲུན་བྱེད་དགོས་དོན་ནི། བརྡ་འཕྲིན་ལག་རྩལ་གྱི་གསར་བརྗེ་དེ་སློབ་གསོ་གསར་པའི་ལག་ལེན་གྱི་ལག་རོགས་གལ་ཆེན་ཞིག་ཡིན་ལ། སློབ་གསོ་གསར་པའི་ལག་ལེན་མངོན་འགྱུར་ཡོང་བའི་ཟམ་པ་ལྟ་བུ་ཡིན། སྔར་གྱི་ཚོད་ལྟའི་སློབ་གྲྭ་དེ་དག་རྟེན་གཞི་བྱས་ཤིང་དྲ་ཐོག་སློབ་གསོའི་སྐུད་ལམ་འཕྲིན་སྟེགས་བྱས་ནས། ཨང་རྩིས་ཅན་གྱི་སློབ་སྦྱོང་གི་ཐོན་ཁུངས་བསྡུ་རུབ་དང་བེད་སྤྱོད་སྒོས། ཁྱིམ་ཚང་དང་སློབ་གྲྭ་སྡེ་ཁུལ་གཅིག་ཏུ་འཛོམས་པའི་གློག་རྡུལ་སྡེ་ཁུལ་འཛུགས་རྒྱུ་དང་། སློབ་གསོ་གསར་པའི་ཐུན་མོང་གི་དྲ་ལམ་བརྒྱུད་ཏེ་མཉམ་དུ་སློབ་སྦྱོང་དང་བསམ་བློ་བརྗེ་རེས། མཐར་ཐུན་མོང་འཕེལ་རྒྱས་ཡོང་བ་བྱ་རྒྱུ་དང་། དོན་དངོས་ཀྱི་བཀོལ་སྤྱོད་དང་བེད་སྤྱོད་ཀྱི་བརྒྱུད་རིམ་ཁྲོད་ནས་ཆ་འཕྲིན་གྱི་ལེགས་ཆ་འཚོལ་སྡུད་དང་། བརྡ་འཕྲིན་གྱི་བྱེད་ནུས་མང་པོ་ཁ་གསབ་དང་བེད་སྤྱོད་བཏང་ནས། དམངས་ཡོངས་ཀྱིས་མི་ཚེ་ཧྲིལ་པོར་སློབ་སྦྱོང་བྱེད་པའི་སློབ་སྦྱོང་གི་སྤྱི་ཚོགས་ཤིག་བཙུགས་ནས་སྐྱེ་བོ་ཡོད་དོ་ཅོག་སྒོ་ཀུན་ནས་ཡར་སྐྱེད་གཏོང་བ་དེའོ། ། བདུན་པ། ཟླ་རེར་དོན་རེ་སྒྲུབ་པ། ཟླ་རེར་དོན་རེ་སྒྲུབ་པ་ཞེས་པ་ནི་སློབ་མའི་ལུས་སེམས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་། སློབ་གྲྭ་དང་སྤྱི་ཚོགས་འཚོ་བའི་འགྲོས་རིམ་ལ་གཞིགས་ཏེ་ཟླ་རེར་བརྗོད་དོན་ལྡན་པའི་བྱ་འགུལ་ཞིག་སྤེལ་བ་ལ་ཟེར། བརྗོད་དོན་དཔེ་ཀློག་དང་བརྗོད་དོན་ལག་ལེན། གྲུབ་འབྲས་འགྲེམ་སྟོན་དང་དཔྱད་འཇོག་གི་རྣམ་པར་བརྟེན་ནས་བརྗོད་བྱ་གཙོ་བོ་མི་འདྲ་བ་ཁག་ལག་བསྟར་དང་། ཤུགས་ཆེན་པོས་སློབ་མའི་གཤིས་སྤྱོད་བཟང་པོ་སྐྱེད་སྲིང་དང་སྤྱི་དམངས་ཀྱི་འདུ་ཤེས་ལེགས་པོ་ཞིག་གསོ་སྐྱོང་བྱས་ནས་ཁོ་ཚོར་ཚེ་གང་བོར་ཕན་པའི་ཤེས་བྱ་ཁྲིད་པ་ལ་ཟེར། ཟླ་རེར་དོན་རེ་སྒྲུབ་དགོས་དོན་ནི་སློབ་མར་ཚེ་གང་བོར་ཕན་པའི་གདམས་ངག་སྟེ་གོམས་གཤིས་བཟང་པོ་སྐྱེད་སྲིང་བྱེད་རྒྱུ་དེ་ཡིན་པ་སྨྲོས་མེད་རེད། གོམས་གཤིས་དེ་དག་ནི་དཔེ་ཀློག་གི་གོམས་གཤིས། བསམ་གཞིག་བྱེད་པའི་གོམས་གཤིས། སྒྲིག་ལམ་བརྩི་བའི་གོམས་གཤིས། ལས་གང་ཞིག་སྒྲུབ་ཀྱང་འཆར་གཞི་ཡོད་པའི་གོམས་གཤིས།ལུས་ཕུང་སྦྱོང་བརྡར་གྱི་གོམས་གཤིས། དྲིན་གཟོ་བའི་གོམས་གཤིས་ལ་སོགས་པ་ཡིན་ནོ། ། གོམས་གཤིས་ཆགས་པའི་ཆོས་ཉིད་ལྟར་ན། སློབ་གསོ་གསར་པ་འདིས་ཟླ་རེར་སློབ་སྦྱོང་གི་གོམས་སྲོལ་སྣ་རེ་ཆགས་པར་འབད་པ་བསྐྱེད་ཏེ། སློབ་གྲྭ་ཆུང་འབྲིང་གི་སྐབས་ནས་བཟུང་གོམས་གཤིས་བཟང་པོ་ཞིག་ཁད་དང་ཡུན་གྱིས་ཆགས་པར་བརྩོན་པའོ། ། བརྒྱད་པ། ཕུན་སུམ་ཚོགས་པའི་སློབ་ཁང་གསར་འཛུགས། ཕུན་སུམ་ཚོགས་པའི་སློབ་ཁང་གསར་འཛུགས་ཞེས་པ་ནི་སློབ་གསོ་གསར་བའི་ཚེ་སྲོག་གི་གཏམ་རྒྱུད་དང་མི་གཤིས་ཀུན་སྤྱོད་འཕེལ་རྒྱས་གཞུང་ལུགས་ཀྱི་མཛུབ་སྟོན་འོག བསླབ་ཚན་གྱི་ཉིང་བཅུད་དེ་ཞོགས་པའི་སྐྱོར་སྦྱོང་དང་ཉིན་གུང་དཔེ་ཀློག སྲོད་ཁའི་བསམ་གཞིག་ལས་གཞན། ཕུགས་བསམ་སློབ་ཐུན་གྱི་བརྩོན་ལེན་དམིགས་འབེན་དང་། དགེ་སློབ་ཐུན་མོང་གི་འཚོ་བ་དང་རིག་གནས་བསྐྲུན་ཏེ། སྒེར་གཤིས་ཅན་གྱི་སློབ་ཁང་རིག་གནས་ཆགས་པར་མ་ཟད། སློབ་ཁང་གྲུ་བཞིའི་ནང་གི་འཚར་ལོངས་ཀྱི་གཏམ་རྒྱུད་འབྲི་བ་ལ་ཟེར། སློབ་གསོ་གསར་པས་ཕུན་སུམ་ཚོགས་པའི་སློབ་ཁང་གསར་འཛུགས་ཀྱི་ལྟ་བ་འདོན་དགོས་དོན་ནི། སློབ་ཁང་ནི་དགེ་སློབ་གཉིས་ཀར་དོན་སྙིང་གལ་ཆེན་ལྡན་ས་ཞིག་ཡིན། སློབ་ཁང་ནི་སློབ་མ་འགའ་ཞིག་ལ་མཚོན་ན་སྤྱིར་བཏང་བ་ཞིག་དང་སྤྲོ་བ་མེད་པ་ཞིག ད་དུང་དྲག་ཤུགས་དང་སྒེར་གཅོད། ཐ་ན་མགོ་སྐོར་སོགས་ཀྱི་དོན་སྙིང་ཡོད་སྲིད་ལ། ཡང་ལ་ལ་ཞིག་ལ་མཚོན་ན་ཕུན་སུམ་ཚོགས་པ་དང་དྲོད་སྐྱེད་ལྡན་པའི་དོན་སྙིང་ལྡན་སྲིད་པས། དུས་རིམ་མི་འདྲ་བ་བརྒྱུད་པའི་སློབ་མ་རེ་རེར་ཐོབ་པའི་སློབ་ཁང་གི་དོན་སྙིང་མི་འདྲ་ལ། ཚེ་སྲོག་རེ་རེ་ནར་སོན་པའི་དོན་སྙིང་ཡང་མི་འདྲ་ཞིང་། ཁོ་ཚོའི་མི་ཚེའི་ཁྲོད་ཀྱི་དུས་ཚོད་གལ་ཆེ་ཤོས་དེ་སློབ་ཁང་ལ་བསྟིམས་ཡོད་ཅིང་།རྒྱལ་ཕམ་དང་དགའ་སྐྱོ་མཐའ་དག་ཀྱང་སློབ་ཁང་ལས་བྱུང་བ་ཡིན་ནོ། ། དེ་བས་རང་ཉིད་ཀྱི “སློབ་ཁང་བརྟན་སྲུང ”བྱས་ནས་དུས་ཚོད་དམ་འཛིན་དང་སློབ་མར་གཅེས་སྐྱོང་གིས་སློབ་ཁང་ནང་གི་ཚེ་སྲོག་རེ་རེར་མཚར་སྡུག་གི་མེ་ཏོག་བཞད་དུ་འཇུག་དགོས། དགུ་པ། ཕུལ་བྱུང་བསླབ་ཚན་གསར་སྤེལ། ཕུལ་བྱུང་བསླབ་ཚན་གསར་སྤེལ་ཞེས་པ་ནི་རྒྱལ་ཁབ་དང་ས་གནས། སློབ་གྲྭ་བཅས་ཀྱི་བསླབ་ཚན་གྱི་རྨང་གཞིའི་སྟེང་།དགེ་རྒན་གྱིས་བསླབ་གཞི་ལ་བསྐྱར་དུ་གསར་སྤེལ་དང་སྡེབ་སྒྲིག གསར་སྐྲུན་བྱེད་པ་བཅས་ཀྱིས་བསླབ་ཚན་གསར་གཏོད་བྱས་པ་བརྒྱུད་ནས་སློབ་ཁྲིད་དེ་ནི་མཛེས་སྡུག་གཅིག་འདུས་ཀྱི་ལྟེ་བ་ཞིག་ཏུ་བསྒྱུར་རྒྱུ་དང་སློབ་མའི་ཤེས་རྟོགས་དང་ཉམས་ཞིབ། མཉམ་ལས་དང་ཞིབ་དཔྱད་བྱེད་པ་ལ་སྣེ་ཁྲིད་སྒོས། ཤེས་བྱ་དང་འཇིག་རྟེན་བྱ་དངོས་བར་ལ་འབྲེལ་བ་བཙུགས་ཏེ།མ་འོངས་རླབས་ཆེན་གྱི་ཤེས་རིག་མཐའ་དག་ལ་འཕྲད་སྲིད་པའི་རྐྱེན་ངན་དེ་དག་ཤེས་རབ་འབའ་ཞིག་ཏུ་བསྒྱུར་ནས་དགེ་སློབ་གཉིས་ཀྱི་ཤེས་བྱའི་འཚོ་བ་འཕེལ་རྒྱས་སུ་གཏོང་བ་ལ་ཟེར། ཕུལ་བྱུང་བསླབ་ཚན་གསར་སྤེལ་བྱེད་དགོས་དོན་གང་ཡིན་ཟེར་ན། བསླབ་ཚན་ནི་དགེ་སློབ་གཉིས་ཀའི་འཚར་ལོངས་ལ་དོན་སྙིང་ཆེན་པོ་ལྡན་ལ། བསླབ་ཚན་ཕུན་སུམ་ཚོགས་མིན་དེས་སློབ་མའི་མི་ཚེ་ཕུན་སུམ་ཚོགས་མིན་ཐག་གིས་གཅོད་ཅིང་། བསླབ་ཚན་གྱི་ཁྱད་འཕགས་རང་བཞིན་གྱིས་སློབ་མའི་མི་ཚེ་ཁྱད་དུ་འཕགས་མིན་ཐག་གིས་གཅོད་པ་རེད། དེ་བས་དགེ་སློབ་ཐུན་མོང་གིས་བརྒྱུད་པའི་བསླབ་ཚན་དེ་ནི་ཤེས་བྱ་གུང་བསྒྲིགས་པ་ཙམ་ཞིག་མིན་པར་ཚེ་སྲོག་དང་འཚོ་བར་ཁ་དོག་སྣོན་དགོས། བསླབ་ཚན་སློབ་སྦྱོང་གི་ཁྲོད་ནས་འཚོ་བར་དགའ་བ། ཚེ་སྲོག་ལ་གཅེས་པ། དེ་མིན་སྤྱོད་ཡོན་གཉིས་ལྡན་དང་བཟང་པོ་ཀུན་འཛོམས་ཀྱི་མི་ཞིག་སྐྱེད་སྲིང་བྱེད་དགོས་པ་དེའོ། ། བཅུ་པ། ཁྱིམ་དང་སློབ་གྲྭ་མཉམ་འབྲེལ་གྱིས་སློབ་མ་སྐྱོང་བ། ཁྱིམ་དང་སློབ་གྲྭ་མཉམ་འབྲེལ་གྱིས་སློབ་མ་སྐྱོང་བ་ཞེས་པ་ནི་ཁྱིམ་བདག་ཚོགས་པ་ལྟ་བུ་བཙུགས་ནས་བུ་ཕྲུག་དང་མཉམ་འབྲེལ་གྱིས་བྱ་འགུལ་མང་དུ་སྤེལ་ཏེ། ཕ་མ་དངོས་སུ་སློབ་གྲྭའི་འཚོ་བར་ཟབ་ཞུགས་བྱས་ནས་བུ་ཕྲུག་དང་མཉམ་དུ་ནར་སོན་པར་སྣེ་ཁྲིད་བྱེད་པ་དང་། ཁྱིམ་ཚང་གིས་སློབ་གྲྭའི་བྱ་བར་རོགས་འདེགས་ཁ་སྐོང་སྒོས་ཁྱིམ་ཚང་སློབ་གསོ་དང་སློབ་གྲྭའི་སློབ་གསོ་ཕུན་ཚུན་བར་མཐུན་སྦྱོར་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་པ་ལ་ཟེར། ཁྱིམ་དང་སློབ་གྲྭ་མཉམ་འབྲེལ་གྱིས་སློབ་མ་སྐྱོང་དགོས་དོན་ནི། ཁྱིམ་ཚང་གིས་མིའི་འཚར་ལོངས་ཁྲོད་དུ་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་ནུས་པ་གལ་ཆེན་ཞིག་ཐོན་གྱིན་ཡོད་པ་དང་། ཁྱིམ་ཚང་དང་སློབ་གྲྭ་མཉམ་འབྲེལ་གྱིས་སློབ་གསོའི་སྤུས་ཀ་མཐོར་འདེགས་ཡོང་བར་མ་ཟད། དེང་རབས་སློབ་གྲྭའི་ལམ་ལུགས་འཛུགས་པར་ཡང་དགོས་མཁོ་ཧ་ཅང་ཆེའོ། ། ལག་ལེན་ཆེན་པོ་བཅུ་ནི་སློབ་གསོ་གསར་པའི་ལག་ལེན་གྱི་ནང་དོན་ཡོད་ཚད་མིན་མོད། རྣམ་པ་དེ་དག་ནི་རང་རྒྱལ་སློབ་གསོའི་ཁྲོད་ལྟོས་བཅས་ཀྱིས་འདང་གིན་མེད་པའི་ཆ་དག་ཡིན་པས་ཁ་ཚ་དགོས་གཏུག་དང་གལ་ཆེན་པོར་མཐོང་། ལག་ལེན་དེ་དག་ཧ་ཅང་འཐུས་ཚང་གི་མ་ལག་ཅིག་མིན་ན་ཡང་སློབ་གསོའི་གཏན་ཚིགས་ལྟར་སྤེལ་ཆོག་པ་ཞིག་ཡིན་ནོ་སྙམ། །
སློབ་གསོ་གསར་པའི་ལག་ལེན་ཆེན་པོ་བཅུ་བྱེ་བྲག་ཏུ་བཤད་པ་།
ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ། སྤེལ་དུས། : 2019-09-02 21:10:34
རྩོམ་སྒྲིག་པ། : admin