—— བོད་རང་སྐྱོང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”རེས་སྐོར་གཉིས་པའི་དཔེ་སྟོན་སྒྲོག་འགྲེལ་གྱི་ཟུར་བྲིས། ཟླ་9ཚེས་17ཉིན་ནས་བཟུང་དུས་ཡུན་ཉིན་12ནང་སྒྲོག་འགྲེལ་པ་12ཀྱིས་ལྷག་བསམ་རྣམ་དག་གི་བསམ་པ་བཅངས་བཞིན་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་བདུན་ལ་སྐྱོད་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་དཔེ་སྟོན་སྒྲོག་འགྲེལ་བྱས་པ་རེད། ལམ་ཐག་ལེ་དབར་ཁྲི་གཅིག་ལྷག་ཙམ་ནང་ཁོང་ཚོས་མང་ཚོགས་དང་འབྲེལ་འདྲིས་ཆེ་ལ་གསོན་ཤུགས་ལྡན་པའི་སྐད་ཆ་དང་གསོན་ཉམས་དོད་པའི་དཔེ་མཚོན་ཐོག་ནས“ཏང་གི་བཀའ་དྲིན་ལ་སྣང་ཆེན་གྱིས་སྲོག་ཤིང་ལ་དགའ་ཞེན་བྱེད་པ་དང་། མཐུན་སྒྲིལ་ལ་སྣང་ཆེན་གྱིས་མེས་རྒྱལ་ལ་དགའ་ཞེན་བྱེད་པ། ལེགས་སྐྱེས་འབུལ་རྒྱུར་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན་བྱེད་པ། ཤེས་དཔལ་ལ་སྣང་ཆེན་གྱིས་འཚོ་བར་དགའ་ཞེན་བྱེད་པ”བཅས་ལེགས་པར་འགྲེལ་བཤད་བྱས་ཡོད། བོད་ཀྱི་ལྷོ་རྒྱུད་ནས་འབྲི་ཆུའི་ངོགས་བར་དང་། བྱང་རྩྭ་ཐང་ནས་ཇོ་མོ་གླང་མའི་གཤམ་འོག་བར་དཔེ་སྟོན་སྒྲོག་འགྲེལ་གྱི་ཚ་རླབས་རྒྱུན་མི་ཆད་པ་དང་སྒྲོག་འགྲེལ་གྱི་ཤེས་བྱ་སྦྲང་ཆར་ཟིལ་མ་བཞིན་གངས་ལྗོངས་ས་མཐོའི་ས་གཞི་གང་ས་བརླན་པར་བྱས། ད་རེས་ཀྱི་དཔེ་སྟོན་སྒྲོག་འགྲེལ་ཐེངས་64བྱས་པར་མང་ཚོགས་ཁྲི་2ལྷག་ཙམ་ཞུགས་ཡོད་པ་རེད། སྒྲོག་འགྲེལ་བྱེད་སྒོར་སྟོབས་ཤུགས་ལྡན་པ། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་དང་ས་ཁུལ་ཁག་གིས་ད་རེས་ཀྱི་སྒྲོག་འགྲེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཅིང་།ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་སྤེན་པ་བཀྲ་ཤིས་སྐུ་ངོ་མས་སྒྲོག་འགྲེལ་གྱི་ཇུས་གཞིར་ཞིབ་བཤེར་གཏན་འཁེལ་བྱས་པ་རེད། ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས། ཉམས་སད་ཐེག་པའི་སྒྲོག་འགྲེལ་དཔུང་ཁག་འདེམས་པ་ནི་གལ་འགངས་ཤིན་ཏུ་ཆེན་པོ་ཡིན་ཞིང་། ཕྱོགས་བསྡུས་བསམ་གཞིག་བརྒྱུད་ལྗོངས་ཏང་ཨུད་འཆད་ཁྲིད་ཚོགས་པས། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭ་དང་། ལྗོངས་སྤྱི་ཚོགས་ཚན་རིག་ཁང་། བོད་ལྗོངས་སློབ་ཆེན། ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭ་སོགས་ཀྱི་ཚན་པ་ནས་རིགས་གཅིག་མཁས་ཅན་དང་མཁས་དབང་4དང་། ལྷ་ས་གྲོང་ཁྱེར་དང་། གཞིས་རྩེ་གྲོང་ཁྱེར། ལྷོ་ཁ་གྲོང་ཁྱེར་བཅས་ནས་ཞིང་འབྲོག་པའི་སྒྲོག་འགྲེལ་རྐང་འཛིན་པ་8བདམས་ཏེ་སྒྲོག་འགྲེལ་ཚོགས་པ་བཙུགས་པ་རེད། གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་ཐོབ་རྒྱལ་ཤང་ཕུ་གྲོང་ཚོའི་རྐང་འཛིན་སྒྲོག་འགྲེལ་བ་ཚེ་རིང་ནོར་རྒྱས་ནི་རང་སྐྱོང་ལྗོངས་ཨེ་ཙེའི་ནད་འགོག་བཅོས་མཐུན་ཚོགས་ཀྱི་ཁོངས་མི་ཡིན་པ་དང་། ཁོང་གིས་ལྗོངས་ནང་ཁུལ་དུ་དང་བླངས་ཞབས་འདེགས་ཞུས་པ་དང་དཀའ་སྤྱད་ཕྱུག་འགྱུར་བྱུང་བའི་མྱོང་བ་རྣམས་སྒྲོག་འགྲེལ་བྱེད་སྐབས་རྗོད་ཀྱི་ཡོད་པ་དང་། ད་དུང་འཇོ་མདའ་རྫོང་དང་འགོ་འཇོ་རྫོང་དུ་སྒྲོག་འགྲེལ་བྱེད་སྐབས་ཁམས་སྐད་བརྒྱབ་ནས་ཚང་མ་དང་སྤེལ་རེས་བྱེད་ཀྱི་ཡོད། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་རི་ཐང་གྲོང་རྡལ་བོད་སྙིང་གྲོང་ཚོའི་རྐང་འཛིན་སྒྲོག་འགྲེལ་བ་མི་འགྱུར་རྡོ་རྗེས་རང་ཉིད“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོར་ཞུགས་ནས་བློ་སྒོ་ཕྱེ་བ་བརྒྱུད། ལས་གྲྭའི་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་ཏེ་དབུལ་སྒྲོལ་བདེ་བླག་བྱུང་བའི་གཏམ་རྒྱུད་དང་ཟུང་འབྲེལ་བྱས་ནས་སྒྲོག་འགྲེལ་བྱས་ཡོད། ད་རེས་ཀྱི་དཔེ་སྟོན་སྒྲོག་འགྲེལ“ལེགས་སྐྱེས་ལ་སྣང་ཆེན་གྱིས་ཁྱིམ་གཞིས་ལ་དགའ་ཞེན་བྱེད་པར”དམ་པོར་དམིགས་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། “རྒྱལ་ཁ་འཐོབ་ངེས་ཡིན་པའི་དད་སེམས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ”མངོན་གསལ་དོད་པོས་ཡག་པོ་བརྗོད་པ་དང་། སྒྲོག་འགྲེལ་གྱི་ནང་དོན་ལ་འཆར་འགོད་ཞིབ་ཚགས་བྱས་ཏེ་རང་ལྗོངས་ཀྱི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་ཚུན། མང་ཚོགས་ཀྱི་བསམ་བློའི་ཉམས་འགྱུར་ལ་བྱུང་བའི་འགྱུར་ལྡོག་ཆེན་པོ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60སོང་རིང་ཐོབ་པའི་རླབས་ཆེན་གྲུབ་འབྲས་གང་ལེགས་མངོན་པར་བྱས་ཡོད། སྒྲོག་འགྲེལ་བྱེད་སྒོར་ཁྱད་ཆོས་ལྡན་པ། འདི་ལོའི“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་རེས་སྐོར་དང་པོའི་དཔེ་སྟོན་སྒྲོག་འགྲེལ་གྱི་རྨང་གཞིའི་ཐོག རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཁྱེར་དང་ས་ཁུལ་ཁག་གིས་འབྲེལ་མཐུད་གང་ལེགས་བྱས་ནས་སྒྲོག་འགྲེལ་ལམ་ཐིག་ལ་ལུགས་མཐུན་འཆར་འགོད་བྱས་པ་དང་། “སྔ་ཤུལ་རང་ལོག”མི་བྱེད་པ་དང་། “བསྐྱར་ལོག”མི་བྱེད་པའི་རྩ་དོན་ལ་གཞིགས་ཏེ་གྲོང་ཁྱེར་དང་ས་ཁུལ་ཁག་གི་རེས་སྐོར་དང་པོའི་དཔེ་སྟོན་སྒྲོག་འགྲེལ་མ་ཁྱབ་པའི་རྫོང(ཆུས)ནས་རྫོང(ཆུས)2བདམས་ཏེ་དཔེ་སྟོན་སྒྲོག་འགྲེལ་བྱས་པ་དང་། རེས་སྐོར་དང་པོའི་དཔེ་སྟོན་སྒྲོག་འགྲེལ་དང་ཕན་ཚུན་གསབ་རེས་བྱས་པས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་དཔེ་སྟོན་སྒྲོག་འགྲེལ་གྱི་ཁྱབ་ཁྱོན་ཆེ་རུ་བཏང་བ་རེད། སྒྲོག་འགྲེལ་བྱེད་རིང་སྒྲོག་འགྲེལ་དགེ་རྒན་དང་ཞིང་འབྲོག་པའི་སྒྲོག་འགྲེལ་རྐང་འཛིན་པ་ཁག་གིས་སྒྲོག་འགྲེལ་བྱེད་རིང་མ་ཡིག་མེད་པར་སྒྲོག་འགྲེལ་བྱེད་པ་དང“མ་ཡིག་ཀློག་པའི”སྒྲོག་འགྲེལ་བྱེད་སྟངས་ལས་བྲལ་ཏེ“གཞུང་ཕྱོགས་ཀྱི་སྐད་ཆ”གཞི་རིམ་མང་ཚོགས་ཀྱིས་གོ་སླ་བའི་སྐད་ཆར་བསྒྱུར་ནས་སྒྲོག་འགྲེལ་གྱི་ནང་དོན་མི་སེམས་ལ་ཟུག་པར་བྱས་ཡོད། ད་རེས་ཀྱི་ངོ་ཐུག་གདོང་འཕྲད་ཀྱི་སྒྲོག་འགྲེལ་ལ་སྟབས་བསྟུན་སྣ་མང་དང་ཚུར་སྣང་ལན་ཆ་ཆེན་པོ་ལྡན་ཡོད། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་མགོ་ཡུལ་ཤང་གི་མང་ཚོགས་ཀྱིས་ད་རེས་ཀྱི་སྒྲོག་འགྲེལ་ཉན་ཆེད། ཞིང་ལས་བྱེད་མཚམས་བཞག་ནས་མི་80ཙམ་གཤོང་བའི་ཚོགས་ཁང་དུ་མི་120ལྷག་ཙམ་གྱིས་ཁེངས་པ་དང་སྡོད་ས་རག་མེད་པའི་མང་ཚོགས་སྒོ་འགྲམ་དུ་བསྡད་དེ་ཉན་པ་རེད། དཔེ་སྟོན་སྒྲོག་འགྲེལ་ལ་ཕན་འབྲས་ལྡན་པ། “སྒྲོག་འགྲེལ་ཉན་རྗེས་ང་ཚོར་ཕན་པ་མི་ཉུང་བ་ཞིག་ཐོབ་བྱུང་། སླད་ཕྱིན་ང་ཚོས་ངེས་པར་དུ་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་ཕྱུག་འགྱུར་ལམ་དུ་སྐྱོད་ཀྱི་ཡིན། ཏང་དང་རྒྱལ་ཁབ་ལ་ཐུགས་རྗེ་ཆེ་ཞུ”ཞེས་འཇོ་མདའ་རྫོང་ཐང་ཕུ་ཤང་ཉ་སྨད་གྲོང་ཚོའི་དར་རྒྱས་ཀྱིས་བཤད། སྒྲོག་འགྲེལ་ཉན་རྗེས། སྒེར་རྩེ་རྫོང་ཆ་ཚང་སློབ་ཆུང་ལོ་རིམ་ལྔ་པའི་སློབ་མ་དབང་འདུས་ཀྱིས་གསར་འགོད་པར“རྒན་ལགས་ཀྱིས་སྒྲོག་འགྲེལ་ཡག་པོ་གནང་སོང་། སློབ་ཚན་ལ་སྦྱོང་མི་ཐུབ་པའི་ཤེས་བྱ་ཧ་ཅང་མང་པོ་ཤེས་བྱུང་། ངས་སྔར་བས་སློབ་སྦྱོང་ལ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་དང་སྤྱི་ཚོགས་ལ་ཕན་པའི་མི་ཞིག་བྱེད་ཀྱི་ཡིན”ཞེས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་དཔེ་སྟོན་སྒྲོག་འགྲེལ་ལས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རང་རྟོགས་ངང་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་མུ་མཐུད་ཤུགས་རྒྱག་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་ཆེད་རྣམ་པ་ཟབ་མོ་བཏོད་པ་མ་ཟད། ས་གནས་ཁག་གིས་གོམ་སྟབས་རྗེས་མའི་སྒྲོག་འགྲེལ་ལས་དོན་ཡག་པོ་སྒྲུབ་ཆེད་དཔྱད་གཞི་མཁོ་འདོན་དང་། རྒྱ་ཆེའི་གཞི་རིམ་གྱི་སྒྲོག་འགྲེལ་བར་མིག་དཔེ་བཟང་པོ་བསྟན་པ་རེད། ། རྩོམ་སྒྲིག་པ། ཀླུ་མོ་མཚོ།
མཐོ་ཚད་ཡོད་ལ་དམངས་སེམས་ལ་ཟུག་པ་དང་གོ་བདེ་ལ་དམངས་སེམས་དྲོད་པ།
ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར། སྤེལ་དུས། : 2019-10-31 09:54:02
རྩོམ་སྒྲིག་པ། : lalong1985