སོག་སྨྱུག མིང་གཞན་ལ་ཀུན་ཏུ་བཟང་པོའང་འབོད། དངོས་མིང་ལ་ཐུབ་བསྟན་ཡོན་ཏན་ཟེར། ༡༩༩༦ལོར་མདོ་སྨད་ཡུལ་གྱི་བོང་སྟག་སྡེ་བའི་འབྲོག་ཚང་དཀྱུས་མ་ཞིག་ཏུ་སྐྱེས། ༢༠༡༡ལོ་ནས་གསར་རྙིང་གི་དགོན་སྡེ་ཁག་ཏུ་སློབ་སྦྱོང་ག་ལ་གང་འཚམ་རེ་བྱས། ༢༠༡༥ལོ་ནས་བཟུང་རང་གི་དགའ་ཕྱོགས་ལྟར་རྩོམ་རིག་གི་ལམ་ཁར་ཕྱོགས། དེ་ནས་མུ་མཐུད་དུ་༼སྲོག་ཆགས་དགའ་བའི་གླིང་ག༽དང་༼མཚེར་ས།༽༼རྨ་ལུ་མ༽ ༼ ཁ་བའི་དབྱངས༽ ༼ བསྟོད་དབྱངས་ཀྱི་རང་སྒྲ༽། གཞན་༼ཁམས་པའི་ཚགས་པར༽དང་༼ རྔ་བའི་ཚགས་པར༽། ༼དཔལ་ཁའི་གླུ་སྒྲའི་ཚགས་པར༽༼ བཙན་པོ་མགར་གྱི་དྲ་བ༽ སོགས་ཚགས་དེབ་མང་པོའི་སྟེང་དུ་སྙན་རྩོམ་འགོད་མྱོང་ལ། རང་གི་སྒེར་དེབ༼ ལོ་ཟླ་པིར་གྱིས་བྲིས་པའི་རྗེས་ཤུལ༽ ་ཞེས་པའང་དཔར་དུ་བསྐྲུན། ༢༠༡༨ལོར་༼ རི་བོ་ཚང༽་གི་སྐབས་དང་པོ་སྙན་ངག་འགྲན་བསྡུར་གྱི་ཁྲོད་དུ་ཕུལ་བྱུང་བྱ་དགའ་ཐོབ་ལ། ༢༠༡༩ལོར་༼ སྙན་དངགས་ཀྱི་ཕ་ས་ཚོར་བའི་ཁ་དོག་ཚང༽ གི་འགྲན་ཚོགས་ཆེན་མོའི་སྐབས་ཨང་གཉིས་པའི་བྱ་དགའ་ཐོབ། ༼ མགྲིན་པའི་ང་རོ་ཚང༽ གི་སྐབས་དང་པོའི་དགོང་ཚོགས་སྟེང་དུ་གདན་ཞུ་བྱས་ཤིང་བཅད་གསར་དང་སྲོལ་རྒྱུན་གྱི་སྙན་ངག་གི་གཏམ་བཤད་སྤེལ། ད་ལྟ་རྫ་སེར་ཤུལ་མཐོ་རིམ་ནང་བསྟན་སློབ་གླིང་དུ་སློབ་གཉེར་བྱེད་བཞིན་མཆིས་སོ།།
སོག་སྨྱུག་གི་གསར་བྲིས་སྙན་ངག་འོས་སྦྱོར།
སྟོང་པ་ཉིད་ཀྱི་སྡོམ་པ།
སོག་སྨྱུག མཚོ་ལྷོ།
ཚོར་བའི་ཁམས་ནས་བརྩེ་བའི་མེ་ཏོག་ལྷུག་པར་བཞད་པའི་དུས་ཚིཊ་དེར།།
ར་ཡིག་གཉིས་པའི་དུང་བརྗོད་གྱེར་ནས་རྒྱང་རིང་ས་མཐར་འཁྱམས་སོང་སྐད།།
རང་ཤག་གྲུ་བཞི་ལྷ་ཚོགས་དགའ་བའི་པདྨའི་གནས་དེར་ཆགས་སོང་སྐད།།
འཁོར་བའི་འདུ་འཛི་སྙིང་ལ་ཞུགས་ནས་སྡོམ་པ་རླུང་དང་འགྲོགས་སོང་སྐད།།
ཚངས་སྲས་ལྷ་མོའི་ཞས་རས་བསྒོམ་ནས་སྡོམ་པའི་ཕྱེ་ལེབ་འཕུར་སོང་སྐད།།
རིག་བྱེད་ངག་གི་སྙན་ཆ་ཐོས་ནས་དམྱལ་ཁམས་ལན་གསུམ་འགྲིམ་སོང་སྐད།།
ཀུན་བཟང་ཡབ་ཡུམ་བཞུཊ་སྟངས་མཐོང་ནས་སྡོམ་པའི་ཆུ་བོ་ཐུར་དུ་འབབ།།
སྒྲོན་མེ་ཆུང་ཆུང་སྙིང་ཆུང་ལོག་ལོག་སྡོམ་པར་གནས་པའི་དཀོན་པོ་ལགས།།
སྒྲོལ་མའི་ཟུར་མིག་སྙིང་ལ་ཕོག་ཉིན་ཁྱོད་ཀྱི་སྡོམ་པའི་ཉིན་མཚན་བརྗེས།།
བཀྲ་ཤིས་སྒྲོལ་མའི་འཕྲིན་པ་འབྱོར་ནས་ཁྱོད་ཀྱི་སྡོམ་པ་མིག་ཆུའི་བརླན།།
སྡོམ་པ་ཟེར་བའི་གཉོམ་ཆུང་འདི་ཡང་གང་ནས་བལྟས་ཀྱང་བྱེའུ་ཆུང་རེད།།
མིན་ཡང་ཁྱོད་ཀྱི་སྡོམ་པ་འདི་ལ་གནོད་བྱེད་རིགས་ཀྱི་བསྐོར་ཡོད་སྐད།།
གཉུག་གཤིས་རྣལ་མའི་ཁ་དོག་བར་གྱིས་རྣམ་རྟོག་བུ་ཆུང་གང་སར་ཉུལ།།
སྙིང་གི་བཅུད་དང་ཚིག་གིས་བཅུད་ཀྱི་སྒྲོལ་མའི་ལ་གཞས་རྣ་བར་སྙན།།
རི་སུལ་དབེན་པའི་བྱ་བཏང་ལམ་ནས་རྔོན་པའི་ཆུང་མར་ཐེངས་གཅིག་འཕྲད།།
ལྷིང་འཇགས་དགོན་པའི་གྲོང་མཐའ་དེ་རུ་ཁྱེད་ཀྱི་སྡོམ་པ་སྒྲོལ་མར་གནང་།།
འཛུམ་ཞལ་དུང་གི་ཟླ་བ་མངོན་པའི་བུ་མོ་སྒྲོལ་མའི་རྒྱབ་གཟུགས་ཁྲོད།།
ཞེན་ཆཊ་ཁ་བ་དགུན་གསུམ་འབབ་ཞིང་ལན་ཆཊ་རླུང་བུ་གང་སར་ལྡིང་།།
སྙིང་ཤ་དྲོད་ཀྱི་རབ་ཏུ་བཟུང་ཞིང་དྲོད་འདི་ལུས་ཀྱི་ཁམས་མཆེད་དུས།།
སྡོམ་བྱ་སྡོམ་བྱེད་གསེར་གྱི་ཞགས་པ་དུམ་བུར་བཅད་པའི་མཚན་མོ་ཡིན།།
གཟུང་འཛིན་རྟོག་པ་བྲལ་ཐབས་གཞིག་ནས་ལ་ལུང་ཉུལ་བའི་ནམ་ཟླ་དེར།།
དུས་བཞིའི་འགྱུར་བའི་ཟླ་ངོགས་ཤིག་ནས་རྣམ་རྟོག་མེ་དཔུང་ནང་དུ་འབར།།
དགུན་སྟོད་ཚེས་པ་བཅོ་ལྔའི་མཚན་མོ་སྡོམ་པའི་ཆུ་བོ་འཇིགས་སོང་སྐད།།
ཆར་བའི་ཁྲོད་དང་གློག་འགྱུའི་གཟེབ་ཏུ་སྙིང་ཆུང་ལྷོག་ལྷོག་ལྡིང་སོང་སྐད།།
ལྷ་ཚོགས་དགའ་བའི་གནས་དེར་ཕྱིན་ཀྱང་དྲན་པ་ལུང་གསུམ་རི་བོ་མདོ།།
མི་རྟག་འཆི་བ་སྙིང་ནས་དྲན་ཡང་འཇིགས་སྐྲག་ནམ་མཁའི་པདྨོ་བཞིན།།
འཁོར་བའི་གཡང་དང་ཁོ་མོའི་མིག་ལ་རབ་ཏུ་མཛེས་པའི་མི་བུ་ལགས།།
ཤལ་མ་ལི་ཡི་སྡོང་པོའི་མགོ་ནས་སྡོམ་པའི་དབྱངས་རྟ་བརྗེད་སོང་སྐད།།
འདོད་ཁམས་ཡུལ་གྱི་མེ་ཏོག་སྒང་ནས་པདྨའི་ཚལ་ལ་ཡང་ཡང་བལྟས།།
བརྩེ་བའི་ཆར་ཐིགས་རིམ་གྱིས་འབབ་ལ་དུང་བའི་རྒྱ་མཚོ་ཡུན་གྱིས་བསྐྱེད།།
བཏུང་བའི་མི་ཚར་བཅོམ་པར་མི་ནུས་ཆུ་དང་རླབས་བཞིན་དབྱེ་རུ་མེད།།
སྡོམ་པའི་ཡན་ལག་གང་སར་ལྷུང་ཞིང་རས་ཆད་ཐེད་པོའི་ངང་ཚུལ་དྲན།།
ཕྱི་སྡོམ་ནང་སྡོམ་རང་ལ་ཡོད་མེད་རིམ་བཞིན་གཞིག་དང་སྡོམ་ལྡན་ཚོ།།
ལུས་ཀྱི་བཀོད་པ་ལེགས་ལེགས་འདྲ་ཡང་རྣམ་རིག་ཆུ་མོ་ནང་དུ་བཞུར།།
བསྒོམ་བྱ་བསྒོམ་བྱེད་རྙེད་ཐབས་བྲལ་ན་སྡོམ་པའི་ངོ་བོ་ཡང་ཡང་བསྒོམ།།
མདོར་ན་སྙིང་སྡུག་མཛའ་མོ་པང་ནས་སྡོམ་པའི་སྡོང་ལོ་འཐོར་སོང་སྐད།།
ཐ་སྙད་པ་དང་ཐ་སྙད་བར་ནས་བདག་སྡོམ་གཞོམ་གཞིག་བྲལ་ན་འདོད།།
སྐྱེ་འཆི་ཕོ་བྲང་དམར་པོའི་ནང་དུ་སྡོམ་པ་ལྷོད་བཞག་གྲོལ་གསུམ་ཡིན།།
ལྷ་དཀར་སྡོམ་པའི་བཙོན་ལས་གྲོལ་ཉིན་སྙན་ངག་བུ་མོ་ཆུང་མར་བཞེས།།
དམྱལ་བའི་ཁམས་ལ་ལྟད་མོར་ཆས་ཤིང་དཔལ་གྱིས་རི་ནས་གླུ་ཞིག་ལེན།།
༢༠༡༩/༦/༢༩/ཉིན་གསེར་རྟ་ནས་བྲིས།
ལྟ་མགུར་དབྱངས་ཀྱི་ཟེགས་མའི་བཞུར་རྒྱུན་བཞུགས།
སོག་སྨྱུག མཚོ་ལྷོ།
ཆགས་སྡང་གྲིབ་མའི་ཁ་བ་ནག་པོ་རི་བོའི་མགུལ་དུ་ལྷབ་ལྷུབ་བབས།།
གཉུག་མར་གནས་པའི་སེམས་ཀྱི་ཞིང་སར་བརྩེ་བའི་པདྨ་དཀར་པོ་བཞད།།
གཟུང་འཛིན་སྒྱུ་མའི་མེ་ལོང་ནང་གི་ལྷ་ཚོགས་དགའ་བའི་གར་ལ་རོལ།།
བྱིས་པར་དུངས་བའི་རྩེད་རྭ་ཆུང་ཆུང་འཇིག་རྟེན་མིན་པ་ཅིའི་ཕྱིར་ཡིན།།
འདི་སྣང་འཁོར་བའི་ཞེན་ཆགས་མོག་པོ་རྨི་ལམ་ནང་གི་ཟླ་གཟུགས་ཡིན།།
མི་རྟག་ཁྲོད་ཀྱི་བང་རིམ་བརྒྱུད་ནས་གཅིག་རྗེས་གཉིས་སུ་བསྙེགས་བཞིན་ཡོད།།
བདེན་གྲུབ་གནས་པའི་བག་ཆགས་ཕྲ་རགས་འཁོར་བའི་སྙིང་གི་ཚི་ལུ་ཡིན།།
ལུང་རིགས་དཔྱིད་ཀྱི་མེ་ཏོག་དཀར་པོ་འདི་ལས་གཞི་མེད་སྣང་སྟོང་གཉིས།།
ཀུན་གཞིས་ངོ་བོ་ཁ་བའི་གཡོགས་ནས་འདི་སྣང་ལམ་ཆེན་འཚོལ་བའི་དུས།།
དྭངས་གཙང་སེམས་ཀྱི་རང་གཤིས་གཙང་མ་ལུས་སུ་གྱོན་པའི་ལྭ་བ་ཡིན།།
ཉོན་མོངས་འཁོར་བའི་མེ་འོབས་ནང་དུ་གདོད་ནས་ལྷུང་བའི་སོ་སྐྱེས་མེད།།
སྲིད་པའི་བདེ་སྡུག་བདེན་པར་ཞེན་ནས་ཚེ་སྲོག་སྒྲོན་ཆུང་རླུང་ལ་སྤུར།།
དཀར་པོ་དུང་གི་རང་གཤིས་བསམ་ནས་འཁྲུལ་བ་སྟོང་གི་རྗེས་མ་འབྲང་།།
གནས་ལུགས་ལམ་གྱི་དེ་ཉིད་མཐོང་ནས་ཕྱོགས་ཞེན་མདའ་མོ་རྒྱང་དུ་དོར།།
སེམས་ཀྱི་མཐོང་བའི་རྒྱང་རིང་ལམ་ཆེན་ཡེ་གྲོལ་རིག་པའི་རྟེན་འབྲེལ་ལས།།
ཚོགས་དྲུག་སྣང་བའི་མགུར་གླུ་ཆུང་ཆུང་སྲིད་པའི་ཁམས་ལ་ལྷུག་ལྷུག་བཞད།།
དྲན་པ་རི་ལ་འཁོར་བའི་ཐབས་སུ་འབད་པའི་མཛའ་གཞས་ཅིའི་ཕྱིར་ལེན།།
མི་ཚེ་གཅིག་གི་རིན་ཐང་བསམ་ནས་དཀར་ནག་ལམ་བུ་འདེམས་དོན་ཅི།།
མཛེས་པ་ཞིག་གི་རྒྱབ་ལྗོངས་ཉུལ་ནས་འཁོར་བའི་ཐོབ་བྱ་འཚོལ་བའི་དུས།།
རང་རིག་སེམས་ཀྱི་ངོ་བོ་འདི་ཡང་རང་ལ་བསྐོར་ནས་དཔྱད་རབས་ཡོད།
དགའ་སྡུག་སེམས་ཀྱི་རི་རྒྱབ་ཉུལ་ནས་མཐའ་མེད་རྒྱ་མཚོ་རྙེད་ན་བསམ།།
ཀྱེ་མ་འཁོར་བའི་ཕུན་ཚོགས་འདི་དག་སྐར་ཚོགས་མཁའ་ལ་བཀྲམ་པ་འདྲ།།
གཉིས་སྣང་སེམས་ཀྱི་མུན་པ་ནག་པོ་ལྡོག་མེད་ལས་དབང་གཤིས་སུ་གྲུབ།།
ཡིད་ཀྱི་ཀློང་ནས་མྱུར་དུ་འཁྲུངས་ཤོག་སེམས་དཔའ་སེམས་མ་བྱང་སེམས་ཚོ།།
ཉེ་བར་གནས་པའི་ལྷ་ཚོགས་དག་ཀྱང་སེམས་ཀྱི་གཞིས་ཀར་བཞུགས་པ་ན།།
གསང་བའི་འོད་ཟེར་གསལ་བོར་ཨེ་མཐོང་ཐབས་དང་ཤེས་རབ་གྲོཊ་སུ་བཀུག།
གཞི་ལས་གཞི་སྣང་དྲི་བྲལ་རིགས་པས་རྡུལ་ཕྲན་གཞལ་བའི་ངང་ཚུལ་མཐོང་།།
ཀུན་བཟང་འོད་ལམ་ཉེ་རྒྱུད་ལམ་ནས་ནམ་མཁའི་སྐར་ཚོམས་གྲས་སུ་ཞུགས།།
རིགས་པའི་བུ་ཆུང་འཛུམ་པའི་ཀློང་ནས་དགོད་སྒྲའི་སྙན་ཆ་རྣ་བར་འཇེབས།།
ཡོད་པ་མ་ཡིན་མེད་པ་མ་ཡིན་སྣང་སྟོང་འཁོར་བའི་གཤོག་རྩལ་རྫོགས།།
རང་སེམས་རྟོགས་པའི་རེ་བ་མཐོན་པོ་གློ་མཆིན་བར་ནས་ཤུར་ཤུར་བཞུར།།
གོམས་པའི་ལག་རིས་མཐའ་རུ་ཕྱིན་ཤོག་རེ་བའི་དར་དཀར་རིང་མོ་ལགས།།
སྣང་བའི་ཁམས་ལ་རིགས་པའི་དཔྱད་ནས་བདེན་གྲུབ་ཡིན་མིན་ལག་ཏུ་ཐོབ།།
རྣམ་རྟོག་རྟ་རྒོད་མཐུར་མེད་ཡིན་པ་ཆོས་ཉིད་རྒྱལ་མོ་གཏན་ཚིགས་འགོད།།
སྲིད་པའི་རྨུ་ཐག་རྒྱང་དུ་འཐེན་ནས་འཁོར་བའི་འཆིང་རྒྱ་གཏོར་ན་འདོད།།
དཀར་པོའི་གཤིས་ལ་ནག་པོར་བྲིས་པ་ལན་ཆགས་སྟོང་གི་རྐང་རྗེས་ཡིན།།
མི་བརྟན་འགྱུར་བ་ནམ་མཁའི་སྤྲིན་ཕུང་སྐད་ཅིག་འཛོམས་པའི་གྱེས་བྲས་ལས།།
ནང་སེམས་བག་ཆཊ་མུ་མེད་སྟོང་བའི་དབྱིངས་སུ་སྤུར་བ་ཐེངས་གཅིག་མིན།།
མི་འགྱུར་གཞི་མེད་སྟོང་བའི་དབྱིངས་སུ་མཁའ་ལམ་འཕུར་བའི་ལྷ་བྱ་ལགས།།
མི་འཇིགས་ལྟ་བས་ལྡིང་སྐོར་བྱས་ནས་རྒྱང་འབོད་སེམས་ཀྱི་གསང་བ་འཚོལ།།
༢༠༡༩__༦__༢༧ཉིན་གསེར་ཐང་ལྔ་རིག་ནང་བསྟན་སློབ་གླིང་ནས་བྲིས།
སྙན་ཚིག་སྣང་སྟོང་མགུར་མ།
སོག་སྨྱུག མཚོ་ལྷོ།
དབྱིངས་ཡེ་ཟུང་དུ་འཇུག་པའི་ནམ་མཁའ་རུ།།
འགག་མེད་ངག་དབང་ལྷ་མོའི་བྱིན་རླབས་ལས།།
སྙན་ངག་མེ་ཏོག་འབུམ་གྱི་གྲུ་ཆར་གྱིས།།
ཤེས་རྒྱུད་དགའ་བའི་བསམ་གླིང་འདི་རུ་གྲུབ།།
བདག་གི་སྙན་ངག་འཁོར་བའི་རི་ལ་ཤོར།།
སྟོང་བའི་གཞི་ལ་བརྩེ་བའི་པད་མ་བཞད།།
གཡང་ཊིའི་རྨི་ལམ་རྙེད་བའི་ཁོ་བོ་ཡང་།།
དོ་ནུབ་མེ་ཏོག་རྐང་གཅིག་ཡིན་པ་འདྲ།།
བདག་ལ་ཚོར་བའི་སྒོམ་ཁང་གྲུ་བཞི་ཡོད།།
འཇོ་སྒེག་ཏིང་འཛིན་ཞུགས་པའི་ལྷ་མོ་ཡོད།།
དེ་ལ་དྲང་སོང་དགྱེས་པའི་གད་མོ་ཡོད།།
སྙན་པའི་གཟེབ་ལ་ཚུད་པའི་བྱིའུ་ཆུང་ཡོད།།
བདག་གི་ཁྱེད་ལ་སྲིད་པའི་གླུ་ཞིག་བླངས།།
དབྱངས་ཀྱི་ཡན་ལག་བརྒྱད་དང་ལྡན་ན་སྙམ།།
རི་སུལ་ལ་ལུང་བརྒྱུད་པའི་གོམ་འགྲོས་ཁྲོད།།
ཤེས་རབ་མིག་གཅིག་འདྲ་བའི་ཁྱེད་ཉིད་དྲན།།
བདག་སྙིང་ཤེལ་དཀར་འདབ་མ་རེ་རེ་ན།།
དབྱངས་ཀྱི་ལྷ་མོས་འོད་ཐིགས་རེ་རེ་ཡོད།།
སྙན་ངག་མེ་ཏོག་རེ་རེས་ངོ་གདོང་ནས།།
དགའ་སྐྱོ་ཆགས་སྡང་ཚོན་གྱི་རི་མོ་ཡོད།།
སྣང་སྲིད་དར་རྒུད་རླུང་རྟའི་ཕར་ངོགས་ནས།།
མཛེས་པའི་ཉམས་དང་འཁོར་བའི་ཀློང་ན་ཡང་།།
ཚངས་དབྱངས་ངག་ལ་གཡར་བའི་མགུར་གླུ་ཞིག
ལྷ་ཚོགས་སྤྱན་འདྲེན་ཞིག་དང་དབྱེར་མེད་བསྟིམས།།
སྐལ་བཟང་ཐབས་ཀྱི་བསྐྱེད་པའི་གསང་ལམ་ན།།
ནང་སེམས་སྒྲོན་མེ་འབར་བའི་ལྡིང་ཁང་ནས།།
ལས་འབྲས་མག་མོག་འཐོར་བའི་ཞིང་གྲོང་དེར།།
བདག་གིས་སྙན་ངག་ས་དང་ལམ་བཞིན་འབྲི།།
སྒྱུ་འཕྲུལ་ལྷ་ཚོགས་བཞུགས་པའི་ཕོ་བྲང་ནས།།
སྣང་བ་མེ་ཏོག་འཁྲུལ་བའི་དཀྱིལ་འཁོར་ནང་།།
གཞི་སྣང་རིས་སུ་མ་བཅད་ཀུན་བཟང་འཁོར།།
གཡང་ཊིའི་རྨི་ལམ་ཐོབ་ཤོར་བརྒྱ་སྟོང་ཙམ།།
བདག་སེམས་ཡེ་ཤེས་འོད་ལྔའི་གཞལ་ཡས་ན།།
འཇམ་དབྱངས་དམར་པོའི་ཕྱག་གི་རལ་གྲི་འབར།།
བྱིན་རླབས་རྩིབས་སྟོང་ངར་མའི་རྣོ་དཔལ་གྱིས།།
སྒྲིབ་གཉིས་ཁྲབ་རྫོང་ནག་པོ་དུམ་བུར་གཏོར།།
ཀུན་རྟོག་ནགས་ཀློང་འཁྲིགས་པའི་དོ་ར་རུ།།
ཨ་ཅེ་ཁུ་བྱུག་སྔོན་མོའི་མགྲིན་གཡར་ནས།།
བསྐལ་བཟང་ཆུ་སྐྱེས་སྟོང་གི་དགའ་ཚལ་ཏུ།།
སྙན་ངག་འགྱུར་ཁུགས་སྟོང་གི་ལང་ཚོ་ངོམ།།
༢༠༡༩/༥/༧ཉིན་གསེར་ལྗོངས་བླ་མ་རུང་ནས་བྲིས།