གདོང་འབག
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

གདོང་འབག

ཡོང་ཁུངས། : ཁམས་པའི་སློབ་ཁྲིད་ཐོན་ཁུངས་དྲ་བ།   རྩོམ་པ་པོ། : ཆུ་ལྷའི་མེ་ལྕེས།  ཀློག་གྲངས །: སྤེལ་དུས། : 2019-10-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གདོང་འབགo0B智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

                ཆུ་ལྷའི་མེ་ལྕེས།
བཅོས་མའི་སྤྲིན་གྱིས་བསྒྲིབས་པའི་ཐུ་འོག་ན་འཚོ་བའི།།
ཟླ་འོད་ཉི་མར་འཁྲུལ་བའི་ཅོལ་ཆུང་འདིའི་རིགས་ཀྱིས།།
མིན་ཡང་ཡིན་པར་བརྫུས་པའི་ངོ་གདོང་འདི་མཐོང་ཚེ།།
ངུ་མ་དགོད་ཀྱི་སྐྱོ་ཉམས་འགོག་མེད་དུ་ཤོར་སོང་།།
 
རྒུད་ཚེ་ལྷུང་བཟེད་རྒྱུས་མེད་རྒྱལ་ཁམས་སུ་གཏད་ཅིང་།།
འབྱོར་ཚེ་སྤྲང་ངོ་མི་ཤེས་མཛུབ་ཀེར་གྱིས་འཕྱ་བ།།
རང་ངོ་རང་གིས་མི་ཟིན་གྲོགས་ངན་གྱི་གཤིས་ལ།།
བསམ་ཞིང་བསམ་ན་སྐྱོ་བའི་མིག་ཆུ་ལས་མི་འདུག།
 
གྲོགས་པོའི་ཞེ་འདང་སྐར་ཁུང་འོད་ཐིག་ལ་བལྟ་ཞིང་།།
རྒྱུ་དང་ནོམ་པ་ཉི་མའི་འོད་ཟེར་ལ་འཁྲུལ་ཏེ།།
གཞན་ཕན་ལྷག་བསམ་རྒྱ་ཁབ་རྩེ་མོ་ཙམ་མེད་པའི།།
གཤིས་ངན་གྲོགས་འདི་དམྱལ་བའི་ལམ་ཁ་ན་ལུས་ཡོད།།
 
རང་རྒྱུ་བསག་འདོད་དུག་སྦྲུལ་གཤིས་ཀ་ལྟར་རྩུབ་པའི།།
གཞན་རྒྱུ་བཟའ་འདོད་བྱ་རྒོད་བམ་རོ་ལ་རྔམས་བཞིན།།
རང་ཟས་ཕོར་གང་ཉིན་རེར་གཞན་ལུས་ལ་བཅོལ་བ།།
ཕྱུག་པོའི་ལུས་འདི་སྒོ་ཉུལ་སྦྲང་པོ་ལྟར་སྨིན་སོང་།།
 
གྲོགས་བཟང་སྨན་གྱི་ལྗོན་དབང་མིག་མདུན་ན་ཡོད་ཀྱང་།།
གྲོགས་ངན་དུག་གི་སྡོང་བོར་རྒྱབ་རྩ་རུ་བཅོལ་སྟེ།།
རང་གཤིས་བཟང་པོ་མཚན་མོའི་མུན་ནག་ཏུ་ལྷུང་དུས།།
དོན་མེད་མི་ཚེ་ཕྲེང་ཐག་ལམ་ཁ་ནས་ཟད་སོང་།།
 
རང་རྒྱུ་རང་དང་མ་བུའི་ཚེ་སྲོག་ལས་གཅེས་པའི།།
གཞན་རྒྱུའི་རིན་ཐང་ལུང་མདོའི་གད་སྙིགས་ལྟར་བལྟ་བ།།
སྡུག་གྲོགས་གཤིས་འདི་དྲན་པའི་ཁོམ་སྐབས་ཀྱི་བར་ན།།
ནམ་ཞིག་དོར་བར་སྙམ་ནས་རེ་བའི་ཁྲོད་སྒུག་ཡོད།།
 
མེད་ན་ཡོད་པར་འདོད་པ་འཇིག་རྟེན་གྱི་ཆོས་ཉིད།།
ཡོད་ན་ཟད་པར་མི་འདོད་གྲོགས་ངན་གྱི་རང་གཤིས།།
གངས་སེང་ཁྱི་ཡི་འོག་ཏུ་ཚུལ་འདོད་ཀྱི་སྟོང་བསམ།།
རེ་ཞིག་མི་འགྲུབ་ཕྱི་མིའི་ཕྲེང་ལམ་ན་སྒུག་ཅིག།
 
བཟའ་བཏུང་རོལ་དུས་སྤྱང་ཀིས་དཔུང་འཇུག་ལ་འགྲན་སོང་།།
ཟས་རིན་རྩིས་སྤྲོད་ཁྱི་རྒན་གྱང་སྟེང་རུ་ཉལ་ཡོད།།
བཟའ་ཤེས་འཐུང་ཤེས་ངོ་ཚ་མི་ཤེས་མཁན་མཐོང་ཚེ།།
མྱུར་དུ་རིང་ནས་འདོར་དགོས་གཤིས་བཟང་ཚོར་སྤྲིངས་སོ།
 
ད་ནི་མི་འབྲི་ཚོར་བ་དུག་སྦྲུལ་གྱིས་ཟོས་སོང་།།
སྙན་ངག་མི་འབྲི་བརྗོད་བྱ་དུག་ཚེར་གྱིས་གཡོགས་ཡོད།།
རྗོད་བྱེད་ཚིག་གིས་གཞན་ལ་ཁ་ཏ་ཞིག་བསམ་ན།།
དུག་ཆུ་ནག་པོ་ཤ་གསེང་རུས་གསེང་ལ་འཐིམས་ཡོད།།

 o0B智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

རྩོམ་སྒྲིག་པ། : admin
མཉམ་སྤྱོད །     
    匿名评论
  • 评论
人参与,条评论