སྲིད་པ།
བྱང་རྫི་དབྱངས།༼ ནག་ཆུ ༽
བྱང་རྫི་དབྱངས། དངོས་མིང་།ཡུང་དཀར་བསོད་ནམས་བཀྲིས། ༡༩༩༦ལོར་ནག་ཆུའི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། 2017ལོའི་སྐབས་གསུམ་པའི་རྒྱལ་ཡོངས་སློབ་ཆེན་སློབ་མའི་བརྩེ་འཕྲིན་འགྲན་བསྡུར་གྱི་ཕུལ་བྱུང་གི་བྱ་དགའ་ཐོབ། 《ལྷམ་སྒྲོག》དུས་དེབ་ཀྱི་རྩོམ་སྒྲིག་པ། 《གངས་རྒྱན་མེ་ཏོག》དང་《བོད་ཀྱི་རྩོམ་རིག་སྒྱུ་རྩལ།》《གུར་ཀུམ་ཆུན་པོ།》《སྦྲ་ནག》《ཁམས་པའི་ཚགས་པར།》གཙོས་བའི་དུས་དེབ་དང་ཚགས་པར་དྲ་ལམ་ཁག་སྙན་ངག་གཙོས་བའི་ལྷུག་རྩོམ་དང་སྒྲུང་ཐུང་སོགས་བརྒྱ་ལྷག་སྤེལ། ད་ལྟ་སློབ་མཐར་ཕྱིན་ནས་ནག་ཆུ་གྲོང་ཁྱེར་དུ་བོད་སྐད་ཡིག་གི་དགེ་རྒན་བྱེད་མུས་མཆིས།
A
མེ་ཏོག་དེ་ལྟེབ་ཆགས་ཤོར་བ་ནས་བཟུང
ཁྱོད་ཀྱི་སྤང་ལྗོངས་ལ་ཐན་པ་ཤར་བ་ཡིན་སྲིད
དུས་ཚོད་ཀྱི་ཆོས་ཉིད་ལ་ངན་ཁག་དཀྲི་ནས
དབྱར་ཁས་ཀྱང་ཁྱོད་ལ་ཁྲེལ་གཞུང་འཚོ་རོགས་བྱེད་མི་སྲིད
ཉི་མ་ལ་ཁའི་སྨྲེ་སེམས་དེ་དབྱངས་ལ་སྦྱང་ཡང
ཁྱོད་ཀྱིས་ཅི་ཞིག་ལེན་ཐུབ་སྲིད
རང་གི་གྲིབ་གཟུགས་ཁོ་ནས་ཁྱོད་ལ་ཁ་ཡ་བྱེད་ཀྱིན
བྲོ་བ་མེད་པའི་སྣ་སུན་སྐྱ་བོ་ཞིག་སྟེར་སྲིད
B
ཡིད་ཆེས་ཀྱི་མེ་ལོང་གས་གྲུམ་ཤོར་པ་ནས་བཟུང
ཡིད་གཞུང་དུ་སྟོང་ལྷང་ངེར་གནས་སྲིད
ཁྱོད་ཀྱི་གླེན་རྟགས་ཚོ་བ་དེར་ཁ་གཡར་ནས
ན་ཚོད་ཀྱིས་ཀྱང་ཁྱོད་ལ་ལང་ཚོ་འཚོ་རོགས་བྱེད་མི་སྲིད
གནམ་མཐའི་སྤྲིན་པ་ཁེར་འགྲོ་དེ་པར་དུ་བླངས་ཀྱང
ཁྱོད་ཀྱིས་ད་དུང་རྒྱང་རིང་མཐོང་མི་སྲིད
རང་གི་ལག་པ་དང་ཁ་པར་ཁོ་ནས་ཁྱོད་ལ་བལྟས་པས
སྙིང་རྗེ་བྲལ་བའི་མཚན་མོ་དེ་བརྗེད་ཨེ་སྲིད
C
དུས་ཚིགས་དེར་དགུན་ཁ་ཤར་བ་ནས་བཟུང
ཁྱོད་ཀྱི་སྣག་ཚག་ཀྱང་འཁྱག་གིས་བསྡམས་ཡོད་སྲིད
མི་རིགས་རིང་ལུགས་ཀྱི་ཕྱོགས་ལྷུང་ཁོ་ནར་ལེ་ལན་དེད་དེ
ཨུ་ཚུགས་ཀྱིས་ཀྱང་ཁྱོད་ལ་མགོ་བོ་དགྱེ་རོགས་བྱེད་མི་སྲིད
དབྱངས་གསལ་གྱི་གཟིཊ་རིས་ཇི་ཙམ་དུང་ཡང
ཁྱོད་ཀྱི་བུ་རབས་ཚ་རྒྱུད་ལ་ཀ་དེབ་ཁ་ཚང་ཞིག་དབང་ཨེ་སྲིད
མེས་པོའི་གླེགས་བམ་གྱིས་དུར་ཁུང་ནས་ཁྱོད་ལ་བལྟས་ཡོད་ཀྱང
ཁྱོད་ཀྱིས་སྙན་ངག་ཐར་ཐོར་ལས་ཅི་ཞིག་ལོན་སྲིད
D
ཨ་རག་དེ་ངོ་ཤེས་པ་ནས་བཟུང
ཁྱོད་ཀྱི་རྨི་ལམ་ཡང་མཇུག་བསྒྲིལ་བ་ཡིན་སྲིད
འཁོར་བའི་འདུ་བྲལ་རྒྱུ་མཚན་དུ་བྱས་ནས
ཆང་མས་ཀྱང་ཁྱོད་ལ་མཉེས་དག་རྒྱག་རོགས་བྱེད་མི་སྲིད
དབུགས་རིང་གིས་ཐ་མག་ག་ཚོད་རྔུབ་ཀྱང
དུ་བ་ཁེར་རྐྱང་དེས་ཁྱོད་ལ་ཨ་ལན་བྱེད་མི་སྲིད
ཁ་ཕོ་ཁོ་ནས་སེམས་རྒྱབ་ནས་བཏེགས་ཡོད་པས
ཁྱོད་ཀྱིས་རང་ཁྱིམ་གྱི་རྒྱལ་སྒོ་རྙེད་ཨེ་སྲིད
2020/1/17ཉིན་ཀོང་པོར་བྲིས།