སྣང་བའི་ཞེན་ཆགས།
རྫ་བ་ཁྲག་སྨྱུག
ངའི་འཁྲེང་ཞེན་མེ་ཏོག་མགུལ་རྒྱན་ལ།།
ནང་སེམས་ཉིད་དག་པའི་ཕྲ་རྒྱན་བཏབ།།
ཕྱི་མི་ཤིགས་དམ་བཅའི་སྲུང་མ་འཁོར།།
དེའི་ཡང་སྙིང་རྡོ་རྗེའི་མགུར་མ་དང་།།
ཚིག་ཁ་དན་གསེར་གྱི་རུས་པ་ཡིན།།
ཡིད་དགའ་བདེ་གསོས་པའི་མེ་དྲོད་དང་།།
ཞེ་སྣང་བ་མཐུན་པའི་ཟམ་ཆེན་ཏེ།།
གོམས་འདྲིས་ཆ་མོད་པའི་བག་ཆགས་ཡིན།།
ལས་བསགས་པའི་ནམ་ཆེན་ཡིན་ནམ་ཅི།།
ཚེ་སྐལ་བ་སྔོན་གྱི་བགོས་སྐལ་ལམ།།
ཡང་འདི་སྣང་འབད་པའི་ས་བོན་ལ།།
རྐྱེན་ཆུ་ལུད་མཐུས་ཀྱི་ལྗང་གཞོན་རེད།།
གང་ཅི་ཆ་སུ་ཡིས་སྙེགས་དཀའ་ཡང་།།
ང་འཁོར་བའི་ཐང་གི་རླུང་བུ་ལ།།
གཞི་ཕལ་བ་ཡིན་ཀྱང་ནང་སེམས་ལ།།
དྲོད་ལམ་མེར་འཁྱིལ་ཞིང་འོང་བ་འདི།།
ང་ཡིད་སེམས་དགའ་བདེས་ཅིའི་མི་རྫོགས།།
2019 11 22 ཉིན་གུང་རིག་མཛོད་ཁང་ནས།
བར་སྐབས་ཤིག་གི་ཉིན་མཚན།
ཆར་ཆུས་བཀྲུས་པ་ཨེ་རེད་འཇའ་ཚོན་ལགས།།
ཚངས་པས་བྲིས་པ་ཡིན་ནམ་ནམ་མཁའ་ཡེ།།
ད་ནི་སེམས་ངལ་མེད་པ་བགྲོད་པས་སོ།།
ངོས་ལ་དབྱར་ཀ་ཚེས་པའི་རོལ་མོ་དཀྲོལ།།
བར་ཐག་ཅེས་པ་འདི་ནས་སྨིག་རྒྱུ་ཡིན།།
སོ་སོའི་ནང་དུ་མེ་ཏོག་དམར་པོས་བཀང་།།
འཁྲེང་ཞེན་ཡིད་ལ་འཁྲུངས་པའི་གཏན་ཚིཊ་ཡིན།།
ཁྱོད་ནི་ཉིན་མཚན་མེད་པའི་མགྲོན་པོ་སྟེ།།
གལ་ཆེན་ཞིག་གི་ཞེ་ཡི་འདང་དུ་སིམ།།
འདི་ནས་ཆུ་ཡིས་མི་བརླན་དྭངས་གཙང་ཡིན།།
ཆར་ཟུར་ཕོག་པ་ལྟ་བུའི་འཇམ་ཤ་ཡོད།།
ཡི་གར་འོང་བའི་པད་མའི་འདབ་ལོ་འགྲོལ།།
འདི་ལྟར་སེམས་ཀྱི་རེག་པའི་བདུད་རྩི་འདི།།
སྤེན་མའི་ཚུལ་གྱིས་ག་ལེར་གུས་པར་བྱོལ།།
ནང་སེམས་གླན་པའི་ཁ་དོག་ཡིན་པས་སོ།།
2019 7 18 དགོངས་མོར་བྲིས།