སྡིག་སྒྲིབ་མཐོང་བའི་མགུར།
ཡིག་འབྲི་པ། •གཞོན་ནུ་དཔལ།
ཚེ་ཡི་དར་ལྕོག་རླུང་གིས་ཕར་ཕར་ལ་བསྐྱོད་དུས།།
ཡིད་སེམས་བག་མེད་ངང་དུ་རྫོགས་དགོས་ཤིག་བྱུང་ན།།
དལ་བའི་རྟེན་འདི་རིན་ཆེན་ནོར་བུ་ལས་ལྷག་ཀྱང་།།
འཆི་བའི་དུས་སུ་ཡི་ཐང་ཆད་རོགས་ཤིག་ཡིན་འགྲོ།།
རང་སེམས་ཆོས་དང་འདྲེས་པའི་དམ་པ་དག་མཇལ་ན།།
རང་རྒྱུད་ཆོས་ཀྱིས་བཏུལ་བའི་གྲུབ་རྟགས་འདི་མཐོང་ན།།
རང་སེམས་ཉོན་མོངས་རྒོད་པའི་ཐ་མལ་བ་ང་ནི།།
རང་གཤིས་ཁེང་དྲེགས་ཆེ་བས་གནོང་འགྱོད་ཅིག་སྐྱེས་སོང་།།
དཀོར་ནག་ཅི་དགར་རོལ་བས་སྡིག་སྒྲིབ་འདི་དྲན་ཚེ།།
ལས་དབང་ཆུ་རིས་གཉེར་མ་གང་སར་ལ་སྐྱོད་འགྲོ།།
འཇག་མས་སྨྲེང་གླུ་ལེན་པའི་སྐྱོ་བ་འདི་བསམ་ན།།
མི་ཚེའི་ལས་དབང་བྱ་སྤུ་རླུང་ཁྱེར་དང་འདྲ་ལེ།།
དཔྱིད་རླུང་འུར་འུར་གྲགས་པའི་ལོ་ཟླ་འདིའི་ཁྲོད་ནས།།
མི་སེམས་ཟང་ཟིང་ཡིན་པའི་ངང་ཚུལ་འདི་མཐོང་ན།།
ལྷགས་རླུང་ཚ་པོ་ཞིག་གིས་དུས་ཚིགས་འདི་བསྒུལ་བྱུང་།།
རྣམ་རྟོག་རྐྱེན་པོ་ཞིག་གིས་སྣང་བ་འདི་འཁྲུགས་སོང་།།
དགའ་སྐྱོའི་ཚོར་འདུ་རྒོད་པའི་གཞོན་དུས་ཀྱི་འཚོ་བ།།
སྣང་བ་དགུང་ལས་མཐོ་བའི་ལོ་གཞོན་གྱི་གཤིས་ཀ།
མི་སེམས་ཁྲ་ཁྲ་ཡིན་པའི་དུས་རབས་འདིར་སྐྱེས་ན།།
བར་ཆད་སྤྲིན་ལྟར་འཐིབ་པས་སེམས་པ་འདི་སྐྱོ་སྐྱོ།།
རིགས་ལམ་ཐོག་གི་དབལ་ཁའི་སྦྱོར་བ་དེ་བརྩམས་དུས།།
དམ་བཅའ་ཆུ་མོ་བཞིན་ཏུ་དབང་མེད་དུ་མ་ཤོར།།
ཞེ་སེམས་མུན་པ་འཐིབ་པའི་གཤིས་རྒྱུད་འདིའི་ཁྲོད་ནས།།
མི་རྟག་སྒྱུ་མའི་ཆོ་འཕྲུལ་འགོག་ཐབས་ཤིག་མ་རྙེད།།
འདབ་ལྡན་ཚང་ཚིང་འཁྲིགས་པའི་བརྟུལ་ཞུགས་ཀྱི་གནས་སུ།།
ཁེར་རྐྱང་རི་སུལ་འགྲིམས་དུས་སྐྱོ་སྐྱོ་ཞིག་མ་བྱུང་།།
འཁོར་བའི་སྐྱོ་གར་སྣ་ཚོགས་མིག་ལམ་དུ་འཆར་དུས།།
སེམས་པ་སྐྱོ་བས་མི་གཟིར་རང་དབང་ཞིག་མ་བྱུང།།
ལས་དབང་བསམ་ནག་ཟེར་ནས་སྐྱོ་སྐྱོ་ཞིག་མི་དགོས།།
དྲན་པ་སྐོར་ལོག་བརྒྱབས་ནས་འདུར་རྒྱུག་དེས་ཅི་ཕན།།
ཡིད་སེམས་བླ་མའི་ཐུགས་དང་དབྱེར་མེད་དུ་འདྲེས་ན།།
ཚེ་འདིར་རང་ཚུགས་ཐུབ་པའི་དཔའ་གདེང་ཞིག་འཐོབ་བོ།།
2020/4/8- ཉིན།