ནད་ཡམས་སྔོན་འགོག་སྐོར་གྱི་ཀ་རྩོམ།
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

ནད་ཡམས་སྔོན་འགོག་སྐོར་གྱི་ཀ་རྩོམ།

ཡོང་ཁུངས། : ལི་སྨད་ཤེས་རབ་བྱམས་བརྩེ་སློབ་གྲྭ།   རྩོམ་པ་པོ། : •ལི་སྨད་ཉི་གཞོན•  ཀློག་གྲངས །: སྤེལ་དུས། : 2020-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།
ཀྭ་ཡེ་གསོན་དང་བློ་ལྡན་སློབ་མ་རྣམས། །
ཁ་སང་དེ་རིང་མི་འདོད་རིམས་ནད་ཅིག །
ག་ས་གང་དུ་གློ་བུར་འཇབ་ནས་ཐོན། །
ང་ཚོས་ལྷོད་གཡེང་མ་བྱེད་རྣམ་རིག་སྒྲིམས། །

ཅ་ལེ་ཅོ་ལེ་མ་བྱེད་དོགས་ཟོན་མཛོད། །
ཆ་མེད་རྒྱུས་མེད་མི་ལ་འཛེམ་བྱས་ནས། །
ཇ་ཐུན་ཟས་ཐུན་བར་ནས་ལག་པ་ཁྲུས། །
ཉ་ར་གཙང་སྦྲ་བྱོས་དང་ནད་དུག་འགོག །

ཏ་ལེ་ཇི་བཞིན་རྒྱས་པའི་མི་ཚོགས་ཁྲོད། །
ཐ་ཤལ་ཅན་འགའ་ལྟོ་ལ་རྔམ་དྲགས་ནས། །
ད་ལྟའི་ཏོག་དབྱིབས་ནད་ཀྱི་བྱུར་དྲངས་ཏེ། །
ན་ཚོད་དབྱེ་བ་མེད་པར་སྡུག་ལ་སྦྱར། །

པ་པ་ཟོས་ཏེ་ཡག་པོ་སྡོད་པ་གལ། །
ཕ་རོལ་ཁྱིམ་ཚང་གཞན་ལ་འགྲོ་དགོས་ན། །
བ་སོ་ལས་ཀྱང་དཀོན་པའི་ཁ་ཐུམ་རྒྱོབ། །
མ་རུང་གློ་ཚད་སྔོན་འགོག་ལྷོད་མི་རུང་། །

ཙ་ཏ་ཀ་ལྟར་མཉམ་དུ་ཟས་མ་སྤྱོད། །
ཚ་བ་རྒྱས་ན་མྱུར་དུ་ཉེ་མིར་ཤོད། །
ཛ་དྲག་མ་གྱུར་གོང་ནས་སྨན་པར་སྟོན། །
ཝ་ལེར་རང་གཅེས་གཞན་ལ་གནོད་མ་སྐྱེལ། །

ཞ་ཆག་འཐེང་འཁུམ་ཡིན་ཡང་ལུས་རྩལ་སྦྱོངས། །
ཟ་མ་གཙང་མ་དུས་ཚོད་ལྟར་དུ་ཟོ། །
འ་འུར་དཀྲོག་གཏམ་ལ་སོགས་སྤེལ་མི་རུང་། །
ཡ་རབས་ཚུལ་མཐུན་ལས་ལ་འཇུག་པར་འཚལ། །

ར་བ་གངས་ཀྱིས་བསྐོར་པའི་བོད་ཡུལ་གྱི། །
ལ་ལུང་རུ་སྡེར་གནས་པའི་སློབ་མ་ཚོ། །
ཤ་ཚའི་གཏམ་འདི་རང་གི་སེམས་ཚོར་ཡིན། །
ས་ཕྱོགས་སོ་སོའི་ཁྱོད་ཚོར་ཕན་གྱུར་ཅིག །

ཧ་ཅང་ཚིག་སྦྱོར་སླ་མོའི་སྙིང་གཏམ་འདི། །
ཨ་མའི་བུ་ཡིས་ལན་གཅིག་གཟིགས་མཛོད་དང་།།
ཧ་ལམ་མི་རྟོགས་མཁན་ཞིག་ཡོད་མི་སྲིད། །
ཨ་རོག་ཁྱོད་ཚོར་ཕན་རེ་ཐོགས་ན་ཐང་། ། 


nit智之阳网络 康巴教学资源网 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网

རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论