ངས་སྙན་ངག་འབྲི་དོན།
--སྒྲ་གཅན།
ངས་སྙན་ངག་འབྲི་དོན་ནི ང་ནི་ཚོར་བའི་དབྱངས་རྟས་བསྣམས་པའི་རྣམ་ཤེས་ཤིག་ཡིན་པས
ངས་སྙན་ངག་འབྲི་དོན་ནི ངའི་ཨ་ཕ་བོད་ཡིན་ལ་ཨ་མའང་བོད་ཡིན་ཏེ།བོན་འགྱུར་བོད་ཀྱི་བུ་རབས་ཚ་རྒྱུད་ཡིན་པས
ངས་སྙན་ངག་འབྲི་དོན་ནི ང་ནི་ངག་རྒྱུན་དུ་ཆེས་སྙིང་རྗེ་ཆེ་བའི་བོད་ཀྱི་གདུང་རྒྱུད་ཡིན་པས
ངས་སྙན་ངག་འབྲི་དོན་ནི དགེ་ཆོས་སྨྱོན་པ་ངའི་མེས་པོས་བཙོན་ལ་སྦྱར་ཕྱིར
ངས་སྙན་ངག་འབྲི་དོན་ནི ང་ནི་ངུ་སྐྱེན་ལ་དགོད་སླ་བའི་མི་ཞིག་ཡིན་པས
ངས་སྙན་ངག་འབྲི་དོན་ནི ང་ནི་ཨ་གསར་ཅུང་ཆེ་ལ་ཨུ་ཚུགས་ཅུང་བཙན་པའི་མི་ཞིག་ཡིན་སླད
ངས་སྙན་ངག་འབྲི་དོན་ནི ངས་འཆི་བ་ཡོད་པ་ཤེས་ཤིང་ནམ་འཆི་མི་ཤེས་ཕྱིར
ངས་སྙན་ངག་འབྲི་དོན་ནི ང་ནི་གཡང་དཀར་གྲོང་ཚོ་ནས་སྐྱེས་པ་ཡིན་ལ།དེར་བོད་པ་ཅུང་མང་ལ་རྒྱ་ཡང་ཅུང་མང་སྟེ།ཁོ་ཚོ་ཚང་མ་འོ་ཆུ་མཉམ་འདྲེས་ཀྱི་ཚུལ་ཏུ་གནས་ཕྱིར
ངས་སྙན་ངག་འབྲི་དོན་ནི ང་རང་ངག་རྒྱུན་ལ་ཧ་ཅང་དགའ་བས།ངག་རྒྱུན་གྱི་རྒྱ་ལས་གྲོལ་མ་ཐུབ་པས
ངས་སྙན་ངག་འབྲི་དོན་ནི ངས་དགེ་སྡིག་གི་དབྱེ་བ་འབྱེད་ཤེས་ཤིང་།ཨེ་དབྱིན་སུ་ཐཱན་དང་མའོ་ཙེ་ཏུང་སོགས་ལ་ཡིད་སྨོན་འཆོར་ཕྱིར
ངས་སྙན་ངག་འབྲི་དོན་ནི ངའི་ཨ་མྱེས་གནའ་གཏམ་བཤད་རྒྱུར་དགའ་བས
ངས་སྙན་ངག་འབྲི་དོན་ནི ང་རང་དུས་ཚོད་དང་ཆ་འཕྲིན་བར་ན་འཁྱུར་མིད་གཏོང་བཞིན་པས
ངས་སྙན་ངག་འབྲི་དོན་ནི ལྦུ་ཆང་དང་ཐ་མག་གི་ཁ་ནས་བོར་ཟིན་པའི་རང་ཉིད་འཚོལ་ཕྱིར
ངས་སྙན་ངག་འབྲི་དོན་ནི སྦྲང་རྩི་ལྟ་བུའི་དགོང་མོ་ཞིག་ལ་དུག་སྦྲང་ལྟ་བུའི་གཤེད་མ་ཞིག་གིས་ང་རང་ཚལ་བ་བརྒྱ་རུ་གཤེགས་ཀྱང་ང་རང་མ་ཤི་བས
ངས་སྙན་ངག་འབྲི་དོན་ནི སྒྲོལ་མའི་སྐྲ་ལོ་ཇེ་ཐུང་ཡིན་པས
ངས་སྙན་ངག་འབྲི་དོན་ནི ངས་རྟག་ཏུ་ལུང་བསྟན་པ་ནང་བཞིན་དངོས་དོན་རིང་ལུགས་ལས་བརྒལ་བའི་སྐད་ཆ་ལབ་པས
ངས་སྙན་ངག་འབྲི་དོན་ནི མཱང་ནཱ་ལུའི་ཧྲ་དང་ཨ་ཅེ་ལྷ་མོ་གཉིས་ལ་ཁྱད་པར་མེད་ཕྱིར
ངས་སྙན་ངག་འབྲི་དོན་ནི ང་རང་ནི་རྔོན་པའི་མདུན་གྱི་རི་སྤྱང་དུ་སྣང་བས
ངས་སྙན་ངག་འབྲི་དོན་ནི ངའི་ཨ་ཅེ་གསེར་དངུལ་གཡུ་བྱུར་ལ་དགའ་བས
ངས་སྙན་ངག་འབྲི་དོན་ནི ངས་རྫུན་སྨྲ་མི་ཤེས་པས
ངས་སྙན་ངག་འབྲི་དོན་ནི ངའི་འཚོ་བར་གསོན་ཤུགས་སྐྲུན་པའི་ཕོ་ཉ་སྨུག་པོ་ཡིན་ཕྱིར
ངས་སྙན་ངག་འབྲི་དོན་ནི ངས་ཕ་ཡུལ་གྱི་སྔུར་སྒྲ་ཐོས་པས་མིག་མཐར་མཆི་མ་འཁོར་བས
ངས་སྙན་ངག་འབྲི་དོན་ནི ལྷ་ས་ལྷ་ས་མིན་པར་ལྷ་ས་ཁྱི་ཚོགས་ཀྱི་གནས་མལ་ཡིན་པས
ངས་སྙན་ངག་འབྲི་དོན་ནི ཆ་རྒྱུས་མེད་པའི་ངོ་གདོང་མང་པོ་ཞིག་གིས་ང་ལ་ཕུར་ཚུགས་སུ་ཅེར་འདུག་པས
ངས་སྙན་ངག་འབྲི་དོན་ནི རྒྱུས་མངའ་ཡོད་པའི་སེམས་པ་མང་པོ་ཞིག་གིས་ངའི་མདུན་ལམ་ལ་ཐེ་གཏོགས་བྱེད་པས
ངས་སྙན་ངག་འབྲི་དོན་ནི ང་ནི་ལས་དབང་གིས་བརྫིས་པ་ཞིག་མིན་པར་སྟེས་དབང་གིས་གྲུབ་པ་ཞིག་ཡིན་པས
ངས་སྙན་ངག་འབྲི་དོན་ནི ང་རང་མཐོ་ས་ནས་དམའ་སར་ལྟ་རྒྱུར་དགའ་ལ་དམའ་ས་ནས་མཐོ་སར་ལྟ་རྒྱུར་དགའ་བས
ངས་སྙན་ངག་འབྲི་དོན་ནི འཛད་ཀྱིན་པའི་ལོ་ཟླར་ཁ་ཡག་དང་ཀུ་རེ་གཏན་ནས་མེད་པས
ངས་སྙན་ངག་འབྲི་དོན་ནི ཟྭ་བོར་བའི་ལྡེ་མྱིག་ཅིག་རྙེད་པས་ཏེ།ཟྭ་དེ་འཚོལ་ཕྱིར
ངས་སྙན་ངག་འབྲི་དོན་ནི ངའི་ཕ་ས་གླུ་གར་གྱི་རྒྱ་མཚོ་ཡིན
ངས་སྙན་ངག་འབྲི་དོན་ནི ཁྱོད་ཀྱི་འཇམ་མཉེན་གྱི་མཆུ་སྒྲོས་ལ་མྱོང་འདོད་མིན་ལ་འཕག་འཚག་གི་ང་རོ་འབྱིན་སླད
ངས་སྙན་ངག་འབྲི་དོན་ནི རྨ་འབྲི་རྫ་གསུམ་གྱི་མགོ་ཁུངས་གངས་ལ་ཐུག་པས
ངས་སྙན་ངག་འབྲི་དོན་ནི རྒྱལ་མོ་དངུལ་ཆུས་ང་ལ་གྱེས་བརྡ་འཇོག་བཞིན་པས
ངས་སྙན་ངག་འབྲི་དོན་ནི པེ་ཏོ་ཧྥུན་དང་པེ་ལེ་མན་གྱིས་རང་སྲོག་བཅད་པའི་རྒྱུ་རྐྱེན་འཚོལ་ཕྱིར
ངས་སྙན་ངག་འབྲི་དོན་ནི ང་ལ་འདི་ལས་ལྷག་པའི་གདམས་ཀ་མེད་ལ་ང་ལ་འདི་ལས་དགའ་བའི་དགའ་རོགས་མེད་པས