་་་་་་་་་་་་་་་་་་་་་་་དེང་དུས་སློབ་གསོའི་ཁ་ཕྱོཊ་ལས་གསལ་བའི་ངོ་རིས།
སྔར་ནས་ད་བར་སློབ་གསོ་ནི་མིའི་རིགས་ཀྱི་བསམ་བློ་དང་ཀུན་སྤྱོད། ཤེས་རིག ཕུཊ་བསམ་སོགས་ཡར་བསྐྱེད་ཡོང་བའི་འགུལ་ཤུགས་ཤིག་དང་དེ་དག་བརྟན་པོར་བཏེཊ་བྱེད་ཀྱི་ཀ་བ་ཞིག་དང་ཡང་མཚུངས། དེ་བས་ཀྱང་སློབ་གསོ་བ་ལ་བརྟེན་ནས་མི་བུ་ཁྲི་སྟོང་མང་པོར་ཡང་དག་ལམ་ཕྱོགས་རྙེད་ཅིང་ཁོ་ཚོས་ཀྱང་སློབ་གསོ་བའི་ཚོགས་ལ་བསྟོད་པའི་བསྟོད་རབས་གྲངས་ལས་འདས། འོན་ཀྱང་དེ་རིང་ཁ་སང་སློབ་གསོའི་ཐད་ལ་ན་ཚ་ཚབས་ཆེན་ཞིག་ཕོག་ཡོད་དེ། འདི་ཡང་ས་གནས་ཀྱི་ཁོངས་སམ་རྫོང་གི་ཁོངས་སུ་ཐེ་ཇུས་བྱེད་མཁན་གྱི་སློབ་གསོ་ཅུད་ཀྱི་རྩ་དོན་ནམ་སྒྲིག་འཛུགས་རི་གཟར་རྦབ་རྡོ་འདྲ་བ་ཞིག་གི་འོག་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གང་དུའང་སློབ་གསོའི་བྱ་བ་བྱེད་མཁན་གྱི་མིང་ཙམ་འཁྱེར་བའི་དགེ་རྒན་ཁྱུ་དང་ཁྱུས་སློབ་གསོའི་ཁ་ཕྱོགས་ལྡོག་ནས་ལོག་བཤད་དང་འཁྱོག་འགྲེལ་གྱིས་གསར་སྐྱེས་ཀྱི་མི་བུ་རེ་བ་ཡོད་སྙམ་པ་ག་ཚོད་དང་ག་ཚོད་འཕྲོ་བརླག་དང་གཡང་ལ་བསྐྱུར་བའི་བསྒྱུར་བཅོས་སམ་ལས་འགུལ་ཆེན་པོ་ཞིག་སྤེལ་དང་སྤེལ་མུས་རེད།
དེ་ཡང་གསལ་པོ་ཅིག་དང་རྡོག་རྡོག་ཅིག་བཤད་ན། དེ་རིང་ཁ་སང་གི་སློབ་གསོའི་བྱ་བ་བྱེད་ཕྱོགས་བྱེད་ལུགས་འདི་ནི་ཕྱི་ཚུལ་དང་འདྲ་ཆགས་ཀྱི་སྒོ་ནས་ཁ་ནས་བཤད་ས་མེད་ལ་མིག་ལ་འཁྲུལ་དུ་འཇུག་པའི་སྒྱུ་མའི་བྱ་ཐབས་ཤ་སྟག་རེད། ག་དུས་ཡིན་རུང་སྐར་གྲངས་མཐོ་པོ་དང་མཐོ་པོ་དགོས་ཞེས་ཉི་མ་རྟག་པར་མ་ཎི་བརྡོལ་བ་བཞིན་སློབ་མའི་ཚོགས་ལ་འཇིགས་སྣང་དང་བཙན་ཐབས་ཀྱིས་ཧ་ལམ་འཛམ་གླིང་ཧྲིལ་པོར་གཏམ་བཤད་ཧང་སང་དགོས་པ་ཞིག་བྱེད་བརྩིས་ཡོད་པ་དང་ཨ་ན་མ་ན་རེད། སློབ་གསོ་རྐང་ཆག་ལག་ཆག་འདི་འདྲ་ཞིག་གིས་ད་དུང་ང་ཚོས་ཁྱོད་ཚོ་ནི་མ་འོངས་པའི་མི་རིགས་དང་རྒྱལ་ཁབ་ཀྱི་བདག་པོ། ང་ཚོའི་ཤུལ་འཛིན་བྱེད་མཁན་རེད་ལ་སོགས་ཐེགས་དཀའ་ལ་སྒྲུབ་ཁག་པའི་ཆོ་ལོ་ཞིག་རྗེས་རབས་པ་དུ་མའི་དྭངས་གཙང་སེམས་ཀྱི་ངོགས་ལ་མ་འདོད་བཞིན་དུ་ནག་ཐིགས་བསྐོས་བཞིན་ཡོད། ང་ཚོའི་བྱེད་སྟངས་འདི་འདྲ་ཞིག་ལས་མེད་པར་ད་དུང་སློབ་གསོ་རྒྱག་ས་ཚོར་རེ་བ་ཚ་ནན་སྟོན་རྒྱུ་དེ་ནི་“ཆོས་སྐྱོང་རང་སྒོ་མ་ཐོན་པར།། གཤིན་པོའི་རྣམ་ཤེས་ཡར་འདྲེན།།”རང་རེད། མཛུབ་མོ་རང་ལ་གཏད་ནས་ཚ་འདྲི་ཞིག་བྱེད་དང་། བསམ་བློ་ཡག་པོ་ཞིག་གཏོང་དང་། ང་ཚོས་རྗེས་རབས་པ་ཚོར་ཡང་སྙིང་སློབ་གསོའི་ཐད་བྱ་ཐབས་ཡང་དག་ཅི་འདྲ་ཞིག་སྤྱད་ནས་ད་གཟོད་ང་ཚོ་བློ་ཡིད་ཚིམ་པོའི་སྒོ་ནས་འཇིག་རྟེན་འདིར་ཞལ་གྱེས་ཞུ་རྒྱུ་ཡིན།
དེང་གི་ཆར་སློབ་གྲྭ་ཆེ་འབྲིང་གསུམ་གང་དུའང་སྐར་གྲངས་ཀྱི་ཡོད་ཚད་ཁ་ལོ་བསྒྱུར་གྱི་ཡོད་པས་རང་གི་སློབ་མ་དག་སྐར་གྲངས་མཐོ་པོ་བྱུང་ན་གོང་རིམ་དབུ་འཁྲིད་ཀྱི་ཁྱོད་རང་འཇོན་ཐང་ཅན་དང་ཤེས་ཡོན་གྱི་ཕྱུག་པ། ཉམས་མྱོང་ཀུན་ལས་ལྷག་པ་སོགས་ཀྱི་གཟིགས་སྐྱོང་དང་ངོ་སོ་གཏོད་ལ་མཚན་སྙན་གཟི་བརྗིད་ལག་འཁྱེར་དང་དངུལ་དམར། ཁ་བཏགས་དཀར་གཙང་སོགས་ཀྱི་མཐུན་རྐྱེན་བཟང་པོ་བརྗོད་མེད་རེད། ཁོ་ཚོར་འདི་འདྲའི་འཐོབ་བྱ་མང་པོ་འདི་ཡང་ཁོ་ཚོས་སློབ་གསོའི་ཁ་ཕྱོགས་སམ་བྱ་ཐབས་འདི་ནི་ཡོད་ཚད་ཀྱི་ཡོད་ཚད་ཡིག་རྒྱུགས་དང་སྐར་གྲངས་གཅིག་བུ་བསམ་ནས་ནམ་ལངས་པ་ནས་ས་རུབ་རུབ་བར་དཀའ་ལས་ཁྲག་དྲི་ཤིག་ཤིག་རྒྱག་གི་ཡོད། ཐ་ན་དཀའ་ལས་འདི་འདྲ་ཞིག་གི་ཤུགས་ལས་ཡང་དོན་དག་ག་ཚོད་དང་ག་ཚོད་ཅིག་ཅར་དུ་མཚོན་གྱི་ཡོད། དེ་བས་ཀྱང་གོང་རིམ་དབུ་འཁྲིད་ནས་ཀྱང་ཚ་འདེད་ཆེན་པོ་ཞིག་གིས་སྟོབས་ལས་གལ་སྲིད་རང་གི་སློབ་མ་དག་ལ་སྐར་གྲངས་ངེས་ཅན་ཞིག་མེད་ན་རང་ཡོན་ཏན་མེད་པ། འཇོན་ནུས་མེད་པ། ཀུན་ལས་དམན་པ། སློབ་གྲྭ་ཆེན་མོ་སྒྲིམ་པ་སྟོང་ཟད་སོགས་ཀྱི་འཕྱ་དམོད་དང་ཟུར་ཟའི་འོག་ནས་ལངས་ཀྱང་དཀའ་བར་གྱུར་གྱི་ཡོད། དེས་རྐྱེན་པས་གཤམ་འོག་གི་དགེ་རྒན་“ཁ་ལ་མ་ཉན་རང་ཉན་དང་འདི་ལྟར་མ་བྱེད་རང་བྱེད་ཚོས་”ཀྱང་གོང་རིམ་གྱི་སྡུག་ཡུས་འཁྱེར་མ་ཐུབ་པར་ཡར་བཤད་ས་ཁག་པོ་དང་བཤད་མཁན་ཡང་མེད་པ་ཡིན་དུས་མདུང་རྩེ་གཏད་ས་དེ་སློབ་མའི་ཚོགས་ཁོ་ནའོ།
སློབ་གསོའི་ཐད་ཀྱི་བསྒྱུར་བཅོས་ཡ་མ་ཟུང་དང་ཆོས་ཉིད་ལས་ལྡོག་པའི་ཐབས་ལམ་འདིས་དགེ་རྒན་ཚོས་ཀྱང་སློབ་གསོའི་བྱ་བ་འདི་ལྟར་གཉེར་གྱི་ཡོད་དེ། སློབ་ཚན་འཚོགས་མ་ཐག་དང་འགྲོལ་མ་ཐག་གང་ལྟར་ག་དུས་ཡིན་རུང་“འོ། སློབ་སྦྱོང་ཡག་པོ་བྱེད་དགོས། ཡིག་ཚད་ཡག་པོ་བཏང་དགོས། སྐར་མ་དྲུག་ཅུ་མ་བཏང་ན་རྐུབ་ལ་རྒྱུག་པ། བརླ་ཤར་ཤ་གཅུས་སོགས་ཀྱི་ཁྲིམས་ཆད་ཕོག་གི་རེད་ཅེས་ངར་ངར་བྱེད་ཀྱི་ཡོད། དཔེ་ཆ་བཞག་ན་སློབ་མ་ག་གེ་མོ་ཞིག་གི་རང་གི་ཁྱིམ་དུ་ཡོན་ཏན་ཡོད་པ་ཞིག་གི་སློབ་གྲྭར་བསླབ་མེད་ལ་སྦྱངས་མྱོང་ཡང་མེད་པའི་རིག་གནས་ཆུང་ཆུང་ཚིག་གྲོགས་བཟོ་ཡས་ཁག་ཅིག་བསླབ་པར་ངོས་འཛིན། ཁོས་ཀྱང་དེ་དག་ཤེས་འདོད་ཀྱི་རྟག་ཏུ་སྦྱངས། ཐ་ན་སློབ་ཚན་སྐབས་སྦྱངས་དུས་དེ་ཐད་ཀར་དགེ་རྒན་ནས་ཧ་གོ་རྗེས་ཁོ་ལ་ཉེས་བརྡུངས་དྲག་པོ་ཅིག་བཏང་། དེ་ལ་རྒྱུ་མཚན་བཤད་ན་དགེ་རྒན་ནས་“ཁྱོད་ཀྱི་ངའི་སློབ་ཚན་ཡག་པོ་མ་ཉན་པར་ཡིག་ཚད་དང་འབྲེལ་བ་མེད་པ་སྦྱངས་ནས་གང་བྱེད། ངས་ད་རེས་ཀྱི་སློབ་ཚན་ནང་བཤད་པ་མང་ཆེ་བ་ཡིག་ཚད་དང་འབྲེལ་བ་དམ་ཟབ་ཡོད་པས་གལ་སྲིད་དེ་ཚོ་ཡིག་ཚད་ལ་ཡོད་བྱས་རང་གི་མ་ཤེས་ན་སྐབས་དེ་དུས་ངས་རང་རོ་འདྲ་བ་ཞིག་བཟོས་ཀྱི་ཡིན།”སོགས་ཀྱི་སྐད་ཤུགས་དང་དྲག་ཤུགས་ཅི་རིགས་ལ་བརྟེན་ནས་སློབ་མས་རང་འགུལ་གྱིས་སློབ་གྲྭའི་ཤེས་བྱ་མིན་པ། ཡིག་ཚད་དང་འབྲེལ་བ་མེད་པ། མི་ཚེ་གཅིག་ལ་ཕན་ཧ་ཅང་ཐོགས་པའི་རིག་གནས་དག་སྦྱོང་བར་བཀག་རྒྱ་ལྷག་པར་ཆེ་བས་སློབ་མ་ཚོ་ཡང་ག་ལེར་དགེ་རྒན་ཚོའི་ལག་ཆ་དང་བེད་སྤྱོད་གཏོང་ཡུལ་དུ་ཆགས་བཞིན་རང་ཉིད་ཀྱི་མོས་པ་དང་མཐུན་པའི་རིག་གནས་སྦྱངས་འདོད་ཀྱི་མེ་ལྕེ་ལྟ་བུའི་འདུན་པ་དྲག་པོ་དེ་ཡང་དལ་བ་དལ་བུར་སྐམ་བཞིན་ཡོད།
ངས་རང་ཉིད་སློབ་གསོའི་བྱ་བ་བྱེད་མཁན་ཞིག་གིས་ངོས་ནས་རྡོ་ཡར་བཀྱགས་ནས་སོ་སོའི་རྐང་པར་ཞུ་བའི་དཔེ་བཞིན་བྱེད་ཀྱི་མེད། དེ་བས་ཀྱང་ནམ་ཞག་རྒྱུན་དུ་སོ་སོའི་གྲོགས་པོ་དང་ལས་རོགས་ཕན་ཚུན་ཁ་བརྡ་བྱེད་དུས་ཀྱང་ཡིག་ཚད་གཙོ་བ་མིན་ལུགས་དང་སྐར་གྲངས་མཐོ་པོ་དགོས་པ་མེད་ལུགས། གཙོ་བོ་སློབ་མའི་རྨང་གཞི་བརྟན་པོ་འཛུགས་ལུགས་སོགས་ཀྱི་ཀུན་ལ་རྔོ་ཐོགས་ན་སྙམ་པའི་སྐད་ཆ་འགའ་བཤད་ཀྱི་ཡོད། ངའི་བཤད་ལུགས་བཤད་སྟངས་ལ་གཡོལ་མཁན་འདུག་ལ་དགའ་བསུ་ཞུ་མཁན་ཡང་འདུག དེ་བས་ཀྱང་ངས་སློབ་གསོའི་ཐད་ལ་དགེ་རྒན་ཆེན་མོ་རྟག་ཏུ་བརྟེན་མྱོང་མེད་ལ་འདི་འདྲའི་བསོད་ནམས་ཀྱང་མེད། ད་དུང་སློབ་གསོའི་ཐད་ཀྱི་གཞུང་ལུགས་དེ་དང་འདི་འདྲ་བ་རི་རབ་ཡོད་ཀྱང་ཡོད་ཚད་བལྟ་མྱོང་མེད་ལ་བལྟ་བའི་དགོས་པ་ཡང་མ་མཆིས་སྙམ། ངས་གཞུང་ལུགས་ལས་དོན་དངོས་གཙོ་བོར་འཛིན་གྱི་ཡོད། རིག་གནས་ཧང་སང་བ་མེད་ནའང་དོན་དངོས་འཚོ་བའི་སྟེང་གི་གཙོ་ཕལ་ཤེས་ཀྱི་ཡོད། བྱ་བའི་འཇུག་སྟངས་བྱེད་ཀྱི་ཡོད། སློབ་གསོའི་བྱ་བ་བརྩམས་ནས་ལོ་ཕྱེད་ཙམ་ལས་མ་སོང་ཡང་ངས་དེ་ཕྱོཊ་ཀྱི་སློབ་གསོའི་ངོ་རིས་དག་ལག་མཐིལ་ནང་བཞག་ཡོད། ཆེན་པོ་ཡིན་ཟེར་མཁན་འདུག་ལ་བྱས་རྗེས་བཞག་ཡོད་ཟེར་མཁན་ཡང་འདུག ཧ་ལམ་གོང་ལ་བཤད་ཟིན་པའི་“སློབ་གསོ་”དེའི་དྲིན་ཡིན་གྱི་རེད། “སློབ་གསོ་”དེའི་འགྲོ་སྟངས་ལ་གོམས་པར་གྱུར་ན་ཧ་ལམ་ཚང་མ་སྔ་ཕྱིའི་ཚད་བཀག་མ་གཏོགས་ཆེན་པོ་དང་བྱས་རྗེས་ཡོད་པ་ཆགས་རྒྱུ་དེ་རྨི་ལམ་ཡིན་མི་སྲིད།
འོན་ཀྱང་ངས་རང་ཉིད་ལ་རེ་བ་ཆེན་པོ་བཏོན་གྱི་ཡོད། སོ་སོས་བཤད་པར་ཡིད་འཇོག་དང་དོན་ལ་འཁྱོལ་བ་བྱེད་པ་ནི་ངའི་རྩ་དོན་ཞིག་གམ་འགྲོ་སྟངས་ཤིག་ཡིན། དེ་བས་ཀྱང་སྔར་སོང་དགེ་རྒན་དམ་པའི་བཀའ་སློབ་དང་ད་བར་ཕ་མ་གཉེན་ཉེ་སོགས་རང་ཉིད་ལ་ཡིད་ཆེས་དང་རྒྱབ་སྐྱོར། སྐུལ་མ་སོགས་གནང་མཁན་ཚོའི་རེ་བ་གསོན་པོ་དེ་དག་ཆུ་ལ་བསྐྱུར་མི་སྲིད། རང་ཉིད་མུ་མཐུད་སློབ་གསོའི་བྱ་བར་འཇུག་བཞིན་དུས་སློབ་མ་ཚོའི་སྔར་གྱི་རེ་བ་སྐམ་པོ་དག་བསྐྱར་གསོན་ཡོང་རྒྱུ་དང་སུ་དང་གང་གི་སྐར་གྲངས་མཐོ་པོ་མ་བྱུང་བར་ཆད་པ་ག་ཚོད་བཏང་རྒྱུ་དང་སྨྲ་འབེབ་ག་ཚོད་བཏང་རྒྱུར་ཁོ་ཚོ་དཀའ་ལས་མི་ཁག་ན་ང་སྐྲག་དོན་མེད། ཡང་སྒོས་ང་རང་འགྲོ་མེད་འདུག་མེད་དུ་གྱུར་ཡང་ངའི་རྩ་དོན་ལ་འགྱུར་བ་མེད། སློབ་མ་ཚོར་གནོང་འགྱོད་མེད་པ་ཞིག་དང་ཕན་ཐོགས་ངེས་ཅན་ཞིག་བྱུང་ན་དེ་ནི་ངའི་ཕུགས་བསམ་གྱི་གླེང་གཞི་ཡིན་ལ་འབྱུང་འགྱུར་གྱི་ཁ་ཕྱོགས་དེ་ཡང་ཡིན་ནོ།།
༢༠༡༤.༠༨.༢༢ཉིན་གྱི་ཉིན་གུང་སྐབས་ལ་ཕུན་ཁང་རྣམ་རྒྱལ་ཚེ་རིང་ནས་རང་ཁྱིམ་དུ་སྦྱར།
༄༅།། སྐར་གྲངས་འོག་ཏུ་ལུས་པའི་སློབ་མའི་སེམས་པ།
ཡོང་ཁུངས། : བོད་ཀྱི་སློབ་འབྲིང་དྲ་བ། སྤེལ་དུས། : 2015-03-25
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །