ཁུང་ཙིས“ཤེས་པ་ལས་ལེགས་པ་གཙོ། ལེགས་པ་ལས་སྤྲོ་བ་གཙོ”ཞེས་སྤྲོ་བའི་གལ་ཆེན་རང་བཞིན་བསྟན་ཡོད་པ་ལྟར། སྤྲོ་བ་ནི་དམིགས་བསལ་གྱི་བསམ་པའི་འདུ་ཤེས་ཤིག་ཡིན་པས། སློབ་སྦྱོང་བྱེད་པའི་བསམ་འདུན་གྱི་སྒུལ་ཤུགས་དང་ཤེས་བྱ་སློབ་འདོད་ཀྱི་འབྱུང་ཁུངས་ཡིན། དེ་བས་དགེ་རྒན་གྱིས་སློབ་ཁྲིད་བྱེད་པའི་སྐབས་སུ་སློབ་མ་རྣམས་ལ་ཤེས་བྱ་འཁྲིད་དགོས་པར་མ་ཟད། སློབ་མ་རྣམས་ལ་སློབ་ཤེས་པ་དང་སློབ་སྦྱོང་བྱེད་པར་དགའ་རུ་བཅུག་ནས། སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་སྐྱེད་སྲིང་བྱེད་པ་དང་། སློབ་མས་སློབ་སྦྱོང་བྱེད་འདོད་ཀྱི་མོས་པ་དང་ཀུན་སློང་བཟང་པོ་སྐུལ་སློང་བྱེད་པ་ནི་སློབ་མའི་སློབ་སྦྱོང་གི་སྐར་འབྲས་ལེགས་པོ་ལེན་པའི་ཐབས་ལམ་བཟང་པོ་ཞིག་ཡིན།
དང་པོ། སློབ་མར་སེམས་ཁུར་དང་གཅེས་སྐྱོང་བྱས་ནས་དགེ་སློབ་བར་གྱི་འབྲེལ་བ་བཟང་པོ་སྐྱེད་སྲིང་བྱེད་དགོས།
དགེ་སློབ་བར་དུ་འབྲེལ་བ་འཛུགས་པ་དང་འབྲེལ་བ་ཇེ་དམ་དུ་གཏོང་དགོས་ན། ངེས་པར་དགེ་སློབ་བར་ཕན་ཚུན་ལ་ཆ་རྒྱུས་ཟབ་མོ་ཡོད་དགོས་པ་དང་། སློབ་མར་རྒྱུས་ལོན་དང་ཤེས་རྟོགས་བྱེད་པ་ནི་དགེ་རྒན་གྱིས་སློབ་སྟོན་བྱེད་པའི་སྔོན་འགྲོ་ཡིན་ལ། ལག་ལེན་གྱི་ཁྲོད་ནས་བདེན་དཔང་བྱས་པ་ལྟར་ན། སློབ་མར་རྒྱུས་ལོན་གསལ་པོ་བྱེད་པ་ནི་དགེ་རྒན་གྱི་སློབ་སྟོན་ལེགས་འགྲུབ་འབྱུང་བ་དང་སློབ་མར་འཆམ་མཐུན་མཉམ་གནས་བྱེད་པའི་གཞི་རྩའི་ཆ་རྐྱེན་ཞིག་ཡིན་པ་དང་། སློབ་མས་དགེ་རྒན་ལ་རྒྱུས་ལོན་བྱེད་པའང་སློབ་མས་དགེ་རྒན་གྱི་སློབ་སྟོན་ལ་ཡིད་ཆེས་བྱེད་པའི་གཞི་འཛིན་ས་གཙོ་བོ་ཞིག་དང་། སློབ་མའི་སློབ་སྦྱོང་གི་ཧུར་བརྩོན་རང་བཞིན་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཀྱང་ཡིན།
སློབ་ཆུང་སློབ་མ་རྣམས་བཤད་རྒྱུ་དང་འགུལ་རྒྱུར་དགའ་བ་དང་རང་གཅུན་གྱི་ནུས་པ་དང་རང་ཉིད་ལ་ཚོད་འཛིན་བྱེད་པའི་ནུས་པ་བརྟན་པོ་ཞིག་མེད། དུས་མཚུངས་སུ་རང་རྟོན་ཆུང་བར་གཞན་བརྟེན་གྱི་འདུ་ཤེས་ཆེ་བས།“དགེ་རྒན་ལ་དགའ་དང་མི་དགའ”ཡི་འཛིན་སྟངས་ཤིག་ཆགས་པ་དང་། རང་ཉིད་དགའ་བའི་དགེ་རྒན་གང་ཡིན་ན་དགེ་རྒན་དེས་ཁྲིད་པའི་སློབ་ཚན་ལ་དགའ་བ་དང་། དེའི་རིག་ཚན་དེར་འབད་པ་དང་ཧུར་བརྩོན་བྱེད་ངེས་པས་བསླབ་འབྲས་ཀྱང་རང་བཞིན་གྱིས་བཟང་ངེས། དེ་ལས་ལྡོག་སྟེ་ཁོ་ཚོ་དགེ་རྒན་ཆེ་གེ་མོ་ཞིག་ལ་མ་དགའ་ཚེ། དགེ་རྒན་དེས་ཁྲིད་པའི་བསླབ་ཚན་དེ་ལའང་མི་དགའ་བ་དང་། ཐ་ན་དེ་ལ་སེམས་གཏིང་ནས་སུན་སྣང་སྐྱེས་ཏེ་བསླབ་འབྲས་ཇེ་ཞན་དུ་འགྲོ་སྲིད། དེ་བས་དགེ་རྒན་དག་སློབ་མ་རྣམས་ལ་ཡུན་རིང་འབྲེལ་འདྲིས་བྱེད་དགོས་པས། གནས་སྐབས་ཙམ་ལ་སློབ་མའི་སེམས་བཀུག་པ་ཙམ་གྱིས་མི་ཆོག་པར། རང་ཉིད་དགེ་རྒན་ཡིན་པའི་བསམ་བློ་དེ་དོར་ནས་སློབ་མའི་གྲས་སུ་སོང་སྟེ་འདྲི་རུ་འཇུག་པ་དང་། སློབ་མར་སེམས་ཁུར་དང་གཅེས་སྐྱོང་། བརྩི་བཀུར་བཅས་བྱེད་པ། སློབ་མ་རྣམས་ལ་བསམ་བློ་བརྗེ་རེས་བྱས་ནས་སློབ་མ་རྣམས་ཀྱིས་སེམས་གཏིང་ནས་ཁས་ལེན་འཐོབ་པར་བྱེད་དགོས། དེ་ལྟར་རང་ཉིད་ནི་སློབ་མ་རྣམས་ཀྱི་སེམས་གཏིང་གི་ཆེས་སྙིང་ཉེ་བ་དང་ཆེས་འབྲེལ་བ་ཟབ་པའི་གྲོགས་པོ་རུ་འགྱུར་བར་བྱེད་དགོས། དུས་མཚུངས་སུ་ཁོ་ཚོའི་སྐྱོན་ཆ་དང་ནོར་འཁྲུལ་ལ་སྐྱོན་བརྗོད་བྱེད་སྐབས་སུའང་སྐྱོན་བརྗོད་བྱེད་ཐབས་ལ་མཉམ་འཇོག་བྱ་དགོས། ཁོ་ཚོའི་སེམས་ལ་མི་གནོད་པ་དང་ཁོ་ཚོའི་མི་གཤིས་ལ་ཟུར་ཟ་མི་བྱེད་པ་དང་མཉམ་དུ། ཁོ་ཚོའི་སེམས་གཏིང་ནས་དགེ་རྒན་གྱིས་སྐྱོན་བརྗོད་བྱེད་པ་ནི་རང་ཉིད་ལ་ལྷག་བསམ་རྣམ་དག་གིས་དགའ་བའི་རྐྱེན་གྱིས་ཡིན་པ་དང་། སེམས་གཏིང་ནས་གཅེས་སྐྱོང་དང་རོགས་རམ་བྱེད་པ་ཡིན་པའི་འདུ་ཤེས་སྐྱེ་རུ་འཇུག་དགོས། དེ་ལྟར་བྱས་ན་དགེ་སློབ་བར་གྱི་འབྲེལ་བ་ངང་ངམ་ཤུགས་ཀྱིས་འཆམ་མཐུན་ཡོང་བ་དང་བརྩེ་དུང་ཇེ་ཟབ་ཏུ་འགྲོ་ངེས་པས། སློབ་མ་རྣམས་ད་གཟོད་སེམས་གཏིང་ནས་ཁྱོད་ལ་དགའ་ཞིང་ཁྱོད་རང་ཁས་ལེན་པ་དང་སློབ་སྦྱོང་བྱེད་པའི་སྤྲོ་བ་ཡང་ཡོད་སྲིད།
གཉིས་པ། སློབ་མར་རྒྱལ་ཁའི་སྤྲོ་བ་མྱོང་དུ་འཇུག་དགོས།
སེམས་ཁམས་ཞིབ་འཇུག་ལས་གསལ་པོར་བསྟན་དོན། རྒྱལ་ཁའི་མྱོང་ཚོར་གྱིས་མིའི་ཡིད་ཆེས་ཇེ་དྲག་དང་རང་དམན་གྱི་འདུ་ཤེས་སེལ་ཐུབ་ལ། འགལ་རྐྱེན་དང་ཕམ་ཁ་ལས་བྱུང་བའི་སེམས་ཀྱི་གནོན་ཤུགས་ཇེ་ཆུང་དུ་གཏོང་ཐུབ། མི་རྣམས་ཀྱིས་བྱ་འགུལ་ཅི་ཞིག་སྤེལ་ནའང་ཚང་མར་དམིགས་བྱའི་རེ་འདུན་ཞིག་ཡོད་ངེས། བྱ་འགུལ་ལེགས་འགྲུབ་བྱུང་ནས་རེ་འདུན་མངོན་འགྱུར་འབྱུང་བའི་སྐབས་སུ་སེམས་ན་རྒྱལ་ཁ་ཐོབ་པའི་འདུ་ཤེས་ཤིག་ཡོད་ངེས། རྒྱལ་ཁའི་འདུ་ཤེས་དེས་འཚོལ་སྙེག་གི་འདུ་ཤེས་སྐྱེ་བར་བྱེད་པ་དང་། མུ་མཐུད་དུ་རྒྱལ་ཁ་ལེན་འདོད་པ་དང་སྔར་བས་སྙིང་སྟོབས་དང་སྤྲོ་སེམས་ཇེ་ཆེར་འགྲོ་ངེས། དེ་བས་སློབ་སྦྱོང་ཡང་དེ་བཞིན་ཡིན་ཏེ། སློབ་སྦྱོང་གི་ཀུན་སློང་དང་སྤྲོ་བ་མེད་ན་སློབ་སྦྱོང་བྱས་པར་གྲུབ་འབྲས་བཟང་པོ་ཞིག་ལེན་མི་ཐུབ། གལ་ཏེ་ང་ཚོས་ཁོ་ཚོར་རོགས་རམ་བྱས་ནས་གྲུབ་འབྲས་ལེན་དུ་འཇུག་པར་མ་ཟད། སྐུལ་མ་དང་རྒྱབ་སྐྱོར་བྱས་ནས་དཀའ་སྤྱད་སྡུག་རུས་བྱེད་པ་དེ་སྤྲོ་སྣང་དུ་བསྒྱུར་ན། ཁོ་ཚོའི་སློབ་སྦྱོང་བྱེད་པའི་རྣམ་འགྱུར་ཡང་ཇེ་ལེགས་སུ་འགྱུར་ངེས།
སློབ་ཐུན་གྱི་ཐོག་ནས་དགེ་རྒན་གྱིས་གདེང་འཇོག་བྱས་པ་བཟང་ངན་གྱིས་སློབ་མའི་མུ་མཐུད་དུ་ཧུར་བརྩོན་བྱེད་པར་ཤུགས་རྐྱེན་ཐེབས་ངེས། གདེང་འཇོག་བྱས་པ་བཟང་ན་སློབ་མའི་སློབ་སྦྱོང་གི་ཧུར་བརྩོན་རང་བཞིན་ལ་སྔར་བས་སྐུལ་སློང་བྱས་ནས་རིག་ལམ་རྒྱ་ཇེ་ཆེར་འགྲོ་བ་དང་། ཤེས་བྱ་སྔར་བས་མང་པོར་རྒྱུས་ལོན་བྱེད་པར་ཕན་པ་དང་། གདེང་འཇོག་བྱས་པ་མ་བཟང་ན། སློབ་མའི་བརྩོན་སེམས་ལ་ཕོག་ཐུག་བཟོས་ནས་ཡིད་ཆེས་མེད་པར་འགྱུར་བ་དང་། བརྩོན་སེམས་རྩ་བ་ནས་ཉམས་ཀྱང་སྲིད། དེ་བས་སློབ་ཁྲིད་བྱེད་པའི་སྐབས་སུ་དགེ་རྒན་གྱིས་ནུས་ཚོད་ཀྱིས་སློབ་མའི་སེམས་ཁམས་དང་རང་བཀུར་བསམ་པར་ཕོག་ཐུག་བཟོ་བའི་སྐད་ཆ་མི་བཤད་པར། སེམས་སུ་ངེས་ཤིང་སྐུལ་ལྕག་རང་བཞིན་ལྡན་པའི་གདེང་འཇོག་བྱེད་དགོས། སློབ་ཐུན་སྐབས་སུ་སློབ་མ་རྣམས་ལ་དྲི་བ་བཏོན་ནས། སློབ་མས་ལན་བཏབ་པ་འགྲིག་ན་སྐུལ་མ་བཏང་ནས། དཔེར་ན།“ཁྱོད་རང་ངོ་མས་ངར་བ་རེད། སློབ་སྦྱོང་ལ་ཉིན་རེ་ལས་ཉིན་རེར་ཇེ་བཟང་རེད།”ཅེས་པ་ལྟ་བུ་བཤད་པ་དང་། ལན་བཏབ་པར་ནོར་འཁྲུལ་བྱུང་ནའང་མཛུབ་སྟོན་བྱས་ནས་བློ་སྒོ་ཕྱེས་ཏེ། “ཁྱོད་ཀྱིས་ད་དུང་བསམ་བློ་ཞིག་ཐོངས་དང་། ད་འདི་ལས་ཆ་ཚང་ཞིག་ལན་འདེབས་ཨེ་ཐུབ་གི། བཟང་གི། བསམ་བློ་བཏང་ནོ་འགྲིག་གི། ཕྱིན་ཆད་མུ་མཐུད་དུ་འབད་པ་བྱོས། དྲི་བ་འདི་ལྟ་བུ་ལ་ལན་འདི་ལྟར་བཏབ་ན་འགྲིག་ནི་རེད། ”ལྟ་བུ་སོགས་བཤད་ནས། ཁོ་རང་གི་སེམས་ཕམ་དུ་མི་འཇུག་པར་རྒྱལ་ཁའི་སེམས་ཀྱིས་སློབ་སྦྱོང་གི་སྤྲོ་སྣང་དང་རྒྱལ་ཁའི་ཚོར་བ་མྱོང་དུ་འཇུག་དགོས། རྨང་གཞི་ཅུང་ཞན་པའི་སློབ་མར་སློབ་ཐུན་གྱི་སྐབས་སུ་དྲི་བ་སླ་མོ་བཏོན་ནས་ཁོ་ཚོར་ལན་འདེབས་སུ་བཅུག་སྟེ། ལན་འདེབས་ཐུབ་པ་བྱུང་ན་ཁོ་ཚོའི་སེམས་སུ་ངས་ཀྱང་ཤེས་སོ་སྙམ་པའི་དགའ་སྣང་གིས་སློབ་སྦྱོང་གི་བརྩོན་སེམས་སློང་ངེས།
ཧྥ་རན་སིའི་འཇིམ་བརྐོས་སྒྱུ་རྩལ་པ་ལིའོ་ཏན་གྱིས།“མཛེས་པ་ནི་ག་ས་གང་དུ་ཡོད། ང་ཚོའི་མིག་ནང་དུ་མཛེས་པ་ཉུང་བ་མ་ཡིན་པར་མཛེས་པ་ཡིན་པ་ཤེས་ཚད་ཉུང་བས་རེད།”ཅེས་གསུངས་པ་ལྟ་བུ་རེད། དེ་བས་དགེ་རྒན་གྱིས་ཚད་ཐིག་གཅིག་དང་ཕྱོགས་གཅིག་ནས་སློབ་མ་ཡོད་ཚད་རིམ་པ་དགར་མི་རུང་། དེ་ལྟ་བུའི་གདེང་འཇོག་གིས་སློབ་མ་རེ་རེའི་གནས་ཚུལ་ངོ་མ་ཤེས་དཀའ། དགེ་རྒན་གྱིས་སློབ་མ་རེ་རེའི་སློབ་སྦྱོང་གི་གནས་ཚུལ་མི་འདྲ་བ་ལྟར་སློབ་སྦྱོང་གི་དམིགས་ཡུལ་གཏན་འཁེལ་བྱེད་དགོས། སློབ་མ་རྣམས་དམིགས་ཡུལ་དེར་སླེབས་ན་དགེ་རྒན་གྱིས་གཟེངས་བསྟོད་བྱེད་དགོས་པ་དང་། གནས་ཡུལ་མི་འདྲ་བ་ནས་སྐུལ་མ་དང་བསྟོད་པ་བྱེད་དགོས། སློབ་སྦྱོང་གི་དམིགས་ཡུལ་དུ་མ་ཐོན་པའི་སློབ་མར་ཡང་ཁོ་རང་ཅིའི་ཕྱིར་དམིགས་ཡུལ་དེར་མ་ཐོན་པའི་རྒྱུ་མཚན་ལ་དབྱེ་ཞིབ་བྱེད་རོགས་བྱེད་དགོས། དཔེར་ན། རྒྱུགས་ཤོག་ཅིག་ལ་དཔེར་བླངས་ན། ང་ཚོས་རྒྱུགས་ཤོག་སྟེང་སྐར་མ་ལོན་མེད་པའི་གནས་ཚུལ་ལ་དབྱེ་ཞིབ་བྱས་ཏེ། གང་དག་ནི་ཁོ་རང་ནོར་འཁྲུལ་འབྱུང་མི་དགོས་པའི་དྲི་བ་ཡིན་པ་དང་། གང་དག་ནི་ཁོས་རྨང་གཞིའི་ཤེས་བྱ་བློར་འཛིན་མ་བྱས་པས་ཡིན་པར་དབྱེ་ཞིབ་བྱས་ནས། གནད་དོན་ཐག་གཅོད་ཐབས་བཙལ་ཏེ་ཡང་བསྐྱར་རང་ལ་ཡིད་ཆེས་ཡོད་དུ་འཇུག་དགོས། དུས་མཚུངས་སུ་རྒྱུགས་འབྲས་དམིགས་ཚད་དུ་མ་ཐོན་པའི་སློབ་མར་ང་ཚོས“སྐར་མ་བསྐྱི་བ”ཡི་བྱེད་ཐབས་སྤྱད་ཆོག དཔེར་ན། སློབ་གྲོགས་ཆེ་གེ་མོའི་རྒྱུགས་འབྲས་ཀྱི་དམིགས་ཡུལ་སྐར་མ80ལེན་རྒྱུ་དེ་ཡིན་པ་དང་། མཐའ་མཇུག་ཁོའི་སྐར་འབྲས་དམིགས་ཚད་དེ་ལ་སྐར་མ་གཅིག་གིས་མ་བསླེབ་ན་སྐར་མ་གཅིག་བསྐྱིས་ནས་དམིགས་ཚད་དེར་སླེབས་སུ་འཇུག་པ་དང་། ཐེངས་རྗེས་མར་ཁོ་སྐར་མ80ཡི་དམིགས་ཡུལ་དུ་སླེབས་དགོས་པར་མ་ཟད། ད་དུང་སྐར་མ1སྐྱིན་པར་སྤྲོད་དགོས་པར་བྱེད་ཆོག དེ་ལྟར་བྱས་ན་ཁོ་ཚོའི་སློབ་སྦྱོང་བྱེད་པའི་ཀུན་སློང་དང་སྤྲོ་སྣང་སྔར་ལས་ཇེ་ཆེར་འགྲོ་ངེས་ཡིན།
གསུམ་པ། ཉན་འདོད་རང་བཞིན་ཇེ་དྲག་ཏུ་བཏང་ནས་སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་སྐྱེད་སྲིང་བྱེད་དགོས།
ཐའོ་ཨེར་སི་ཐའེ་ཡིས“ལེགས་འགྲུབ་བྱུང་བའི་སློབ་ཁྲིད་ལ་མཁོ་བ་ནི་བཙན་ཤུགས་མ་ཡིན་པར་སློབ་མའི་སྤྲོ་བ་བསླང་རྒྱུ་དེ་ཡིན”ཟེར། སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་ལག་ཆ་ནི་སྒོ་སམ་དང་ས་སྨྱུག་ཡིན་ལ། དགེ་རྒན་གྱིས་གོང་ནས་ཁྲིད་པ་དང་སློབ་མས་ཞོལ་ནས་ཉན་པ་དེ་ཡིན་པས། སློབ་མའི་གོ་གནས་དེ་སྒྱིད་ལུག་དང་གཞན་དབང་། སློབ་ཁྲིད་ཀྱི་ཉམས་སྣང་བྱིང་བྱིང་བ་ཞིག་ཡིན་པས། དུས་ཡུན་རིང་པོ་ཞིག་འགོར་ན་སློབ་མ་རྣམས་ཀྱི་སློབ་སྦྱོང་བྱེད་པའི་སྤྲོ་བ་ཉམས་འགྲོ། དེ་བས་དགེ་རྒན་གྱིས་སློབ་ཁྲིད་བྱེད་སྐབས་སུ་སློབ་མ་རྣམས་ལ་སྤྲོ་བ་ཡོད་པ་དང་ཧ་ལས་པ། སློབ་མའི་ཡིད་སེམས་འགུག་ཐབས་བྱེད་དགོས། དེས་དགེ་རྒན་གྱིས་སློབ་ཁྲིད་སྐབས་སུ་འདྲ་པར་དང་འདྲ་གཟུགས། གྲིབ་གཟུགས་ཕོག་པ། སྒྲོན་བརྙན། བརྙན་འབེབས། སྨྱན་མང་འདུས་སོགས་ཕུན་སུམ་ཚོགས་པའི་སློབ་ཐུན་སློབ་ཁྲིད་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད། དཔེར་ན། ཤིང་རྟ་ལོའི་ཀྲུང་རི་དམག་འཁྲུག་སློབ་ཁྲིད་བྱེད་པའི་སྐབས་སུ། སྔོན་ལ་ཤིང་རྟ་ལོའི་ཀྲུང་རི་དམག་འཁྲུག་གི་བརྙན་འབེབས་ལ་བལྟ་རུ་འཇུག་དགོས། དེ་ལྟར་བྱས་ན་སློབ་མ་རྣམས་ཀྱི་སེམས་སུ་འཐབ་འཁྲུག་དེའི་ཐད་ཀའི་སྣང་བརྙན་ཡིད་ལ་ངེས་ཐུབ་པ་དང་། ཀྲུང་གོ་ཕམ་པའི་སྐོར་ཁྲིད་པའི་སྐབས་སུ་སློབ་མ་རྣམས་ལ་བཅད་ལེན་བྱས་པའི་འབྲེལ་ཡོད་བརྙན་འབེབས་ལ་བལྟ་རུ་བཅུག་རྗེས། སློབ་མ་རྣམས་ལ་ཕྱོགས་བསྡུས་དང་སྤྱི་སྡོམ་བྱེད་དུ་འཇུག་དགོས། དེ་ལྟར་བྱས་ན་སློབ་མ་རྣམས་ཀྱིས་རྙོག་འཛིང་ཆེ་ཞིང་གོ་དཀའ་བའི་སློབ་ཁྲིད་ཀྱི་ནང་དོན་ཐད་ཀར་ཤེས་ཐུབ་པ་དང་། སློབ་མའི་བསམ་པའི་འཆར་སྒོར་ངར་བསླངས་ནས་རྙོག་འཛིང་དེ་བྱེ་བྲག་ཏུ་འགྱུར་ངེས་པས། སློབ་ཁྲིད་བྱས་པར་གསོན་ཉམས་ལྡན་ལ་སློབ་པར་འཁྲུག་པོ་ཡིན་པ་དང་སྦྱངས་པ་ཡིད་ལ་ངེས་པ་ཞིག་ཡིན་ངེས།
མདོར་ན། སློབ་མའི་སློབ་སྦྱོང་གི་སྤྲོ་བ་བསླངས་པ་དང་སློབ་སྦྱོང་གི་བརྩེ་དུང་དང་རྣམ་འགྱུར་ལེགས་པོ་སྐྱེད་སྲིང་བྱེད་པ་ནི། སློབ་མའི་སློབ་སྦྱོང་གི་གྲུབ་འབྲས་ཇེ་བཟང་ལ་འགྲོ་བའི་རྒྱུ་རྐྱེན་གཙོ་བོ་ཡིན། །