རྨ་ལྷོ་ཁུལ་གྱི་མི་རིགས་སློབ་གསོའི་བཅོས་བསྒྱུར་དང་འཕེལ་རྒྱས་ཐད་ཀྱི་ལྟ་ཚུལ་ཐོར་བུ།
རྩོམ་པ་པོ། བཀྲ་ཤིས་རྒྱལ།
ནང་དོན་གནད་བསྡུས། མི་རིགས་ས་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་དེ་མི་རིགས་སློབ་གསོ་དང་ཁ་འབྲལ་ཐབས་མེད།སློབ་གསོ་ནི་འཕེལ་རྒྱས་ཀྱི་ཁ་ཕྱོགས་སྟོན་པའི་སྒོ་མོ་ལྟ་བུ་ཡིན།རྨ་ལྷོའི་སློབ་གསོ་དེ་མི་རིགས་སློབ་གསོ་དང་དམ་དུ་འབྲེལ་ཡོད་ཅིང་།མི་རིགས་སློབ་གསོ་ནི་གཙོ་བོ་སྐད་གཉིས་ཀྱི་སྟེང་ནས་མངོན་དགོས་པ་ཡིན།ཏང་གི་ཡང་དག་པའི་མི་རིགས་སྲིད་ཇུས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས།ས་གནས་རང་འཚམས་ཀྱི་སློབ་སྒྲུབ་བཅོས་བསྒྱུར་བྱ་བའང་གནད་འགག་ཅིག་ཏུ་འདོད།
མིང་བརྡ་གཙོ་བོ། རྨ་ལྷོ་ས་ཁུལ། མི་རིགས་སློབ་གསོ། སློབ་གསོའི་བཅོས་བསྒྱུར།
གླེང་སློང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ནི་བོད་རིགས་གཙོ་བྱས་མི་རིགས་མང་པོ་འདུས་སྡོད་བྱས་པའི་ས་ཆ་ཞིག་ཡིན།དེའི་སློབ་གསོའི་གཞི་རྩ་ནི་མི་རིགས་སློབ་གསོ་ཡིན་ལ། དཀའ་ཁག་ནི་འབྲོག་ཁུལ་གྱི་སློབ་གསོ་རེད།“བཅོས་བསྒྱུར་སྒོ་འབྱེད”①་བྱས་པའི་ཚུན་དང་ལྷག་པར་དུ་རྒྱལ་ཁབ་ཀྱིས་“ནུབ་རྒྱུད་གསར་སྤེལ”②་བྱས་པའི་ཚུན་ལ།རྨ་ལྷོ་ཁུལ་གྱི་མི་རིགས་སློབ་གསོ་དེ་ཏང་གི་ཡང་དག་པའི་མི་རིགས་སློབ་གསོའི་སྣེ་ཁྲིད་འོག་ཅུང་མགྱོགས་མྱུར་གྱིས་འཕེལ་རྒྱས་སུ་ཕྱིན་ཅིང་སྤྱི་ཚོགས་ཀྱི་ལས་སྒོ་སོ་སོར་ཕུལ་དུ་བྱུང་བའི་ཤེས་ལྡན་མི་སྣ་གང་མང་སྐྱེད་སྲིང་བྱས།ཡིན་ནའང་། ལོ་རྒྱུས་ཀྱི་བག་ཆགས་དང་རང་བྱུང་གི་ཆ་རྐྱེན།དཔལ་འབྱོར་གྱི་ཆུ་ཚད་དང་རིག་གནས་ཀྱི་གཞི་གྲུབ་ལས་སེམས་ཁམས་ཀྱི་འདུ་ཤེས་སོགས་ཀྱི་རྐྱེན།རྨ་ལྷོ་ཁུལ་གྱི་མི་རིགས་སློབ་གསོའི་འཕེལ་རྒྱས་སྐོར་ལ་ད་དུང་མི་འདང་ས་མང་པོ་ཞིག་མཆིས།མི་རིགས་སློབ་གསོ་རྗེས་སུ་ལུས་པ་དེས།ས་གནས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཐད་ཀར་ཤན་ཤུགས་ཐེབས་ཀྱིན་ཡོད།དེ་བས་འདིར་རང་བློས་དཔག་ཚོད་ཀྱིས་མི་རིགས་སློབ་གསོའི་འཕེལ་རྒྱས་ཐད་ལ་བསམ་ཚུལ་འགའ་འདོན་པར་བྱ།
དང་པོ། མིག་སྔའི་དབར། རྨ་ལྷོ་ཁུལ་ལ་སློབ་གྲྭ་ཆུང་འབྲིང་བསྡོམས་པས་ཉིས་བརྒྱ་དང་རེ་བདུན་ཡོད་པ་དང་།དེའི་ནང་མི་རིགས་སློབ་གྲྭ་ཉིས་བརྒྱ་དང་ང་ལྔ་ཡོད་ལ་བྱིས་གཉོར་ཁང་བདུན་ཡོད།ཁུལ་ཡོངས་ལ་སློབ་ཞུགས་སློབ་མ་བཞི་ཁྲི་བཞི་སྟོང་དགུ་བརྒྱ་སོ་བརྒྱད་ཡོད་ཅིང་དེའི་ནང་མི་རིགས་སློབ་མ་བཞི་ཁྲི་སུམ་སྟོང་ཉིས་བརྒྱ་བཅོ་བརྒྱད་ཡོད་པས།སློབ་མའི་སྤྱིའི་མི་གྲངས་ཀྱི་བརྒྱ་ཆའི་གོ་དྲུག་ཟིན།ཁུལ་ཡོངས་ལ་དགེ་བཟོ་བ་ཉིས་སྟོང་བརྒྱད་བརྒྱ་རེ་དྲུག་ཡོད་ཅིང་དེའི་ནང་གྲངས་ཉུང་མི་རིགས་ཀྱི་དགེ་བཟོ་བ་ཉིས་སྟོང་ལྔ་བརྒྱ་གོ་གསུམ་ཡོད་པས།དགེ་བཟོ་བ་ཡོངས་ཀྱི་བརྒྱ་ཆའི་གྱ་དྲུག་ཚེག་ལྔ་ལ་སླེབས་ཤིང་ཁུལ་ཡོངས་ཀྱི་སློབ་ལོ་རན་པའི་བྱིས་པའི་སློབ་ཞུགས་ཚད་བརྒྱ་ཆའི་གོ་བདུན་ཚེག་ལྔ་དང་གཏན་འཇགས་ཚད་བརྒྱ་ཆའི་གོ་བརྒྱད་ཚེག་དགུ་རེད།མཐར་ཕྱིན་ཚད་བརྒྱ་ཆའི་གོ་གཅིག་བཅས་རེད།
དུས་རབས་གསར་བ་དང་དུས་སྐབས་གསར་བའི་འགྲོས་ལ་དམིགས་ནས་གླེང་ན།རྨ་ལྷོའི་མི་རིགས་སློབ་གསོའི་འཕེལ་རྒྱས་དང་སྤྱི་ཚོགས་དཔལ་འབྱོར་གྱི་དེ་ད་དུང་ཅུང་རྗེས་སུ་ལུས་ཡོད་པར་མ་ཟད།ཕན་ཚུན་དོ་ཡང་མཉམ་གྱིན་མེད། དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་དང་བསྡུར་ན།ད་དུང་ཧེ་བག་ཆེན་པོ་ཞིག་ལུས་ཡོད་ལ་དཀའ་ཁག་དང་གནད་དོན་ཡང་མི་ཉུང་བ་ཞིག་མཆིས།
མདོར་བསྡུས་དེ་སྨྲས་ན། “དཀའ་ཁག་བཞི”་དང་ “གནད་དོན་གསུམ”་མཆིས།
དེ་ལས་དཀའ་ཁག་བཞི་ནི།
གཅིག སློབ་གསོའི་རྨང་གཞི་ཞན་ཞིང་སློབ་གསོའི་སྤུས་ཚད་མི་མཐོ་བ།
གཉིས། སློབ་གསོའི་སྒྲིག་བཀོད་ཚུལ་མཐུན་མིན་ཞིང་སློབ་སྒྲུབ་ཕན་ནུས་ཞན་པ།
གསུམ། སློབ་གྲྭའི་རྒྱ་ཁྱོན་ཆུང་ཞིང་སློབ་གསོའི་ཐོན་ཁུངས་སྔོན་འདོན་ཚད་ཞན་པ།
བཞི། ས་གནས་དཔལ་འབྱོར་གྱི་འཕེལ་རྒྱས་དལ་བས་སློབ་གསོར་མ་དངུལ་གཏོང་ཚད་དམའ་བ་བཅས།
གནད་དོན་གསུམ་ནི། གཅིག དམའ་བ་གཉིས་དང་མཐོ་བ་གཉིས་ཀྱི་གནད་དོན་མཆིས་པ་སྟེ།ན་ཚོན་རན་པའི་བྱིས་པའི་སློབ་ཞུགས་ཚད་དམའ་བ་དང་ལྷག་པར་དུ་ལོ་བཅོ་ལྔ་སོན་པའི་མི་འབོར་གྱི་ཁྲོད་སློབ་གསོ་མྱངས་པའི་ཚད་དམའ་བ་རེད།གཞན་ཡང་མཐོ་བ་གཉིས་ནི། སློབ་བཤོལ་ཚད་མཐོ་བ། ན་གཞོན་ཡིག་རྨོངས་ཚད་མཐོ་བ། གཉིས། ལས་རིགས་ལག་རྩལ་སློབ་གསོའི་འཕེལ་རྒྱས་དལ་ཞིང་སློབ་གྲྭ་ཉུང་ལ་རྒྱ་ཁྱོན་ཆུང་།སློབ་མའི་གྲངས་ཀ་ཉུང་ཞིང་ཆེད་ལས་ཀྱི་སྒྲིག་འཛུགས་ལ་ཚད་བཀག་ཆེར་ཡོད་པས་དཔལ་འབྱོར་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམས་ཐུབ་ཀྱིན་མེད།གསུམ། ཚད་ལྡན་གྱི་མཐོ་འབྲིང་དགེ་རྒན་ཉུང་ཞིང་ཆེད་ལས་རང་བཞིན་གྱི་སྐད་གཉིས་དགེ་རྒན་ཉུང་བ།སྤྱིར་མཐོ་འབྲིང་སློབ་གྲྭ་ཁག་ལ་དངོས་སུ་ལས་ཞུགས་ཀྱི་དགེ་རྒན་ཉུང་ཞིང་།རྒན་གྲས་ཁག་ལས་འཁྱུར་མ་བྱས་སྟབས།ན་གཞོན་དགེ་རྒན་བསྡུ་ཁག་པོ་ཡིན་པ་བཅས་ཀྱིས་སློབ་གསོའི་སྤུས་ཚད་མཐོར་འདེགས་ལ་ཐད་ཀར་ཤན་ཤུགས་ཐེབས་ཀྱིན་ཡོད།
གཉིས་པ། མི་རིགས་སློབ་གསོ་ནི་མི་རིགས་ས་ཁུལ་གྱི་དེང་རབས་དཔལ་ཡོན①་གྱི་རྨང་རྡོ་ཡིན།མི་རིགས་ས་ཁུལ་སྟོབས་ལྡན་དུ་བསྒྱུར་བ་དང་འཆམ་མཐུན་ངང་འཕེལ་རྒྱས་སུ་འགྲོ་བའི་རྨང་གཞི་རང་བཞིན་གྱི་བཟོ་སྐྲུན་ཞིག་ཡིན།དེང་སྐབས། རྨ་ལྷོ་ཁུལ་གྱི་མི་རིགས་སློབ་གསོར་གོ་སྐབས་མང་པོ་རེག་ཡོད་དེ།འཕེལ་རྒྱས་ཀྱི་ཁོར་ཡུག་ངེས་ཐད་ནས་གླེང་ན། ཉེ་ལམ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«མི་རིགས་སློབ་གསོ་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་སྐོར་གྱི་ཆོད་དོན»ཞེས་པ་དཔར་ནས་བཀྲམས་ཏེ།མི་རིགས་སློབ་གསོ་མྱུར་དུ་འཕེལ་རྒྱས་སུ་གཏོང་བར་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས། «ཆོད་དོན»ལས་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་ཏུ་མི་རིགས་སློབ་གསོ་མྱུར་དུ་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་མཛུབ་སྟོན་བསམ་བློ་དང་གཞི་རྩའི་རྩ་དོན།དམིགས་འབེན་དང་ལས་འགན། སྲིད་ཇུས་དང་བྱེད་ཐབས་བཅས་གཏན་འཁེལ་གསལ་བོ་བྱས་ཡོད་པར་མ་ཟད།2020ལོའི་བར་དུ་མི་རིགས་ས་ཁུལ་གྱི་སློབ་གསོ་སྤྱིའི་འཕེལ་རྒྱས་ཀྱི་ཆུ་ཚད་དང་དམིགས་འབེན་གཙོ་བོ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དུ་སླེབས་པར་བྱས་ནས།རིམ་བཞིན་གཞི་རྩའི་སྤྱི་པའི་སློབ་གསོ་ཞབས་ཞུ་འདྲ་མཉམ་ཅན་དུ་བསྒྱུར་ཏེ།ཁྱོན་ཡོངས་ནས་མི་རིགས་ས་ཁུལ་འབྱོར་འབྲིང་སྤྱི་ཚོགས་ཀྱི་རྣམ་པ་འགྲུབ་པར་བྱེད་པར་ཞབས་ཕྱི་སྒྲུབ་པའི་ནུས་པ་མངོན་གསལ་སྒོས་ཇེ་ཆེར་གཏོང་དགོས་པ་གཏན་ལ་ཕབ་ཡོད་པ་དང་།ལག་ལེན་དངོས་ཀྱི་ཁྲོད་དུའང་རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་གྱི་སློབ་གསོའི་མ་དངུལ་གཏོང་ཚད་ལ་ཤུགས་རྒྱག་བཞིན་པ་དང་།འཕེལ་རྒྱས་ཀྱི་རིག་ལམ་ངོས་ཐད་ནས་གླེང་ན། རྨ་ལྷོ་ཁུལ་ཨུ་དང་མི་དམངས་སྲིད་གཞུང་གིས་མི་རིགས་སློབ་གསོའི་ཐོལ་བརྒལ་གསར་བའི་འཐབ་ཕྱོགས་དམིགས་འབེན་མངོན་འགྱུར་བྱེད་པའི་གླེང་བྱ་གསལ་བོར་བཏོན།རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་།སློབ་གསོའི་སྡེ་ཁག་བཅས་དང་རྒྱ་ཆེ་བའི་སློབ་གསོའི་ལས་སྒྲུབ་པ་དག་གིས་དཀའ་ཁག་དང་གནད་དོན་དུས་མཉམ་དུ་ངོས་ཟིན་པར་བྱས་ཏེ།གོ་སྐབས་བཟང་བོ་མི་འཆོལ་བར་བྱས་ཏེ། བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ།ནུས་ལྡན་བྱེད་ཐབས་སྤྱད་དེ་རྨ་ལྷོ་ཁུལ་གྱི་མི་རིགས་སློབ་གསོའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།མི་རིགས་སློབ་གསོ་ནི་གྲངས་ཉུང་མི་རིགས་སློབ་གསོའི་བསྡུས་མིང་ཡིན། དེ་ནི་རྒྱ་རིགས་ལས་གཞན་པའི་གྲངས་ཉུང་མི་རིགས55ཡི་ལག་བསྟར་བྱས་པའི་མི་རིགས་སློབ་གསོ་ཡིན་ལ།དེ་ནི་ཀྲུང་གོ་ཡོངས་ཀྱི་སློབ་གསོའི་གྲུབ་ཆ་གཙོ་བོའི་ཁག་ཅིག་ཡིན།མི་རིགས་སློབ་གསོ་ཞེས་པ་ནི་མི་རིགས་གང་དེའི་སྐད་དང་ཡི་གེ་ལ་བརྟེན་ནས་སློབ་གསོ་བྱེད་པ་ཞིག་ལ་ཟེར་ཞིང་།དཔེར་ན། བཟོ་ལས་དང་ཚན་རྩལ། གྲངས་རིག དཔལ་འབྱོར།ཆབ་སྲིད། རྫས་འགྱུར། རྒྱལ་སྲུང་།དངོས་ཁམས་སོགས་མདོར་ན་རང་སྐད་ཡིག་གི་ལམ་ནས་ཁྲིད་ཅིང་།གཞན་སྐད་བསླབ་པ་ནི་གཞན་གྱི་སྔོན་ཐོན་ལེགས་ཆ་ནང་འདྲེན་གྱི་ཕྱིར་དུ་བསླབ་ནས་དར་སྤེལ་གཏོང་བར་ཟེར།དེ་ལས་ལྡོག་སྟེ་གཞན་སྐད་ཁོ་ནར་བརྟེན་ནས་སློབ་གསོ་རྒྱག་ཐབས་དེ་ནི་གཞན་རྟེན་དང་གཡམ་རྒྱུགས་ཀྱི་སློབ་གསོ་ལས་མ་འདས།
གཤམ་ནས་ཁོ་བོས་བྱེ་བྲག་བསམ་ཚུལ་འགའ་རིམ་བཞིན་བཏོན་ན།
གཅིག སྤྱི་ཚོགས་འཆམ་མཐུན①་འཛུགས་པའི་མཐོ་ཚད་ནས་མི་རིགས་སློབ་གསོའི་འཕེལ་རྒྱས་ལ་ཁག་ཐེག་བྱེད་པ།དུས་རབས་སགར་བ་དང་དུས་སྐབས་གསར་བ།འཆར་གཞིའི་དཔལ་འབྱོར②་དེ་ཁྲོམ་རའི་དཔལ་འབྱོར③་གྱི་ཕྱོགས་སུ་གོམ་ཁ་བསྒྱུར་དང་ལྷན།རྨ་ལྷོ་ཁུལ་གྱི་མི་རིགས་སློབ་གསོའི་གནད་དོན་རབ་དང་རིམ་པ་ལྷང་ལ་འབུད་ཀྱིན་གདའ།གལ་ཏེ།སྐབས་སུ་ལེགས་བསྒྱུར་མ་བྱས་ན།སློབ་གསོའི་བྱ་གཞག་དང་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་ཤན་ཤུགས་ངེས་ཅན་ཐེབས་ངེས།དེ་བས། ང་ཚོས་ངེས་པར་དུ་འགན་འཁུར་གྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས།སྤྱི་ཚོགས་འཆམ་མཐུན་འཛུགས་སྐྲུན་དང་མི་རིགས་སློབ་གསོ་གོང་འཕེལ་དུ་གཏོང་བ་མཉམ་དུ་ཡ་ཡོ་མེད་པར་འཛིན་དགོས་ལ།ལས་ཀྱི་བརྒྱུད་རིམ་ནང་བྱ་བའི་གཙོ་ཕལ་གྱི་དབྱེ་བ་དང་སྤྱི་བྱེ་བྲག་གི་ཐབས་བཀོད་ཀྱང་ཡག་པོ་ཞིག་ཡོད་དགོས་པ་ཡིན།
མི་རིགས་སློབ་གསོའི་བྱ་གཞག་ཀུན་བྱ་བའི་གཙོ་གནད་དུ་བཞག་སྟེ།ངོས་འཛིན་གསལ་བོ་བྱེད་དགོས་པ་དང་།འབྲེལ་ཡོད་ཀྱི་སྲིད་ཇུས་དང་མ་དངུལ་དུས་ཐོག་ཏུ་བསྟར་འབེབས་བྱ་ཐུབ་དགོས།མི་རིགས་སློབ་གསོའི་ཡུན་རིང་གི་འཕེལ་རྒྱས་ལ་བསམ་བཀོད་འཐེན་ཏེ།དེ་བདེ་བླག་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བྱ་དགོས། དེ་ཡང་།དྲང་བདེན་དང་ཕན་ནུས་འབུར་བུ་དོད་པར་བྱས་ནས་སློབ་ཁྲིད་སློབ་སྒྲུབ་མ་ལག①་ལེགས་བསྒྱུར་དོན་འཁྱོལ་ཡོང་བ་བྱ་དགོས་ཤིང་།སློབ་གསོའི་རྒྱུ་སྤུས་དང་ཆུ་ཚད་མུ་མཐུད་མཐོར་འདེགས་བཏང་སྟེ།མཐུན་སྦྱོར་ལ་ཤུགས་སྣོན་དང་སློབ་གསོའི་གཙོ་དཀའ་གནད་ཞིབ་འཇུག་གི་ལྟེ་བར་འཛིན་རྒྱུ་དང་།གསར་གཏོད་དང་ལྟ་སྐུལ་ཟུང་དུ་བསྡེབས་ནས་སློབ་གསོའི་མ་ལག་ཧྲིལ་བོ་དུས་རབས་ཀྱི་མདུན་གྲལ་ལ་ཕྱོགས་པར་བྱ་དགོས།
གཉིས། མི་རིགས་ས་ཁུལ་དང་འཚམས་པའི་སློབ་ཁྲིད་རྣམ་པ་སྒྲིག་འཛུགས་དང་ཚུལ་མཐུན་དུ་སྤྱོད་དགོས།
དེང་སྐབས། རྨ་ལྷོ་ཁུལ་མི་རིགས་སློབ་གསོའི་སློབ་སྒྲུབ་ཀྱི་ཆུ་ཚད་རྗེས་སུ་ལུས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི།དངོས་ཡོད་དང་འཚམས་ཤིང་ཅུང་འཐུས་ཚང་རང་བཞིན་གྱི་སློབ་སྒྲུབ་སློབ་གསོའི་མ་ལག་ཅིག་འཛུགས་ཐུབ་མེད་པ་དེ་རེད།བྱེ་བྲག་ཏུ་བཤད་ན།ས་གནས་སོ་སོ་དང་སློབ་གྲྭ་སོ་སོས་སྐད་གཉིས་སློབ་གསོ①་ཞེས་པར་གོ་བ་འདྲ་མིན་སྣ་ཚོགས་ཤིག་བླངས་པས་ཚད་ལྡན་གྱི་གཅིག་གྱུར་སྒྲོམ་གཞི་ཞིག་བཙུགས་མེད་པ་དང་།ས་གནས་ལ་ཤས་ཀྱིས་རྨོངས་འཐོམས་ངང་རྣམ་པ་རིགས་གཅིག་ཅན་གྱི་སློབ་ཁྲིད་བྱ་ཐབས་ཀྱིས་རྣམ་པ་རིགས་གཉིས་ཅན་གྱི་སློབ་ཁྲིད་བྱ་ཐབས་ཚབ་བྱས་ཤིང་།ཡང་སློབ་གྲྭ་ཁ་ཤས་ཀྱིས་རྒྱ་ཡིག་སློབ་ཁྲིད་གཙོར་བཟུང་ནས་སློབ་ཆུང་རིམ་པ་ནས་རྒྱ་ཡིག་སློབ་ཁྲིད་ལ་ཤུགས་བསྣན་པའི་སྣང་ཚུལ་བྱུང་བ་འདི་དག་ནི་མི་རིགས་སློབ་གསོའི་ཆོས་ཉིད་དང་མི་མཐུན་ཞིང་སྐད་གཉིས་སློབ་གསོའི་འགན་བབ་ལས་ལྡོག་ཡོད།འདིས་ཚད་ངེས་ཅན་གྱི་སྟེང་ནས་སློབ་གསོ་དང་སློབ་སྒྲུབ་ཆུ་ཚད་ཀྱི་མཐོར་འདེགས་ལ་གེགས་ཆེན་པོ་བཟོས་ཡོད།
དེ་བས། མི་རིགས་སློབ་གསོའི་སློབ་སྒྲུབ་ཀྱི་ཁ་ཕྱོགས་གནད་དུ་བཟུང་སྟེ།སྐད་གཉིས་སློབ་གསོ་ཁྱབ་བརྡལ་དུ་གཏོང་རྒྱུ་ནི་ས་གནས་སློབ་གསོའི་རྒྱུ་སྤུས་མཐོར་འདེགས་ཀྱི་ལམ་ཉག་གཅིག་ཏུ་གྱུར་ཡོད།དེ་ཡང་། བོད་མི་འདུས་སྡོད་ཆེ་བའི་གཞི་རིམ་ས་ཁུལ་དུ། སློབ་ཆུང་རིམ་པར་ངེས་པར་དུ་ “རྣམ་པ་རིགས་གཅིག་ཅན”②་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་ངང་སྤེལ་དགོས་པ་མ་ཟད།མི་རིགས་སློབ་འབྲིང་དུའང་བོད་ཀྱི་་ཡིག་གིས་སློབ་ཁྲིད་བྱེད་པ་དཀྱིལ་སྙིང་དུ་བཟུང་ཐོགརྒྱའི་སྐད་ཡིག་ཁྲིད་པ་ཁར་སྣོན་པའི་གོང་གི་རྣམ་པ་རིགས་གཅིག་ཅན་གྱི་ཁྲིད་ཐབས་དེ་རྒྱུན་འཁྱོངས་བྱ་དགོས།
གསུམ། ཕྱོགས་ཡོངས་ནས་མ་དངུལ་བསྡུ་ལེན་བྱས་ཏེ།སློབ་སྒྲུབ་ཆ་རྐྱེན་ཇེ་ལེགས་སུ་གཏོང་དགོས།རིམ་པ་སོ་སོའི་སྲིད་གཞུང་དང་སློབ་གསོ་སྡེ་ཁག་གིས་ཐབས་ལམ་སྣ་མང་བརྒྱུད་ནས་མ་དངུལ་བསྡུ་རུབ་བྱས་ཏེ།སློབ་གྲྭ་སོ་སོར་རོགས་རམ་བྱེད་པ་དང་མི་རིགས་སློབ་གསོའི་མ་དངུལ་གཏོང་ཚད་མུ་མཐུད་ཇེ་མང་ལ་བཏང་སྟེ།འབད་བརྩོན་ཆེན་པོས་སློབ་སྒྲུབ་ཆ་རྐྱེན་ཇེ་བཟང་ལ་གཏོང་དགོས།རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་སྣོན་པ་གསུམ་གྱི་དགོས་པ་ལག་བསྟར་བྱས་ཏེ།ལོ་རེར་རྨང་གཞིའི་སློབ་གསོའི་མ་དངུལ་གཏོང་ཚད་ལ་ཤུགས་བསྣན་ནས།ཞིང་ཆེན་རིམ་པ་ནས་ཐོན་པའི་མ་དངུལ་དང་རང་ཁུལ་གྱི་མ་དངུལ་གཏོང་ཚད་མཐུན་སྡུར་དུ་གྲུབ་པ་བྱ་དགོས།
བོད་རིགས་ས་ཁུལ་གྱི་རོགས་སྐྱོར་ལས་གཞིའི་རྣམ་གྲངས་རྒྱ་ཆེར་སྤེལ་བའི་འགྲོས་དང་བསྡོངས། སློབ་གསོའི་མ་དངུལ་ཡང་དུས་ཐོག་ཏུ་བརྩོན་ལེན་བྱེད་དགོས་ལ།སློབ་མའི་རོགས་སྐྱོར་རྣམ་གྲངས་མཐའ་དག་དངོས་འབེབས་དང་རྒྱལ་ཁབ་ཕྱི་ནང་གི་མི་སྒེར་དང་ཚོགས་པའི་མི་རིགས་སློབ་གསོའི་མ་དངུལ་དང་དངོས་ཟོག་གི་རོགས་སྐྱོར་བརྩོན་ལེན་དང་མྱུར་བར་དང་ལེན་བྱ་དགོས།དེ་དང་མཉམ་དུ།སློབ་གྲྭ་སོ་སོས་རྣམ་པ་འདྲ་མིན་གྱི་ཤེས་བརྩོན་ལས་གཉེར་ཕྱོགས་ཀྱི་བྱ་འགུལ་སྤེལ་བར་སྐུལ་འདེད་བྱས་ཏེ།ཡོང་སྒོའི་ཁ་སྣོན་གྱི་ཚུལ་གྱིས་མ་དངུལ་གྱི་གནད་དོན་ཐག་གཅོད་པའི་ཐབས་ལམ་ཡང་སྤྱོད་དགོས།འདི་ནི་གཙོ་བོ་ལས་རིགས་ལག་རྩལ་སློབ་གྲྭར་བཤད་པ་ཡིན།
བཞི། སློབ་གྲྭའི་སྒྲིག་བཀོད་ལེགས་བསྒྱུར་བྱས་ནས། སློབ་སྒྲུབ་ཕན་ནུས①་མཐོར་འདེགས་སུ་གཏོང་དགོས།
སློབ་གྲྭའི་སྒྲིག་བཀོད་ལ་མགྱོགས་མྱུར་གྱིས་སྡེབ་སྒྲིག་བྱས་ནས་སློབ་གསོ་སློབ་ཁྲིད་ཀྱི་ཐོན་ཁུངས་ཚུལ་མཐུན་དང་ནུས་ལྡན་གྱིས་བཀོལ་སྤྱོད་བྱེད་པ་དང་།དུས་བབ་དང་བསྟུན་ནས་སོ་སོར་མཛུབ་སྟོན་བྱས་ཏེ།རྫོང་ཁག་བཞིའི་སློབ་གྲྭ་ཆུང་འབྲིང་གི་ཁྱོན་ཡོངས་ནས་སྒྲིག་བཀོད་ལ་སྐུལ་ཁྲིད་བྱེད་དགོས་པར་མ་ཟད།མིག་དཔེའི་ནུས་པ་ལྡན་པའི་སློབ་གྲྭ་གཉིས་ནས་གསུམ་འཛུགས་བཀོད་བྱ་དགོས།
ལྔ། མི་དོན་བགོ་བཤའི་ལམ་ལུགས①་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ཏེ།དགེ་རྒན་གྱི་དཔུང་སྡེའི་སྤྱིའི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་དགོས།དུས་ཡུན་རིང་བོ་ཞིག་གི་ནང་།ལམ་ལུགས་དང་འདུ་ཤེས་ཀྱི་ཚད་བཀག་དབང་གིས།རྨ་ལྷོ་ཁུལ་གྱི་དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་ཐད་གནད་དོན་དང་སྐྱོན་ཆ་མང་པོ་ཞིག་མཆིས་པ་སྟེ།གཅིག་ནས་དགེ་རྒན་གྱི་དཔུང་སྡེའི་སྒྲིག་གཞི་ཚུལ་མཐུན་མིན་པ་སྟེ།བོད་སྐད་ཡིག་གི་དགེ་རྒན་གྱིས་མི་འདང་བ་དང་། རྒྱ་ཡིག་དགེ་རྒན་མང་དྲགས་པ།རིག་ཚན་དང་རྩིས་ཚན་གྱི་སྐད་གཉིས་དགེ་རྒན་ཉུང་དྲགས་པ་དང། གཉིས་ནས།དགེ་རྒན་བསྡུ་བའི་ཐབས་ལམ་དག་པར་མ་མཐོང་སྟེ། དཔེར་ན། དགེ་རྒན་ལ་ཤས་ཀྱིས་སློབ་ཁྲིད་འགན་ནུས་མི་འཁྱོལ་ཡང་ལས་ཐོབ་བཟུང་བས།དགེ་རྒན་གསར་བ་བསྡུ་ཁག་པ། གསུམ་ནས། བགོ་བཤའི་ལམ་ལུགས②་ཚུལ་མཐུན་མིན་པ་སྟེ།སློབ་ཁྲིད་བྱས་མ་བྱས་ཀྱི་ཐོབ་བྱ་གཅིག་མཚུངས་སུ་སྣང་བ་དང་བྱ་དགའ་དང་གཟེངས་བསྟོད་ཀྱི་མ་ལག་ལ་ཉོག་དྲ་ཆེ་བས།དེས་ཐད་ཀར་དུ་སློབ་གསོ་ལས་སྒྲུབ་མི་སྣའི་ཧུར་འཐག་བརྩོན་སེམས་ལ་ཤན་ཤུགས་ཐེབས་ཀྱིན་མཆིས།དེ་བས། མིག་རྒྱང་ཐུང་བའི་གནད་དོན་འདི་དག་མྱུར་བར་གཙང་སེལ་བྱ་དགོས། དེ་ཡང་ཐོག་མར། 《མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ལས་ཐོབ་ཚད་ལྡན་སྒོས་གཏན་འབེབས་བྱ་ཐབས》ཞེས་པའི་གཏན་འཁེལ་ལྟར། ལས་ཐོབ་ཀྱི་གནད་དོན་བདེན་དྲང་གིས་ཐག་གིས་གཅོད་པ་དང་།དེ་ནས་དགེ་རྒན་གྱི་འགན་ལྕོགས་བྱ་བར་དོ་ཁུར་བྱས་ཏེ།སློབ་ཁྲིད་ཀྱི་དགོས་པའི་གཞིར་བཞག་སྟེང་སྤྱི་ནས་བསྡུ་ལེན་དང་འདྲ་མཉམ་དྲང་གཞག་བརྩོན་ལེན་སྒོས་ཆེས་བཟང་ཆེས་མཁོ་དགེ་རྒན་བསྡུ་ལེན་བྱ་དགོས།གཞན་ཡང་སློབ་གཙོའི་འདེམས་བསྐོ་ཡང་སློབ་གྲྭ་སྤྱི་ལ་ཁ་ཕྱོགས་པ་དང་།སློབ་གསོའི་མ་འོངས་པ་དང་ད་ལྟར་གཞི་བཅོལ་ནས་ཕུལ་བྱུང་ཅན་གྱི་སློབ་གསོའི་ལས་སྒྲུབ་མི་སྣ་འདེམས་པ་ལས།སྲིད་དོན་རྐྱང་བར་གོམས་པ་དང་སློབ་ཁྲིད་ཁོ་ནར་གཞོལ་བའི་མི་དག་ནི་འདེམས་མི་རུང་བར་འདུག
དྲུག སློབ་གསོའི་སློབ་སྒྲུབ་བཅོས་བསྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས།མི་རིགས་སློབ་གསོའི་རྒྱུ་སྤུས་དང་ཕན་ནུས་མཐོར་འདེགས་སུ་གཏོང་དགོས།
འཕེལ་རྒྱས་ཀྱི་མིག་རྒྱང་དང་བཅོས་བསྒྱུར་གྱི་བློ་མིག་གིས་སློབ་གསོའི་འདུ་ཤེས་ལ་གསར་བསྒྱུར་བྱ་དགོས་ཤིང་སློབ་སྒྲུབ་རིག་ལམ་རྒྱ་བསྐྱེད་དགོས།གཅིག་ནས་རྒྱུ་སྤུས་སློབ་གསོའི་དགོས་པ་ལྟར་བསྒྲུབ་དགོས།འདུ་ཤེས་གཅིག་བསྡུ་དང་བརྟན་འཇགས་འཕེལ་རྒྱས།ཕྱོགས་ཡོངས་སྐུལ་འདེད་བཅས་ཀྱི་དམིགས་ཚད་གཞིར་བཟུང་ནས།བཅོས་བསྒྱུར་གྱི་ཤུགས་ཚད་དང་ཁྱབ་རྒྱ་ཆེ་རུ་བཏང་སྟེ།མི་རིགས་ས་ཁུལ་ལ་འཚམས་པའི་བསླབ་ཚན་མ་ལག་འཛུགས་གྲུབ་ཡོང་བ་བྱས་ཏེ། སྲོལ་རྒྱུན་གྱི་ཁ་གཏད་རང་བཞིན་སློབ་གསོའི་བྱེད་ཕྱོགས་ནས་དེང་རབས་ཅན་གྱི་རྒྱུ་སྤུས་མཐོར་འདེགས་སློབ་གསོའི་ཕྱོགས་ལ་སྣེ་ཁྲིད་དགོས།གཉིས་ནས་ཀུན་སྤྱོད་སློབ་གསོ་གཙིགས་སུ་བཟུང་ནས་སློབ་གསོར་གདེང་འཇོག་བགྱི་བའི་མ་ལག་འཛུགས་དགོས་ལ།རྒྱུགས་ལེན་ལམ་ལུགས་བཅོས་བསྒྱུར་གྱིས་རྒྱུགས་ཤོག་སྟེང་གི་ཡོན་ཚད་ཀྱིས་དགེ་སློབ་ཟུང་གི་གྲུབ་འབྲས་མཐའ་གཅིག་ཏུ་ཐག་གཅོད་པའི་ཐད་བརྒལ་རང་བཞིན་གྱི་སྤྱོད་སྟངས་བསྒྱུར་དགོས།གསུམ་ནས།མི་རིགས་ས་ཁུལ་གྱི་སྐད་གཉིས་སློབ་གསོ་སྒྲུབ་པ་གནད་དུ་འཁེལ་ཞིང་གྲུབ་འབྲས་ཅུང་གཡུར་དུ་ཟ་བ་བླངས་ཡོད་པ་དག་ལ་ཁ་མིག་ཡར་ལྟོས་ཀྱིས་སློབ་སྦྱོང་དང་མཉམ་མྱོང་བརྗེ་རེས་བྱས་ཏེ།སློབ་སྒྲུབ་ཀྱི་ཁ་ཕྱོགས་དང་མི་འདང་བའི་དོན་ལ་དུས་ཐོག་བསྒྱུར་བཀོད་གཏོང་དགོས།བཞི་ནས།དྲ་ཐོག་གི་སྔོན་ཐོན་ས་ཁུལ་གྱི་སྒྲུ་གཟུགས་ཡིག་གསུམ་གྱི་སློབ་ཁྲིད་ཐོན་ཁུངས་ལེགས་པར་སློབ་སྦྱོང་དང་འོས་འཚམས་ཀྱིས་བེད་སྤྱོད་བྱེད་པར་གོམས་དགོས་ལ།སྨྱན་མང་གཟུགས་ཀྱི་ཐབས་ལམ་བརྒྱུད་ནས་སློབ་ཁྲིད་བྱེད་པར་ཡང་ཤུགས་སྣོན་དགོས།སློབ་གྲྭ་ཆུང་འབྲིང་ནས་རྒྱང་སྤེལ་སློབ་གསོའི་མ་ལག་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ།སྤུས་དག་སློབ་གསོའི་ཐོན་ཁུངས་མཉམ་སྤྱོད་བྱས་ཏེ།བརྡ་འཕྲིན་ཅན་གྱི་འཕེལ་ཕྱོགས་དང་བསྟུན་ནས་མི་རིགས་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་བྱ་དགོས།
བདུན། སློབ་གསོས་སྤྱི་ཚོགས་དཔལ་འབྱོར་ལ་ཞབས་ཞུ་སྒྲུབ་པ་རྒྱུན་འཁྱོངས་བྱས་ནས།ལས་རིགས་སློབ་གསོ་རྒྱ་ཁྱབ་ཏུ་སྤེལ་དགོས།
ཉེ་བའི་ལོ་གའི་རིང་།རྨ་ལྷོ་ཁུལ་གྱི་ལས་རིགས་ལག་རྩལ་སློབ་གྲྭར་འཕེལ་རྒྱས་ངེས་ཅན་ཞིག་ཡོད་མོད།འོན་ཀྱང་ད་དུང་རྒྱ་ཁྱོན་དང་གོ་ཆོད་ཀྱི་ངོས་ནས་གླེང་ན།ད་དུང་ཡང་མི་འདང་ས་མང་ཞིང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམས་ཐུབ་ཀྱིན་མེད་པ་མང་།དེ་བསཞ འདི་ལ་ངེས་པར་དུ་དོ་ཁུར་བྱ་དགོས་ཀྱི་ཡོད། དེ་བས། དུས་ད་ལྟ་ནས་དབུ་བརྩམས་ཏེ།ལས་རིགས་ལག་རྩལ་གྱི་སློབ་གསོ་དེ་ཁུལ་ཡོངས་ཀྱི་སློབ་གསོའི་བྱ་གནད་ཅིག་ཏུ་ངེས་བཟུང་སྟེ།ནུས་ལྡན་གྱི་ཐབས་ཤེས་བཀོལ་ནས་འདིའི་ཐད་ཐོལ་བརྒལ་རང་བཞིན་གྱི་འབུར་ཐོན་བྱ་བ་བསྒྲུབ་དགོས།དེ་ཡང་། ཁུལ་ཐོག་གི་ལས་རིགས་ལག་རྩལ་སློབ་གྲྭ་དང་སྨན་བཅོས་དོ་དམ་སྡེ་ཁག སྨན་ཁང་།སྤྱི་ཚོགས་སྟེང་གཞུང་སྒེར་ཞབས་ཞུའི་ལས་རིགས་མཉམ་འབྲེལ་བྱས་ནས་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་བརྩོན་དགོས།གཞུང་ལུགས་དང་ལག་ལེན་གྱི་ཕན་ཚུན་སྐུལ་འདེད།དགོས་པ་དང་ཆ་རྐྱེན་གྱི་ཕན་ཚུན་འདོན་སྤྲོད།འཇོན་ཐང་མི་སྣའི་སྐྱེད་སྲིང་བཅས་འདི་དག་སྦྲེལ་ཐག་གཙོ་བོ་རེད།རང་ཁུལ་གྱི་ལས་རིགས་ལག་རྩལ་སློབ་གསོ་གོང་དུ་འཕེལ།ས་གནས་ཀྱི་ཐུན་མོང་མ་ཡིན་པའི་དངོས་པོའི་རིག་གནས་དང་།ཡུལ་སྐོར་ཞབས་ཞུའི་ལས་རིགས་སོགས་མྱུར་བར་འཕེལ་རྒྱས་སུ་འགྲོ་ངེས།
བརྒྱད། སྤྱི་ཚོགས་ཁྲོད་དཀའ་ཁག་ཡོད་པའི་མང་ཚོགས་ཀྱི་སློབ་གསོའི་རེག་ཚད་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ལམ་ལུགས་ཀྱིས་ཁག་ཐེག་བྱས་ཏེ།དཀའ་ཁག་ཡོད་པའི་ཁྱིམ་ཚང་གི་བྱིས་པའི་སློབ་ཞུགས་ཚད་ཐག་གཅོད་བཟང་བོ་བྱེད་དགོས།
སློབ་གསོ་འདྲ་མཉམ་གྱིས་མངོན་འགྱུར་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ཡང་སྙིང་རེད།སློབ་གསོའི་འདྲ་མཉམ་དེ་གཙོ་བོ་སློབ་གསོ་ཐོབ་པའི་གོ་སྐབས་འདྲ་མཉམ་ཡིན་མིན་ལ་ཐུག་ཡོད།རྨ་ལྷོ་ཁུལ་ལ་མཚོན་ན་དབུལ་བོའི་ཁྱིམ་ཚང་མང་ཞིང་འགྲིམ་འགྲུལ་སྟབས་མི་བདེ་བའི་གནས་ཀྱང་མང་པོ་ཞིག་ཡོད་ཕྱིར།དངོས་ཐོག་བདེན་འཚོལ་གྱིས་ནང་ཁུལ་ནས་རོགས་སྐྱོར་ནུས་ཚད་རོགས་བྱེད་པ་དང་ཕྱི་ནས་རོགས་སྐྱོར་བརྩོན་ལེན་སྒོས་གནད་དོན་ཐག་གཅོད་ལ་གཞོལ་དགོས།གཞན་ཡང་། དབང་བོ་སྐྱོན་གྱི་བྱིས་པའི་སློབ་གསོར་ཡང་མཐོང་ཆེན་བགྱིས་ཏེ། དཔེ་དེབ་རིན་མེད་དང་འཚོ་བའི་འགན་སྲུང་དངུལ་ལག་བསྟར་བྱ་དགོས།
མཇུག་བསྡུ་བ།
སློབ་གསོ་ནི་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་འཕེལ་རྒྱས་སུ་འགྲོ་བའི་སྒུལ་ཤུགས་གཙོ་བོ་ཡིན།དེ་བས་འདི་ནི་ས་གནས་ཤིག་ལ་མཚོན་ནའང་སྲིད་འབྱོར་རིག་གསུམ་གྱི་སྣེ་ཁྲིད་ནུས་པ་ཐོན་པའི་བྱེད་ཐབས་རྨ་མེད་པ་ཞིག་ཡིན་དཔྱིས།འདིའི་སྒྲུབ་ཕྱོགས་ཐད་ཀྱི་འབྲེལ་ཡོད་ཐབས་ཇུས་དང་མ་འོངས་ད་ལྟའི་འཕེལ་ཕྱོགས་ལ་ས་གནས་དང་འཚམས་ཤིང་།དངོས་ཡོད་དང་འཚམས་པའི་དྲང་བདེན་བློ་མིག་དཔྱད་པ་སྔོན་དུ་བཏང་སྟེ།དུས་ད་ལྟ་ནས་ལག་ལེན་དངོས་ཀྱི་སྦྱོར་བ་བཤམས་རྒྱུ་ནི་གལ་ཆེ་ལས་འགངས་ཆེན་གྱི་ཚུལ་དུ་མཐོང་ངོ་།།
ཟུར་ལྟའི་རྒྱུ་ཆ།
༡ གཅན་རོང་བསྟན་འཛིན། 《སློབ་གསོ་ལག་ལེན་རྣམ་བཤད》ཡུན་ནན་མི་རིགས་དཔེ་སྐྲུན་ཁང་། 2003ལོའི་ཟླ12པ།
༢ གཅན་རོང་བསྟན་འཛིན། 《སློབ་གསོ་ཐབས་ལམ་རྣམ་བཤད》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2005ལོའི་ཟླ12པ།
༣ དོ་རྒྱ་བསོད་ནམས་ཚེ་རིང་། 《སྐྱ་བོའི་སློབ་གསོ》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།2005ལོའི་ཟླ12པ།
1 杨多才旦;黄南州经济发展的调查[J];青海民族研究;1994年02期
2 ;开展双语教学改革推动“普六”步伐[J];中国民族教育;1995年05期
3 马琴,马光勇;关于发展青海黄南地区民族教育问题的思考[J];攀登;1997年02期
4 佛秀芳;关于黄南州民族教育发展之我见[J];青海民族学院学报;2005年03期