[གནད་བཏུས] དེང་རབས་སྤྱི་ཚོགས་ཀྱི་ལམ་ལུགས་དེ་མི་རྣམས་ཀྱི་འཚོ་བར་འབྲལ་ཐབས་མེད་པར་གྱུར་ཅིང་དེའི་ཐད་ཀྱི་གཞུང་ལུགས་མང་པོའི་ཁྲོད་ནས་དེང་རབས་སྲིད་འཛིན་རིག་པའི་སྐོར་གྱི་སློབ་དེབ་བོད་ཡིག་ཏུ་བསྐྲུན་པ་ནི་བོད་ཀྱི་རིག་གནས་ལོ་རྒྱུས་སྟེང་གི་ལག་ལེན་ཐོག་མར་གྱུར། དེ་ལྟའི་ལག་ལེན་དེར་དགོས་པ་ཅི་ཡོད་པ་དང་། དེའི་ཐད་ང་ཚོས་བསམ་བློ་ཇི་ལྟར་གཏོང་དགོས་པ། མིང་བརྡ་སྤྱོད་སྟངས་སོགས་ཀྱི་ཐད་ལྟ་ཚུལ་ཇི་ལྟ་བུ་འཛིན་དགོས་པ་སོགས་ཀྱི་ཐད་རྩོམ་པ་པོའི་མྱོང་ཚོར་རགས་ཙམ་གླེང་ཡོད།
[གནད་ཚིག] སྲིད་འཛིན་རིག་པ། སློབ་དེབ་འཛུགས་སྐྲུན། བོད་ཡིག
བོད་ལ་མཐོ་རིམ་སློབ་གསོ་དར་བ་ནས་བོད་ཀྱི་སྐད་ཡིག་ནི་སློབ་གསོའི་ནང་དོན་གཙོ་བོ་ཞིག་ཏུ་གྱུར། 1990ལོར་བོད་ལ་དྲུང་ཡིག་པ་མཁོ་བའི་དུས་ཀྱི་འཕེལ་རིམ་ལ་དམིགས་ཏེ། ནུབ་བྱང་མི་རིགས་སློབ་ཆེན་ནས་དེང་རབས་བོད་རྒྱ་དྲུང་ཡིག་ཆེད་ལས་བཙུགས་ཏེ། སྲིད་འཛིན་རིག་པ་དང་། སྤྱི་འབྲེལ་རིག་པ། གཞུང་ཡིག་འབྲི་སྟངས་སོགས་གསར་དར་རིག་གནས་ཀྱི་སློབ་ཚན་ཁག་ཅིག་བཀོད་སྒྲིག་གནང་། སློབ་ཚན་གསར་བ་དེ་རྣམས་ཐོག་མར་རྒྱ་ཡིག་གམ་བོད་ཡིག་གང་རུང་གི་ངོས་ནས་ངེས་པར་འཁྲིད་དགོས་པའི་བཀའ་ནན་ཕྲག་ཏུ་བབས་པ་ལ་བརྟེན་རང་ངོས་ནས་མི་རིགས་རང་གི་སྐད་དང་ཡི་གེར་བརྟེན་དགོས་པར་འདོད་པའི་བསམ་ཚུལ་དྲག་པོས་སྣེ་དྲངས་ཏེ་བསླབ་དེབ་རྩོམ་འབྲིའི་ལས་སུ་ཞུགས། 1996ལོར་བསླབ་དེབ་ཐོག་མའི་པར་གཞི་བཏོན་པ་དེར་སྐྱོན་དང་ནོར་འཁྲུལ་གྱི་ཆ་མི་ཉུང་བ་ཞིག་ཡོད་ན་ཡང་གསར་དར་རིག་གནས་ཤིག་གི་རྨང་འདིང་བར་སྲི་ཞུ་ཆེ་བར་དམིགས་ཏེ་ཞིང་ཆེན་སྲིད་གཞུང་རིམ་པའི་བྱ་དགའ་ཨང་གཉིས་པ་གནང་། གཞན་ཡང་མདོ་དབུས་ཀྱི་ཀློག་པ་པོ་ཁག་ཅིག་གིས་ཐད་ཀར་རམ་འཕྲིན་ཡིག་གི་ལམ་ནས་བསྔགས་བརྗོད་གནང་བ་དེ་དག་ནི་དེབ་འདི་སླར་ཡང་བསྐྱར་བཅོས་དང་པར་སྐྲུན་བྱེད་པའི་སྒུལ་ཤུགས་སུ་གྱུར་པ་དང་དེ་ལས་བོད་མི་རྣམས་ནི་རང་གི་ཡི་གེས་བྱས་པའི་སློབ་དེབ་ལ་དགའ་བ་འཆང་བཞིན་པའི་བསམ་བློ་རྟོགས་པར་གྱུར།
དྲུང་ཡིག་ནི་ཆོས་སྲིད་གཉིས་ཀྱི་དོ་དམ་བྱ་བའི་ཁོངས་སུ་མེད་དུ་མི་རུང་བས་གནའ་དུས་ནས་རྒྱལ་པོའི་ཁབ་དང་དགོན་སྡེ་སོགས་ན་ཡིག་མཁན་དང་དྲུང་ཡིག་གི་གོ་གནས་ངེས་ཅན་གཏན་འབེབས་གནང་འདུག བཅིངས་འགྲོལ་ཡར་སྔོན་བོད་ཀྱི་སྒེར་གཉེར་སློབ་གྲྭ་ན་རོང་ཤར་གྱི་སློབ་གྲྭའི་ནང་ཡིག་གཟུགས་དང་། གཏོང་ཡིག་བཀའ་རྒྱ་སྙན་ཞུ། ཆོད་ཡིག དཔྱད་མཚམས་ཁྲ་མ། གན་རྒྱ་སོགས་སློབ་ཚན་ཁག་སློབ་ཀྱིན་ཡོད་ཅེས《བོད་ཡིག་སློབ་གསོ་རིག་པ་གོང་འཕེལ་ཇི་ལྟར་བྱུང་བའི་གཏམ་གླེང》 ཞེས་པར་གསལ་བ་ལྟར་ན། སློབ་གྲྭ་དེས་སྲིད་གཞུང་དང་སྒེར་གཉེར་ཁག་ལ་མཁོ་བའི་དྲུང་ཡིག་གཙོ་སྐྱོང་བྱེད་ཀྱིན་ཡོད། དྲུང་ཡིག་གི་མཚན་ཉིད་ལ་འཇུ་མི་ཕམ་གྱིས་མཛད་པའི《རྒྱལ་བོ་ལུགས་ཀྱི་བསྟན་བཅོས》སུ། བརྡ་དག་གཞུང་ལ་མ་རྨོངས་དང་། །སྙན་ངག་ལ་སོགས་རིག་བྱེད་ཤེས། །ཡིག་གཟུགས་འབྲི་ལ་ལེགས་མཁས་པ། །སྨྱུག་འཛིན་པ་ཡི་དྲུང་ཡིག་ཡིན། །ཞེས་བཀོད་ཅིང་དོན་ནི་དྲུང་ཡིག་ཅིག་ཡིན་ན་བརྡ་དག་དང་སྙན་ངག་དང་། རིག་བྱེད་དེ་གཙོ་བོ་སྲིད་སྲུང་གི་རིག་གནས་དང་། བྲིས་ཡག་པའི་ཡོན་ཏན་དེ་དག་འཛོམས་དགོས་པར་བསྟན་པ་ལྟར་ན། དེང་གི་དུས་འདིར་ནི། སྲིད་དོན་གཞུང་ལུགས་སྦྱང་བའི་རྟོགས་པ་མཐོ། །ཐབས་ཚུལ་རིག་པ་སྟོན་པའི་བློ་གྲོས་ལྡན། །གློག་ཀླད་ལ་སོགས་བྱང་བར་སྤྱོད་ལ་མཁས། །རྩོམ་འཆད་བྲིས་གསུམ་འཛོམས་ལ་དྲུང་ཡིག་བྱ། ། ཅེས་བཤད་རིགས་ཏེ། དུས་ཀྱི་འཕེལ་རིམ་མི་འདྲ་བར་གནས་པའི་དྲུང་ཡིག་ལ་དུས་སྐབས་གང་དེའི་སྲིད་གཉེར་ཡོན་ཏན་ངེས་ཅན་འཛོམས་དགོས་པས་སོ། ། འཛམ་གླིང་རྒྱལ་ཁབ་ཁག་ཏུ་དེང་རབས་ཀྱི་སྲིད་འཛིན་རིག་པ་འདི་དར་བ་ནས་རང་རང་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཀྱི་ལམ་ལུགས་དང་ལྟ་བ་མི་འདྲ་བར་བརྟེན་པའི་སྲིད་དོན་གཞུང་ལུགས་གང་མང་ཞིག་བྱུང་ཡོད། ང་ཚོས་སྲིད་འཛིན་རིག་པའི་སློབ་དེབ་འདི་རྩོམ་པའི་དུས་སུ་ཀྲུང་གོའི་སྲིད་དོན་བྱ་བར་སློབ་སྟོན་དང་གཙོ་ཁྲིད་ཀྱི་ནུས་པ་ལྡན་པའི་ཀྲུང་གོའི་མཁས་པས་མཛད་པའི་སློབ་དེབ་ཁག་ཅིག་གཞིར་བཟུང་བ་ཡིན། བཅིངས་འགྲོལ་བྱས་ནས་ལོ་འཁོར་ལྔ་བཅུ་འགོར་བའི་རིང་ལ། རྒྱ་ཡིག་དར་ཁྱབ་ཆེ་བར་གྱུར་པས་མི་རིགས་ས་ཁུལ་གྱི་སྲིད་གཞུང་ལས་ཁུངས་ཁག་གི་སྙན་ཞུ་ཡི་གེ་སོགས་རྒྱ་ཡིག་གིས་འབྲི་བའི་ཕྱོགས་སུ་འཕོས་པས་སྔར་ཡོད་བོད་ཁུལ་སྤྱི་ཚོགས་སུ་ཁྱབ་གདལ་དུ་སྤྱོད་པའི་མིང་བརྡ་སྐོར་ཞིག་རིམ་གྱིས་བརྗེད་དེ། བོད་ཡུལ་ཕལ་ཆེ་བར་རྒྱ་སྐད་བཤད་ན་གོ་བདེ་པོ་ཡོད་པ་ལྟ་བུར་ཆགས། བསླབ་དེབ་དེའི་ནང་བོད་ཀྱི་སྲིད་འཛིན་ལོ་རྒྱུས་དང་གནས་ལུགས་གསལ་བྱེད་དུ་འགྱུར་བའི་མཁས་པའི་ལེགས་བཤད་གང་འཚམ་དྲངས་པ་ནི་བོད་ཀྱི་རིག་གནས་སུ་ཇི་ལྟར་འབྲེལ་བའི་ཐབས་ཤེས་ལག་ལེན་བྱས་པ་ཡིན། དེ་ལྟ་ན་ཡང་རྒྱ་ཡིག་དང་རྒྱ་སྐད་མཁྱེན་པའི་བོད་པ་ཁག་ཅིག་གི་བློ་ངོར་འབབ་པའི་བསླབ་དེབ་ཅིག་ཏུ་ད་དུང་འགྱུར་ཐུབ་མེད། ཁོ་ཚོས་གཞུང་འདིའི་དོན་ཚན་དང་གཞུང་ལུགས་མང་དག་ཅིག་ནི་རྒྱ་ཡིག་ལ་ཡོད་པ་ལྟར་བོད་ཡིག་ལ་བྲིས་པ་དེ་རང་རྒྱུ་མཚན་དུ་བྱས་ནས་བོད་ཡིག་གིས་བྱས་པའི་གཞུང་འདི་འདྲར་བལྟ་བ་ལས་རྒྱ་ཡིག་ངོས་ནས་ཐད་ཀར་བལྟས་ན་བཟང་ངོ་སྙམ་པའི་ལྟ་ཚུལ་འཛིན་གྱིན་ཡོད། དེ་ནི་དངོས་གནས་མི་རིགས་ཀྱི་རིག་གནས་ལ་ཤ་ཞེན་མེད་པའི་ལྟ་བ་ཞིག་ཡིན་པར་བརྗོད་ཆོག གང་ཡིན་ཟེར་ན། བོད་པའི་རིག་གནས་ནི་བོད་ཡིག་ལས་གྲུབ་པ་དང་བོད་ཡིག་གིས་བྱས་པའི་རིག་གནས་གཞུང་ལུགས་ཀྱིས་བོད་མི་ཡོངས་ཀྱི་རིག་གནས་ཡར་སྤེལ་ལ་ཞབས་འདེགས་ཞུ་བའི་གནས་ལུགས་དེ་ཁོང་ཚོས་ཤེས་ཀྱིན་མེད་པ་དེ་རེད། ཁོ་ཚོའི་སེམས་ནས་དེང་རབས་ཀྱི་རིག་གནས་གཞུང་ལུགས་ཤིག་ཡིན་ན་ཧ་ལམ་རྒྱ་ཡིག་དང་རྒྱ་སྐད་ཀྱི་ངོས་ནས་གོ་བ་བླང་ཆོག་པའི་ལྟ་བ་འཛིན་གྱིན་ཡོད། ཉེ་བའི་ཡར་སྔོན་དུ་བོད་ཀྱི་རིག་གནས་གཉེར་བའི་མཐོ་རིམ་སློབ་གྲྭ་ཞིག་ཏུ་དེང་རབས་སུ་དར་བའི་རིག་གནས་ཡོད་ཚད་ནི་རྒྱ་ཡིག་གི་ངོས་ནས་ཐད་ཀར་བསླབ་ན་བཟང་ངོ་སྙམ་པའི་འདོད་ཚུལ་བྱུང་བར་གྲགས་པ་དེ་བདེན་ནམ་བརྫུན་གང་ཡིན་ཡང་བོད་ཀྱི་ཡི་གེ་འདི་ཉིད་མིག་སྔར་བོད་ཁུལ་སྤྱི་ཚོགས་ཀྱི་སྲིད་འབྱོར་རིག་གསུམ་ཐད་སྤྱོད་བཞིན་པའི་ཡིག་རིགས་གཙོ་བོར་གྱུར་མེད་པ་ལ་བསམས་ནས་མིག་གི་སྣང་བར་བློ་ཡི་སྲོག་ཞུགས་པའི་ཟློས་གར་དེ་འདྲ་འཁྲབ་སྟོན་བྱས་པ་རེད། སྤྱིར་བཤད་ན། ང་ཚོའི་རྒྱལ་ཁབ་ཀྱིས་ཐོག་མ་ཉིད་ནས་མི་རིགས་ཀྱི་སྐད་ཡིག་སྤྱོད་པར་གཙིགས་འཛིན་གནང་གིན་ཡོད། 1957ལོའི་ཟླ8པའི་ཚེས5ཉིན་ཀྲོའུ་ཙུང་ལིས《རང་རྒྱལ་གྲངས་ཉུང་མི་རིགས་སྐོར་གྱི་གནད་དོན་འགའ》ཞེས་པའི་གསུང་བཤད་ནང་དུ། མི་རིགས་ཀྱི་སྐད་ཡིག་ལ་བརྩི་འཇོག་བྱེད་དགོས་པ་དང་། གསོ་སྐྱོང་མཐོར་འདེགས་བྱེད་དགོས་པར་མ་ཟད། བློ་ཐག་བཅད་ནས་ཁོ་ཚོར་རྩ་འཛུགས་བྱས་ཏེ་བོད་སྐད་བོད་ཡིག་ལ་སློབ་སྦྱོང་བྱེད་དུ་བཅུག་སྟེ། ལོ་ལྔ་བཅུ་མན་གྱི་ལས་བྱེད་པས་ཡིན་གཅིག་མིན་གཉིས་ཀྱིས་བཀོལ་སྤྱོད་བྱེད་ཤེས་པ(བོད་རིགས་ལས་བྱེད་པར་ཡང་རོགས་རམ་བྱས་ནས་རྒྱ་ཡིག་རྒྱ་སྐད་ཤེས་སུ་འཇུག་དགོས)བྱས་ཏེ། དུས་ཡུན་རིང་བོར་བོད་ལྗོངས་འཛུགས་སྐྲུན་བྱེད་པར་ཧུར་ཐག་འབད་ཐག་བྱེད་དགོས། ཞེས་དང་། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་རྗེས་སུ་ཀྲུང་གུང་ཀྲུང་དབྱང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུ་ཡི《རྒྱ་རིགས་ལས་བྱེད་པའམ་ལས་བཟོ་པ་རྣམས་ཀྱིས་བོད་ཀྱི་སྐད་ཡིག་སློབ་སྦྱོང་བྱེད་དགོས་པའི་བསམ་འཆར་སྐོར་གྱི་བརྡ་ཡིག》ཅེས་པར་མཆན་བཀོད་རྒྱུད་སྒྲོག་བྱས། པཎ་ཆེན་སྐུ་ཕྲེང་བཅུ་བ་ཞལ་བཞུགས་པའི་དུས་སུ་ང་ཕོད་དང་ལྷན་དུ་རང་རྒྱལ་གྱི《རྩ་ཁྲིམས》དང《མི་རིགས་ས་ཁོངས་རང་སྐྱོང་གི་བཅའ་ཁྲིམས》ལྟར། 1987ལོའི་ཟླ7ཚེས9ཉིན་བོད་རང་སྐྱོང་ལྗོངས་སྐབས་བཞི་བའི་དམངས་ཆེན་གྲོས་ཚོགས་ཐེངས་ལྔ་བའི་ཐོག་ཏུ《བོད་རང་སྐྱོང་ལྗོངས་སུ་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་། བེད་སྤྱོད། འཕེལ་རྒྱས་སུ་གཏོང་རྒྱུ་གཏན་འབེབས་འགའ་ཞིག(ཚོད་ལྟའི་ལག་ལེན)》ཞེས་པར་ཞིབ་གྲོས་བྱས་ནས་གྲོས་འཆམ་བྱུང། རྗེས་སུ་དེ་རྩ་དོན་དུ་བཟུང་ནས2001ལོའི་བར་བོད་ཡིག་བཀོལ་སྤྱོད་སྐོར་གྱི་གཏན་འབེབས་ཐེངས་མང་གནང་བ་དེ་དག་བོད་ལྗོངས་ཙམ་མ་ཟད། ནུབ་རྒྱུད་ཞིང་ཆེན་ཁག་གི་བོད་རིགས་རང་སྐྱོང་ཁུལ་དང་བོད་རིགས་རང་སྐྱོང་རྫོང་དུ་བོད་ཡིག་ལག་བསྟར་བྱེད་པར་འཚམ་པའི་གཏན་འབེབས་ཤིག་ཏུ་གྱུར། ཁ་ཅིག་གིས་ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་སྐད་ཡིག་ལ་མཐོང་ཆེན་བྱེད་པའི་ཚུལ་དེ་སྣང་མེད་དུ་གཡུགས་ཏེ། བོད་ཀྱི་སྐད་དང་ཡི་གེ་ཉམས་ཀྱང་བོད་པའི་མི་རིགས་ནི་རང་ལ་སྐད་རིགས་མེད་པའི་ཧུའེ་ཧུའེ་མི་རིགས་དང་དབྱི་སི་རལ་མི་རིགས་བཞིན་གནས་ཀྱང་མི་ཆོག་པ་མེད་པའི་འུད་ཤོད་ཆེན་པོ་གང་སར་བསྒྲགས་ཏེེ་མི་རིགས་ཀྱི་སྐད་ཡིག་ལ་གོ་བ་མེད་པ་ཨ་གསར་ཚ་པོ་ཁག་ཅིག་གི་བློ་ཁ་བསྒྱུར་བར་སྟོབས་ཤུགས་ཕུལ་གྱིན་ཡོད། ཧུའེ་ཧུའེ་མི་རིགས་ནི་རང་ལ་སྐད་དང་ཡི་གེ་མེད་པའི་མི་རིགས་ཤིག་ཡིན་ཡང་ཆོས་ལུགས་དང་གོམས་སྲོལ་ནི་ཁོ་ཚོ་འཚོ་གནས་ཀྱི་སྲོག་ཤིང་ཡིན་པ་དང་དེའི་ཐད་ནམ་ཡང་མཐོང་ཆེན་དང་ཤུགས་སྣོན་རྒྱག་པ་ལས་ལྷོད་གཡེང་ཏིལ་ཙམ་ཡང་གཏོང་གིན་མེད། དབྱི་སི་རལ་མི་རིགས་ནི་རྒྱལ་ཁབ་དང་སྲིད་གཞུང་ཡོད་ལ། ཚན་རིག་དང་ལག་རྩལ་དར་བའི་མི་རིགས་སྟོབས་ལྡན་ཞིག་ཡིན། ད་ལྟའི་བར་ཨ་རབ་མི་རིགས་ཀྱིས་བསྐོར་བའི་ཡུལ་ཕྲན་ཞིག་ནས་ཉམས་པ་མེད་པར་གནས། ང་ཚོ་ནི་རང་ལ་རིག་གནས་མེད་པ་དང་རང་གི་རིག་གནས་ཉམས་པའི་དབྱི་སི་རལ་མི་རིགས་ལྟ་བུའི་དཔེར་བྱས་ན་སྟག་མཆོང་སར་གླང་ཆེན་གྱི་དཔེ་ལས་མ་འདས་པ་ནི་རང་ཉམས་ལ་དཔྱོད་ན་ཤེས། ཉེ་བའི་ཆར་དབྱི་སི་རལ་མི་རིགས་ཀྱི་གནའ་བོའི་སྐད་ཆ་ཞི་པའོ་ལའེ་ཟེར་བ་དེ་ས་འོག་ནས་རྙེད་པའི་གསེར་བཞིན་རྒྱལ་ཁབ་ཧྲིལ་བོའི་མི་རབས་རྗེས་མ་རྣམས་ཀྱིས་སློབ་ཀྱིན་ཡོད་ཀྱང་ང་ཚོའི་ཁྲོད་ན་དོན་དེ་ངོ་མཚར་དུ་བསམ་མཁན་མེད་པ་ནི་ལྷག་པར་ངོ་མཚར་དགོས་པ་ཞིག་རེད། དབྱི་སི་རལ་གྱིས་བྱེད་སྟངས་དེ་ལས་མི་རིགས་ཤིག་ཡིན་ན་རང་སྐད་ཀྱི་རིག་གནས་ཤིག་དགོས་པའི་གནས་ལུགས་དེ་གསལ་བོར་ཤེས་སུ་བཅུག་པ་དང། དེར་བསམས་ན་གཞན་དཔེ་ཐམས་ཅད་རང་ལ་འཕྲོད་པ་ཞིག་ཡིན་མིན་ལ་བསམ་བློ་གཏོང་དགོས་པའི་གནས་ལུགས་དེ་ཡང་ཤེས་པར་འགྱུར། ང་ཚོས་ད་ལྟ་ཡོད་པ་རྣམས་ཀྱང་རྒྱུན་འཁྱོངས་བྱེད་དཀའ་བ་འདི་འདྲ་ན། རྩ་བ་ནས་ཉམས་སོང་བའི་ཡི་གེ་ཞིག་སླར་ཡང་གསོ་བའི་ནུས་པ་གང་ན་ཡོད། འདང་ཞིབ་མོ་བརྒྱག་དགོས། དེ་ལས་དེང་རབས་ཀྱི་རིག་གསར་རྣམས་རྒྱ་ཡིག་དང་རྒྱ་སྐད་དམ་ཕྱི་ཡིག་ལས་སྦྱང་བའི་མཐའ་མཇུག་གི་འབྲས་བུར་རང་གི་སྐད་དང་ཡི་གེ་ནི་ཆུ་རྒྱུན་ཆད་པའི་ཆུ་མགོ་ལྟར་འགྱུར་འགྲོ་བ་རྗེས་སུ་དཔོགས་ན་ཤེས་པས། མི་རིགས་ཤིག་གི་སྐད་རིགས་དེ་མི་རིགས་དེ་གནས་པའི་སྲོག་ཤིང་དུ་གྱུར་པ་དང་སྲོག་ཤིང་དེ་མེད་ན་མི་རིགས་ཟེར་བའི་ཁྱད་ཆོས་དེ་ངེས་པར་ཤོར་འགྲོ་བའི་ཆོས་ཉིད་དེར་ཅི་ནས་ཀྱང་བསམ་བློ་གཏོང་དགོས།
མི་རིགས་སྐད་ཡིག་གི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་དངོས་གནས་ཤིག་བྱེད་དགོས་ན། གོང་གསལ་མི་རིགས་སྐད་ཡིག་སྐོར་གྱི་ཁྲིམས་སྲོལ་གཞིར་བཟུང་སྟེ་མི་རིགས་ཀྱི་སྐད་ཡིག་དེ་སྲིད་འབྱོར་རིག་གསུམ་ཁྲོད་སྤྱོད་པའི་ཁོར་ཡུག་ཅིག་དང་ལག་ལེན་དུ་འདེབས་ཐུབ་པའི་མཐུན་རྐྱེན་བསྐྲུན་དགོས། ངའི་བསམ་པར་རང་རྒྱལ་གྱི་མི་རིགས་ས་ཁོངས་རང་སྐྱོང་གི་སྲིད་ཇུས་ལག་ལེན་བྱེད་བཞིན་པའི་ས་གནས་ཁག་ནི་མི་རིགས་ཀྱི་སྐད་ཡིག་དང་རིག་གནས་ལག་ལེན་བྱེད་པའི་ཁོར་ཡུག་ཡིན་པ་དང་རང་སྐྱོང་ཁུལ་གྱི་སྲིད་གཞུང་ལས་ཁུངས་ཀྱི་བྱ་བ་མང་པོ་ཞིག་གི་ཐད་བོད་ཡིག་སྤྱོད་དུ་འཇུག་རྒྱུ་ནི་མི་རིགས་སྐད་ཡིག་ལག་ལེན་བྱེད་པ་དང་མི་རིགས་སྐད་ཡིག་གོང་འཕེལ་དུ་གཏོང་བའི་མཐུན་རྐྱེན་གཙོ་བོར་ངོས་འཛིན་དགོས། རང་རྒྱལ་གྱི་ཡན་པའེ་ཁྲའོ་ཤན་རིགས་ས་ཁོངས་རང་སྐྱོང་ཁུལ་དུ་མི་རིགས་ཀྱི་སྐད་ཡིག་ལག་ལེན་ཡག་པོ་བྱེད་ཀྱིན་ཡོད། ཁོ་ཚོར་རང་ལ་སློབ་གསོ་མ་ལག་ཚང་ཞིང་གྲ་དག་པོ་ཞིག་ཡོད་པ་མ་ཟད། ལས་བྱེད་པ་སྡུད་ལེན་དང་བཀོལ་སྤྱོད་གཏོང་བ། སློབ་རྒྱུགས་ལེན་པ། རྒྱང་སྒྲོག་དང་ཚགས་པར་ལས་དོན་ཐད་རང་གི་ཡི་གེ་སྤྱོད་པར་མ་ཟད། མི་དམངས་མང་ཚོགས་ཀུན་གྱིས་རང་གི་རིག་གནས་དེར་ངེས་པར་བརྟེན་དགོས་པའི་བསམ་བློ་རྣམ་དག་ཆགས་ཡོད་པ་དེ་མི་རིགས་རང་ཉིད་ཀྱི་སྐད་ཡིག་དང་རིག་གནས་གོང་འཕེལ་དུ་འགྲོ་བའི་སྒུལ་ཤུགས་སུ་གྱུར། ང་ཚོའི་མི་རིགས་ས་ཁོངས་རང་སྐྱོང་དང་དེ་གཉིས་བསྡུར་ན་དངོས་ནས“ཁ་གྱ་རྒན་གྱའི་བར་ནི་རིང་བ་དང་། དབུས་དང་ཨ་མདོ་གཉིས་ནི་དེ་བས་རིང”ཟེར་བ་ལྟ་བུ་ཞིག་རེད། མི་ལོ་ལྔ་བཅུའི་སྔོན་དང་བསྡུར་ན་རང་རྒྱལ་གྱི་མི་རིགས་སོ་སོའི་ཡོན་ཏན་པ་སྔར་ལས་ཇེ་མང་དང་བྱང་ཚད་ཇེ་ཡག་ཏུ་སོང་ཡོད། ཡིན་ན་ཡང་མི་རིགས་ས་ཁོངས་རང་སྐྱོང་ཁུལ་དེ་ནས་རྩ་ཁྲིམས་ཀྱིས་གཏན་འབེབས་ལྟར་ཇི་ལྟར་བྱས་ནས་མི་རིགས་ཀྱི་རིག་གནས་གོང་འཕེལ་དུ་གཏོང་བར་ཕན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བསྐྲུན་རྒྱུ་དེ་ནི་ངེས་པར་ཐག་གཅོད་བྱེད་དགོས་པའི་གནད་དོན་གཙོ་བོ་ཞིག་རེད། སྤྱི་ཚོགས་ཀྱི་ཁོར་ཡུག་མེད་པར་སློབ་གྲྭ་ཙམ་ལ་བརྟེན་ན་སློབ་རའི་རིག་གནས་ཙམ་དུ་ཟད་པས་སྤྱི་ཚོགས་ཧྲིལ་བོར་བརྟེན་པའི་མི་རིགས་ཀྱི་རིག་གནས་དེ་ནམ་ཡིན་ཡང་དར་རྒྱས་གོང་འཕེལ་དུ་གཏོང་མི་ཐུབ། 1987ལོར་ང་རང་བླ་བྲང་དགོན་པའི་ནང་བསྟན་སློབ་གླིང་དུ་སྐྱོད་སྐབས་དེ་གའི་འགན་ལེན་པ་ཨ་ལགས་ཉང་ཚང་དུ་འབོད་པས་སྤྱི་ཚོགས་རྙིང་བར་བླ་བྲང་ནས་བོད་ཡིག་གི་སྦྲགས་ཏར་བཏང་ཆོག་པ་ལ། ད་ལྟ་རྩ་བ་ནས་མེད་པར་གྱུར་པ་དེས་བོད་ཀྱི་སྦྲགས་སྲིད་ལས་དོན་གོང་འཕེལ་དུ་སོང་བ་མཚོན་ནམ་རྗེས་ལུས་ཀྱི་རྣམ་པ་མཚོན་པའི་སྐོར་བདག་ལ་དྲི་བ་ཞིག་འཕང་བ་དེར་ངས་མི་ལོ་མང་པོའི་རིང་བསམ་བློ་གཏོང་དགོས་བྱུང་། མི་རིགས་ཀྱི་རིག་གནས་ཕན་མེད་སྨྲ་བའི་བསམ་བློ་དང་བཤད་ཚུལ་ནི་དེ་ལྟའི་ཁོར་ཡུག་ཁྲོད་ནས་བྱུང་བ་རེད། ད་ལྟ་ང་ཚོས་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དུས་སྐབས་སུ་འཁེལ་འདུག མི་རིགས་ས་ཁུལ་ནས་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྲུན་བྱེད་དགོས་ན། ངེས་པར་དུ་མི་རིགས་རང་རང་གི་སྐད་ཡིག་དེ་རང་གི་ས་ཁུལ་ནས་སྤྱོད་པར་རང་དབང་ཡོང་བ་བྱེད་དགོས། དེ་ལྟར་བྱས་ན་སྣ་མང་རིག་གནས་དར་བའི་སྤྱི་ཚོགས་སུ་བསྐྱོད་ཐུབ། ཀྲུང་གོ་རྒྱལ་ཁབ་འདི་ཉིད་འཛམ་གླིང་ཚོང་ཚོགས་རྩ་འཛུགས་སུ་ཞུགས་པའི་རྗེས་སུ་སྲིད་གཞུང་གི་བྱ་བ་བྱེད་སྟངས་དང་ལམ་ལུགས་སོགས་ཕྱོགས་གང་ཐད་ནས་འཛམ་གླིང་སྤྱིའི་འཕེལ་ཕྱོགས་སུ་སྐྱོད་བཞིན་ཡོད་པས། མི་རིགས་ས་ཁུལ་ནས་ཀྱང་ལོ་རྒྱུས་ཀྱི་འགན་ལྗིད་དེ་འདྲ་ཕྲག་ཏུ་ལེན་དགོས་ན་ངེས་པར་དུ་མི་རིགས་ཀྱི་རིག་གནས་དང་སྐད་ཡིག་གི་ཆུ་ཚད་ངེས་ཅན་ལྡན་པའི་མི་རིགས་ཀྱི་ལས་བྱེད་པ་སྐྱེད་སྲིང་དང་། མི་རིགས་ས་ཁོངས་རང་སྐྱོང་གི་དམིགས་བསལ་སྲིད་ཇུས་ལྟར་མི་རིགས་ཀྱི་ཤེས་ཡོན་ཅན་ཇི་ལྟར་བཀོད་སྒྲིག་དང་བཀོལ་སྤྱོད་གཏོང་བའི་གནད་དོན་ངོ་མ་ཐག་གཅོད་ཡག་པོ་བྱེད་པར་བསམ་བློ་གཏོང་དགོས། ལས་དོན་དེ་རྣམས་མི་རིགས་ཀྱི་སྐད་ཡིག་ལ་འབྲེལ་བ་དམ་པོ་ཡོད་པས་མི་རིགས་སྐད་ཡིག་སྐོར་གྱི་གནད་དོན་དེ་མི་རིགས་ས་ཁོངས་རང་སྐྱོང་ནས་ལྷག་པར་མཉམ་འཇོག་བྱེད་དགོས་པའི་དོན་གནད་གལ་ཆེན་ཞིག་རེད།
མི་རིགས་ཤིག་ཡིན་ན་ཀྲུང་ཕྱིའི་རིག་གནས་དགོས་ངེས་ཅན་སྣ་ཚོགས་སློབ་པའི་བསམ་བློ་ཞིག་དང་སྙིང་སྟོབས་ཤིག་ཡོད་དགོས། དེང་སང་གི་ཡོན་ཏན་པའི་ཁྲོད་ན་ཡིག་རིགས་གཉིས་ནས་གསུམ་ལ་བྱང་པ་བགྲང་གིས་མི་ལང་བའི་ཚོད་དུ་སླེབས་ཡོད་ལ། ཡིག་རིགས་བཅུ་ནས་ཉི་ཤུ་ཤེས་མཁན་དང་ཡིག་རིགས་སུམ་ཅུ་ལ་སྦྱོང་བ་བྱས་མྱོང་མཁན་ཡང་གང་མང་འདུག མིག་སྔའི་བོད་པའི་ཁྲོད་ནའང་ཡིག་རིགས་གཉིས་ནས་གསུམ་ལ་མཁས་པ་གང་མང་ཡོད། ཡིག་རིགས་སྣ་མང་ལ་མཁས་ན་བསམ་བློ་དང་རིག་གནས་སྣ་མང་ལྡན་པའི་ཁོར་ཡུག་བསྐྲུན་ཐུབ། ཡིན་ན་ཡང་བོད་པ་རྣམས་ཀྱིས་སྦྱངས་པའི་ཡོན་ཏན་ཕལ་ཆེ་བ་བོད་ཀྱི་རྩོམ་རིག་དང་བོད་རིག་པ་ཁོ་ནར་ཞིབ་འཇུག་གི་ལས་ལས་འདའ་ཐུབ་མཁན་མང་པོ་མེད་པས་རིག་གནས་སྣ་མང་དུ་སྐྱོད་པའི་བགྲོད་ལམ་ཡག་པོ་ཞིག་ཕྱེ་ཐུབ་མེད། རྡོ་སྦིས་དགེ་བཤེས་ཀྱིས། མིག་གིས་འཇུག་པ་མ་རྟུལ་རྒྱང་རྒྱ་ཆོད། གསུངས་པ་དེར་དོན་ཆེན་པོ་ཡོད། ད་ལྟ་བོད་ཁུལ་ནས་དགེ་འདུན་གྱི་སྡེ་ཕུད། སྤྱིར་བཏང་རིག་གནས་པའི་ཁྲོད་ན་བོད་ཡིག་གིས་བྱས་པའི་སྤྱི་ཚོགས་ཀྱི་རིག་གནས་དཔྱད་ཀློག་གནང་མཁན་ཤིན་ཏུ་ཉུང་། ཐ་ན་མི་ཚེ་གང་བོར་བོད་ཡིག་གི་ཚགས་པར་མི་ཀློག་མཁན་ཡང་མང་། ང་ཚོའི་ཚགས་པར་དང་དཔེ་དེབ་པར་གསར་ཁག་ལ་རང་སྐད་དང་འགལ་བའི་མིང་བརྡ་དང་བརྡ་དག་གི་ཞན་ཆ་གང་འཚམ་ཡོད་པ་བདེན་ཡང་ཁྱོན་ཡོངས་ནས་མི་འགྲིག་པར་བརྩིས་ན་ཐལ་དྲགས་སོང་བ་མ་ཟད། རིག་གནས་གསར་བ་འབྱུང་བའི་སྒོ་མོ་འགག་པར་འགྱུར་བས། ང་ཚོས་ཅི་ནས་ཀྱང་འདོར་ལེན་གྱི་རིག་པ་སྟེ་ཆུ་ལས་འོ་མ་འབྱེད་པའི་ཐབས་ཤེས་སྤྱོད་དགོས། མིང་བརྡའི་ཐ་སྙད་གཏན་འབེབས་ཐད“སྔོན་ཐོས་གཙོར་བཟུང”ངམ་ཡང་ན། སྔོན་བྱུང་རྗེས་འཛིན་གྱི་རྩ་དོན་ཞིག་ཡོད་དགོས། 《སྒྲ་སྦྱོར་བམ་གཉིས》ལས། གཟུགས་ལ་སོགས་པ་འདི་ནི་དཀར་པོའོ། ། འདི་ནི་སྔོན་པོའོ། ། འདི་ནི་བཟང་པོའོ། ། འདི་ནི་ངན་ནོ། ། ཞེས་མཚན་མར་འཛིན་པའི་དམིགས་པའི་ཡུལ་དང་། དེ་མ་ཐག་པའི་རྐྱེན་ལ་སོགས་པ་འདུས་པ་ལས་ཤེས་པ་འབྱུང་ཞིང་འདི་ཡིན་ནོ་སྙམ་དུ་མཚན་མར་འཛིན་པ་ལ་བྱ་བས་ན་སྙམ་ཤེས་སུའང་དྲང་དུ་རུང་གིས་ཀྱང་སྔར་གྲགས་པ་བཞིན་དུ་འདུ་ཤེས་སུ་བཏགས། ཞེས་བཀོད་པ་ནི་ས་ཁུལ་ཞིག་དང་མི་སྣ་གཅིག་གི་སྐད་ཆ་དང་དྲན་འཆར་དེ་མི་རིགས་ཧྲིལ་བོའི་རིག་གནས་ཀྱི་གོང་དུ་སྡོད་པའི་སྤྱོད་སྟངས་འདོར་དགོས་པར་སློབ་སྟོན་གནང་བ་ཞིག་རེད། དེ་ལྟར་བྱས་ན་ཁ་ཅིག་གི་བློར་བདེ་མིན་དང་དབང་ཆེ་ཆུང་གིས་སྔར་ཡོད་མིང་བརྡ་རྩིས་མེད་དུ་གཏོང་བའི་རྣམ་པ་བསྒྱུར་ཏེ་མིང་བརྡ་གཏན་འཇགས་དང་གོང་འཕེལ། ཁྱབ་གདལ་དུ་འགྲོ་བའི་རྣམ་པ་བསྐྲུན་ཐུབ། ཞིབ་ཏུ་བསམས་ན་སྔོན་དུས་ཀྱི《སྒྲ་སྦྱོར་བམ་གཉིས》སོགས་བཙན་པོས་བཀས་བཅད་ཁྲོད་ན་ཡང་ལུང་སྐད་དང་མཁས་པ་སོ་སོ་བའི་འདོད་པར་མཐུན་མིན་ཅི་རིགས་ཡོད་སྲིད་པ་ངེས་ཅན་ཡིན་ཡང་རྒྱལ་པོའི་བཀའ་ལ་ཡར་བཟློག་མེད་པའི་བསམ་བློར་བརྟེན་ནས་གཅིག་གྱུར་བྱུང་བ་རེད། དེང་གི་དུས་འདིར་མཁས་མང་གིས་གཏན་འབེབས་གནང་ཞིང་ཁྲིམས་ནུས་ཐོན་པའི་ཚིག་མཛོད་ཚད་ལྡན་བཟོས་པ་དེ་དག་ནི་སྔ་རབས་བཞིན་རྒྱལ་པོས་བཀས་རྣམ་པས་གཏན་ལ་ཕབ་པ་མིན་ཡང་རིགས་པས་དཔྱད་ན་བཀས་བཅད་ཡིན་ཏེ། མཁས་མང་གིས་གཏན་འབེབས་གནང་བའི་བཀས་བཅད་ཡིན་པའི་ཕྱིར། དོན་དངོས་དེ་འདྲར་སྣང་དོགས་མེད་པར་རྒྱལ་པོས་བཀའ་ཡོད་མེད་ཀྱིས་རང་བློར་ཁ་ལོ་བསྒྱུར་བ་ནི་རིག་པའི་སྒོ་མོ་དོག་ཅིང་བསམ་ཤེས་ཀྱི་རིག་པ་རྟུལ་བའི་རྟགས་ཤིག་རེད། རྡོ་སྦིས་དགེ་བཤེས་ཀྱིས《ཀླུ་སྒྲུབ་དགོངས་རྒྱན》ལ་དགག་པའི་བསྟན་བཅོས《མི་འཇིགས་སེང་གེ་ང་རོ》ནང་། བློ་མི་བདེ་ན་རང་གི་བློ་ཡི་སྐྱོན། ཞེས་གསུང་པ་ནི་དེང་དུས་སུ་རང་གི་བློར་བདེ་མིན་ཁོ་ན་བཤད་ནས་སྡོད་མཁན་ཁག་ཅིག་གི་བྱ་བྱེད་ལ་སློབ་སྟོན་གནང་བ་ལྟ་བུར་སོང་འདུག དེང་རབས་ཀྱི་མིང་བརྡ་ཁ་ཅིག་ནི་གཞུང་ལུགས་དེ་དང་དེ་སྦྱོང་མཁན་རྣམས་ཀྱིས་ཤེས་པ་ཙམ་ལས་ཀ་ཁ་ཀློག་ཤེས་མཁན་ཡོངས་ཀྱིས་དུས་མཉམ་དུ་རྟོགས་འགྲོ་སྙམ་པའི་བློ་སྐྱེས་མི་ཉན། གནའ་དེང་གཉིས་སུ་བརྡ་དང་བྲིས་གཟུགས། སྤྱོད་སྒོ་ཀུན་ལ་ཁྱད་པར་མེད་པར་ཇི་ལྟར་བརྟགས་ཀྱང་ཀུན་ནས་འདྲ་བའི་མིང་བརྡ་དེ་ཡང་དུས་ཀྱི་དབང་གིས་གོ་དོན་དང་བསམ་གཞིག་གཏོང་ཚུལ་མི་འདྲ་བར་གྱུར་པ་གང་མང་ཡོད། དམག་འཁྲུག་ཅེས་པའི་བརྡ་འདི་གནའ་དེང་གཉིས་སུ་སྤྱོད་པས་མིང་བརྡ་རང་ངོས་ནས་གནའ་དེང་བར་ཁྱད་པར་ཅི་ཡང་མེད་ཀྱང་དེང་དུས་ཀྱི་དམག་འཁྲུག་ནང་གློག་རྡུལ་དམག་འཁྲུག་དང་དྲ་སྦྲེལ་དམག་འཁྲུག བར་སྣང་ཁམས་ནས་འཇིག་རྟེན་མཁའ་དབྱིངས་སུ་མཚོན་ཆ་འཕེན་པ་སོགས་གནའ་མིའི་བསམ་ཡུལ་ལས་འདས་པའི་དམག་ཐབས་ཀྱི་རིག་པ་མང་པོ་འདུས་པས་དམག་འཁྲུག་ལ་གོ་བ་ལེན་དུས་མདའ་གྲི་མདུང་གསུམ་མ་ཟད། མེ་ཤུགས་འཕུར་མདའ་དང་རྡུལ་ཕྲན་གྱི་མཚོན་ལས་བརྒལ་བའི་དམག་འཁྲུག་གི་དུས་རབས་ཀྱི་ཆོས་ཉིད་ལྟར་བསམ་བློ་གཏོང་དགོས། དེང་རབས་ཀྱི་གོ་དོན་དེ་འདྲ་མ་ཤེས་ན་དམག་ཇུས་མཁས་པའི་གྲལ་དུ་འཚང་ཐབས་མེད་པས། བརྡ་དང་ཚིག་གི་བར་ན་དུས་ཀྱི་འཕེལ་འགྱུར་གྱི་བསམ་བློ་དང་རིག་གནས་ཡོད། བདག་ནི་གནའ་རབས་བོད་ཀྱི་ཡིག་རྙིང་ཆེད་གཉེར་གྱི་སྦྱང་བ་ཐོན་པའི་ཞིབ་འཇུག་སློབ་མ་ཞིག་ཡིན། སྲིད་འཛིན་རིག་པ་སློབ་ཁྲིད་ཀྱི་འགན་ཁུར་བའི་དུས་སུ། སློབ་དེབ་ཀློག་པའི་མཚུངས་སུ་འབྲེལ་ཡོད་དཔྱད་གཞིར་བལྟ་ཀློག་དང་། འདིའི་ཐད་ཀྱི་གཞུང་ལུགས་མཁས་པར་བཅར་འདྲི་བྱས་ལ། ཐག་རིང་གི་མཁས་པ་རེ་འགར་ཡི་གེའི་ལམ་ནས་འབྲེལ་གཏུག་བྱས་ཏེ་དོགས་གནས་སེལ། སྐབས་འགར་གློག་ཀླད་ནས་རིག་གནས་འདིའི་སྐོར་འཆད་ཁྲིད་གནང་བ་ཚུན་ལ་དུས་ཚོད་དམ་འཛིན་གྱིས་བསླབ་པ་ཡིན། གཞུང་ལུགས་ཤིག་ཤེས་པར་བྱེད་པ་དེ་ལས་སླ་མོ་ཞིག་མིན། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་ལ་སྐད་ཆའི་བརྗོད་སྟངས་མི་འདྲ་བ་ཡོད་པའི་ཁྱད་པར་དང་། དུས་སྐབས་མི་འདྲ་བའི་ནང་དུ་འཛམ་གླིང་གི་མཁས་པ་གང་དག་གིས་གནད་དོན་གང་དག་ལ་དམིགས་ནས་རྩ་དོན་གང་དག་བཏོན་པ་དང་དེས་སྤྱི་ཚོགས་སུ་དགེ་མཚན་གང་དག་ཐོན་ཡོད་པ། རྩ་དོན་གང་དག་གཏིང་ཟབ་ཏུ་ཞིབ་འཇུག་བྱེད་དགོས་པ། མི་རིགས་ས་ཁོངས་རང་སྐྱོང་གི་སྲིད་འཛིན་ལས་ཆོད་ཇི་ལྟར་མཐོར་འདེགས་གཏོང་བ། ཀྲུང་ཕྱི་གཉིས་མི་འདྲ་བའི་ཁྱད་པར་སོགས་ཞིབ་ཏུ་སྦྱང་དགོས། དེབ་འདི་འབྲི་བའི་གོ་རིམ་ཁྲོད་མིང་བརྡ་རྣམས་གང་དྲན་གྱིས་སྤྱོད་པའི་སྤྱི་བརྟོལ་སྤངས་ཏེ། དེང་དུས་ཀྱི་ཚིག་མཛོད་ལ་གཞི་བཅོལ་བ་དང་། ཚིག་མཛོད་སོགས་ན་ཐག་བཅད་པའམ་གཏན་འབེབས་མེད་པ་དང་རང་གིས་གསར་གཏོད་མ་བྱས་ན་བརྗོད་དོན་ནམ་གཞུང་ལུགས་དེ་ངོ་སྤྲོད་གནང་མི་ཐུབ་པ་ལྟ་བུའི་དཀའ་ངལ་ལ་དངོས་སུ་འཕྲད་པའི་དུས་སུ་གསར་གཏོད་རེ་འགའ་བྱས་པ་ཙམ་ལས་དོན་མེད་དུ་རང་བློར་བདེ་མིན་ཚད་གཞི་བྱས་ནས་གསར་གཏོད་བྱེད་རྒྱུར་དགའ་པོ་བྱས་པ་མིན། དོན་མེད་དུ་གསར་གཏོད་བྱས་ན་མིང་བརྡ་ཉོག་པོར་བཟོས་ཏེ་མི་རྣམས་ཀྱིས་མིང་བརྡ་ངོས་འཛིན་གཅིག་གྱུར་མི་ཐུབ་ལ། དེ་མ་ཐུབ་ན་ནམ་ཞིག་བོད་སྐད་ཀྱི་མིང་བརྡ་ལ་ཡིད་རྟོན་མེད་པར་གཞན་སྐད་ལ་བརྟེན་དགོས་པའི་དུས་སྐབས་འབྱུང་རྒྱུ་རེད། གནས་ཚུལ་སྐྱོ་བོ་དེ་འདྲ་མི་འབྱུང་བའི་ཆེད་དུ་ད་ནས་བཟུང་མཁས་མང་གིས་གཏན་འབེབས་གནང་བའི་ཚིག་མཛོད་དང་ཡིག་ཆ་ཚད་ལྡན་ལ་གཞི་བཅོལ་བའི(རྩོམ་རིག་སྒྱུ་རྩལ་གྱི་ཚིག་སྦྱོར་གསར་གཏོད་བྱ་ཆོག)རྩོམ་པ་པོ་དང་ཞིབ་འཇུག་པ་གང་མང་འཚར་ལོངས་འབྱུང་བར་སྙིང་ནས་རེ་སྨོན་བྱེད་རྒྱུ་ཡིན། རང་སྣང་གང་དྲན་བྱེད་མི་ཉན། གང་དྲན་བྱས་ན་སྔར་གྱི་མིང་བརྡ་ཚད་ལྡན་རྒྱུན་འཛིན་མི་ཐུབ་པའི་ཁར། དེང་དུས་ཀྱི་གསར་བྱུང་མིང་བརྡ་ཐམས་ཅད་རྒྱ་སྐད་ཀྱི་ངོས་ནས་འཆད་དགོས་པའི་དུས་ཤིག་ཡོང་ཐག་ཆོད་རེད།
སྲིད་འཛིན་རིག་པའི་གཞུང་འདི་འཛམ་གླིང་ཡོངས་སུ་དར་ནས་ལོ་བརྒྱ་ཕྲག་ལྷག་འགོར་བ་དང་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུའི་ནང་ཀྲུང་གོར་དར་བ་ནས་ལོ་རབས་དགུ་བཅུའི་ནང་བོད་ཡིག་གིས་སློབ་ཁྲིད་གནང་མགོ་ཚུགས། རིག་པའི་གཞུང་ལུགས་ཤིག་ཡིན་ན་རང་ལ་མ་ལག་ཚང་བའི་གཞུང་ལུགས་ཤིག་དང་ཞིབ་འཇུག་བྱེད་ཡུལ་ངེས་ཅན་ཡོད། འཛམ་གླིང་གི་རྒྱལ་ཁབ་སོ་སོའི་སྲིད་འཛིན་ལམ་ལུགས་མི་གཅིག་པར་རང་རང་སོ་སོར་གྱུར་པའི་ཐུན་མིན་ཁྱད་ཆོས་སུ་གནས་ཀྱང་སྲིད་འཛིན་འཛུགས་སྐྲུན་སྐོར་གྱི་རྩ་བའི་རིག་པ་དང་སྲིད་འཛིན་ལས་ཆོད་མཐོ་རུ་གཏོང་བ། མི་དམངས་ཀྱིས་དགའ་བསུ་བྱེད་པའི་སྲིད་གཞུང་ལུགས་མཐུན་ཅན་འཛུགས་སྐྲུན་བྱེད་པ་བཅས་ཀྱི་སྤྱིའི་ཆོས་ཉིད་ཐུན་མོང་བ་དེ་དག་ནམ་ཡང་བསྒྱུར་དུ་མེད་པའི་ཆོས་ཉིད་ལྟ་བུར་གྲུབ་པ་དང་དེ་དག་གི་གནས་ལུགས་ཤེས་ན་རང་གི་སྤྱི་ཚོགས་ཀྱི་ལམ་ལུགས་དེ་ཇི་ལྟ་བུ་ཞིག་ལ་གནས་ཡོད་པ་དང་གང་དག་བཅའ་དགོས་པ་དང་། འགྲིག་མིན་བརྟག་པའི་བློ་ཞིག་སྐྱེས་པར་འགྱུར་བས། འཇུ་མི་ཕམ་གྱིས་གཞུང་འདི་ས་གཞི་སྐྱོང་བའི་རྒྱན་དུ་གསུངས་པ་བཞིན་སྲིད་འཛིན་རིག་པ་ནི་མི་དམངས་ཀྱི་འཚོ་བར་འབྲེལ་བའི་དེང་རབས་ཀྱི་རིག་གནས་ས་གཞི་སྐྱོང་བ་རྣམས་ཀྱི་རྒྱན་ཡིན། །