༄༅། སློབ་ཁང་སློབ་ཁྲིད་བྱ་ཐབས་ཀྱི་སྐོར་ལ་ཅུང་ཟད་དཔྱད་པ།
༼ཀ་ཁའི་རྒྱང་འབོད་༽
༼ ནང་དོན་གནད་བསྡུས།༽
སྲོལ་རྒྱུན་སློབ་ཁྲིད་བྱ་ཐབས་ཀྱི་ཉིང་བཅུད་ཉམས་སུ་ལེན་ཞིང་རྙིང་ཞེན་གྱི་འཆིང་རྒྱ་ལས་འགྲོལ་ཏེ་བསླབ་ཚན་གསར་བཅོས་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་རྩ་དོན་གཞིར་བཟུང་ནས་དགེ་རྒན་གྱིས་བཤད་རྐྱང་དང་སློབ་མས་ཉན་རྐྱང་གི་སློབ་ཁྲིད་རྣམ་པ་ལས་རྒྱལ་ཏེ་རང་ཚུགས་དང་མཉམ་ལས། འཚོལ་སྤྱད་ཀྱི་ཐབས་ལ་བརྟེན་ནས་སྤྲོ་སྣང་ལྡན་ལ་འཁྲུག་ཆ་དོད་པའི་ངང་སློབ་མར་ཤེས་རིག་བརྒྱུད་སྤྲོད་དང་ནུས་རྩལ་གསོ་སྐྱོང་། ཡ་རབས་ཀུན་སྤྱོད་ཀྱི་རིན་ཐང་འདུ་ཤེས་གསོ་ཐུབ་པ་བྱ་རྒྱུ།།
༼བརྡ་ཆད་གཙོ་བོ། ༽
སྲོལ་རྒྱུན་སློབ་གསོ། བསླབ་ཚན་གསར་བཅོས། སློབ་ཁྲིད་ཐབས་ལམ། ཆ་འཕྲིན་ཅན།
༼གླེང་གཞི།༽
ཤེས་རིག་དང་དཔལ་འབྱོར། ཆ་འཕྲིན་ཅན་གྱི་དུས་རབས་འདིར་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་གློག་ལྟར་མྱུར་ལ། ཐམས་ཅད་ཆ་འཕྲིན་ཅན་གྱི་ཚབ་བྱེད་པའི་དུས་སྐབས་འདིར་སྐོམ་པ་ལ་ཆུ་ལྟར་མཁོ་བ་ནི་ཤེས་རིག་གི་མེ་རི་འབར་གས་བྱེད་དགོས་པའི་དུས་ལ་ཐུག་ཡོད་པས། སྲོལ་རྒྱུན་གྱི་སློབ་གསོའི་མཛད་ཕྱོགས་ཁོ་ནར་བསྟུན་ན་སློབ་གསོའི་གནས་བབས་དང་ལམ་ལུགས་འཕེལ་རྒྱས་འགྲོ་བའི་དགོས་མཁོ་སྐོང་མི་ཐུབ་པས། མཐའ་བཞི་གངས་རིས་བསྐོར་བའི་རང་ཅག་ཁ་བའི་ལྗོངས་འདིར་རྨང་གཞིའི་སློབ་གསོའི་ཁྲོད་དུ་བསླབ་ཚན་གསར་བཅོས་ཀྱི་ཚ་རླབས་འཕྱུར་ནས་མཐོ་གངས་དཀར་རྩེ་མོ་ནས་དམའ་ཡར་ཀླུང་གཙང་པོའི་བར་དང་། གྲོང་ཁྱེར་ནས་ས་ཁུལ། ས་ཁུལ་ནས་རྫོང་། རྫོང་ནས་ཤང་གྲོང་རྡལ་སོགས་མདོར་ན་གངས་ལྗོངས་ཀྱི་རི་ཀླུང་གང་སར་བསླབ་ཚན་གསར་བཅོས་ཀྱི་རྣམ་པ་བཟང་པོ་དབྱར་གྱི་རྔ་སྒྲ་བཞིན་མཆེད་ཡོད། འོན་ཀྱང་། སློབ་གསོ་གླེང་དུས་བརྒྱ་བཤད་སྟོང་བཤད་དང་བསླབ་ཚན་གསར་བཅོས་ཀྱི་བརྡ་ཆད་དེ་ཟ་མ་བཞིན་ཁ་ལ་འཁྱེར་བ་ཙམ་ནས་དེ་སྤེལ་དགོས་དོན་ཅི་ཡིན་པ་དང་། གང་ཞིག་ནི་བསླབ་ཚན་གསར་བཅོས་ཡིན་པ། བསླབ་ཚན་གསར་བཅོས་ཀྱི་ཚད་གཞི་གང་འདྲ་ཡིན་པ་བཅས་ཤེས་རྟོགས་མི་ཐུབ་པ་མ་ཟད། སློབ་ཁང་སློབ་ཁྲིད་སྐབས་བསླབ་ཚན་གསར་བཅོས་ཀྱི་བྱ་ཐབས་སྤེལ་མཁན་ནི་ཉིན་མོའི་སྐར་དང་རི་བོང་གི་རྭ་བཞིན་ཤིན་ཏུ་དཀོན། ཤེས་རིག་དང་དཔལ་འབྱོར་། ཆ་འཕྲིན་བཅས་འཕེལ་འགྱུར་མྱུར་བའི་དུས་རབས་ཀྱི་རྗེས་བསྙེགས་ཟིན་པ་དགོས་ན་སློབ་གསོར་བརྟེན་དགོས། སློབ་གསོ་ནི་དགེ་རྒན་ལ་བརྟེན་དགོས། མདོར་ན། དགེ་རྒན་གྱིས་སྐར་མ་བཞི་བཅུའི་སློབ་ཁང་སློབ་ཁྲིད་ཀྱི་དམག་ཇུས་ལེགས་པོ་སྤེལ་ཐུབ་མིན་ལ་རག་ལུས་ཡོད། དེར་བརྟེན། ང་ཚོས་སྲོལ་རྒྱུན་སློབ་གསོའི་ཉིང་བཅུད་དང་བསླབ་ཚན་གསར་བཅོས་ཀྱི་བྱ་ཐབས་ཟུང་དུ་འབྲེལ་ནས་སློབ་ཁང་སློབ་ཁྲིད་སྤྲོ་སྣང་ལྡན་ལ་འཁྲུག་ཆ་དོད་པ། སློབ་མའི་བློ་སེམས་བཀུག་མཁས་པ། བློ་སྒོ་འབྱེད་མཁས་པའི་ཐབས་ལམ་བཟང་པོར་བརྟེན་དགོས་པ་ནི་སྨོས་མེད་ལགས། ཕྲན་ཆུང་ངུའི་ལུས་ཀྱི་སྡོང་པོར་ཤེས་རིག་གི་འབྲས་བུས་དབུལ་བས་བོད་ཀྱི་སློབ་གསོའི་གནས་བབ་ལ་བསྒྱུར་བཀོད་དང་གདེང་འཇོག་བྱེད་པའི་སྤོབས་པས་བྲལ་ཡང་། ངས་རང་ཉིད་ཀྱི་ལོ་ཤས་རིང་བསླབ་ཚན་གསར་བཅོས་ཀྱི་རེ་འདུན་དང་དམིགས་ཡུལ་ལྟར་སློབ་ཁྲིད་བྱས་པའི་མྱོང་བ་དང་སྐབས་དང་པོའི་ལྗོངས་ཡོངས་ཀྱི་སྤུས་ལེགས་སློབ་ཁྲིད་འགྲན་སྡུར་ལ་ཞུགས་ནས་ཐོབ་པའི་སློབ་ཁྲིད་མྱོང་བ་ཕྲན་ཙམ་གླེང་བར་འདོད་དེ།
དང་པོ། སློབ་ཁྲིད་གྲ་སྒྲིག་ཟིན་བྲིས་འཆར་འགོད་ཞིབ་ཚགས་བྱ་དགོས།
སློབ་ཁྲིད་གྲ་སྒྲིག་ནི་སློབ་ཁང་སློབ་ཁྲིད་ལེགས་སྒྲུབ་འཐུས་ཚང་ཡོང་བའི་སྔོན་འགྲོ་དང་རྨང་གཞི་ཡིན་ལ། སློབ་ཁྲིད་ཀྱི་སྤུད་ཚད་ལེགས་ཞན་གང་ཡོང་བའི་འགག་གནད་ཀྱང་ཡིན། ཡིན་ན་ཡང་སློབ་གསོའི་བྱ་གཞག་ཐོག་ལས་གཉེར་གནང་བཞིན་པའི་དགེ་བའི་བཤེས་གཉེན་འགའ་ཤས་ཀྱིས་སློབ་ཁྲིད་གྲ་སྒྲིག་ཟིན་བྲིས་ནི་རྒྱབ་མི་བརྒྱབ་གཅིག་པ་རེད་ཅེས་གསུངས་དང་གསུངས་བཞིན་ཡོད། ངའི་ཉེ་འཁོར་གྱི་ལས་རོགས་དགེ་བཤེས་རྣམ་པས་ཀྱང་དེ་ལྟར་གསུངས་མྱོང་། རང་ཉིད་ཀྱི་བསམ་པར་ལྟ་བ་དེ་ནི་མི་འཐད་ལ་དེ་ནི་སློབ་མ་དང་སློབ་ཁྲིད་ལ་འགན་སེམས་དམན་པའི་མངོན་རྟགས་ཡིན་པར་མཐོང་། གང་ཡིན་ཟེར་ན། ཁྲིད་ཟིན་ཞིབ་ཚགས་བྱ་རྒྱུ་ནི་སྐར་མ་བཞི་ཅུའི་སློབ་ཁང་སློབ་ཁྲིད་ཀྱི་དམག་འཁྲུག་འཁྲུག་པོ་ཞིག་རྒྱག་ཐུབ་མིན་དང་སློབ་མའི་ཤེས་བྱ་ཤེས་ཚད་དང་ཐད་ཀར་འབྲེལ་བ་ཡོད། དེར་བརྟེན་ཁོ་བོ་འདིར་མ་ཤེས་ཤེས་མདོག་ངང་རྣམ་དཔྱོད་ཀྱི་མཁྱེན་རྒྱ་ཡངས་པའི་བཤེས་གཉེན་རྣམ་པར་དགོད་ཁ་སློང་ཕྱིར་མྱོང་བའི་ཁྲོད་ནས་ཐོབ་པའི་ཁྲིད་ཟིན་འཆར་འགོད་ཀྱི་བརྒྱུད་རིམ་རགས་བསྡུས་ཙམ་འབྲི་བར་ཐལ།
ཁྲིད་ཟིན་རྒྱས་པ་ཞིག་འབྲི་བར་གཙོ་བོའི་ནང་དོན་ཆེ་བ་ཁག་བཅུ་གཅིག་ཙམ་ཚང་དགོས་པ་སྟེ། སློབ་ཁྲིད་ཀྱི་དམིགས་ཡུལ། སློབ་ཁྲིད་ཀྱི་གཙོ་དཀའ་གནད། སློབ་མའི་གནས་ཚུལ་དབྱེ་ཞིབ། སློབ་ཁྲིད་ཀྱི་ཡུན་ཚད། སློབ་ཁྲིད་ཡོ་ཆས། སློབ་ཁྲིད་ཐབས་ལམ། སློབ་ཁྲིད་ཀྱི་བརྒྱུད་རིམ། སྦྱང་གཞི་བཀོད་སྒྲིག། ནག་པང་འཆར་འགོད། ཕྱོགས་བསྡོམས། སློབ་ཁྲིད་མྱོང་བརྗོད་བཅས་ཡིན། དེ་ལྟར་བཀོད་སྒྲིག་བྱེད་དགོས་པའི་བླང་བྱ་རགས་ཙམ་གླེང་ན།
༼དང་པོ། སློབ་ཁྲིད་ཀྱི་དམིགས་ཡུལ།
༼༡、 ཤེས་བྱ་དང་ནུས་རྩལ། དེ་ཡང་སློབ་ཁྲིད་ཀྱི་བརྒྱུད་རིམ་དེའི་ནང་སློབ་མས་ཤེས་བྱ་གང་དག་བློར་ཆུད་དགོས་པ་དང་། ནང་དོན་གང་དག་རྟོགས་དགོས་པ་དེ་ཡིན།
༼༡、བརྒྱུད་རིམ་དང་ཐབས་ལམ། དེ་ནི་སློབ་མས་ཇི་ལྟར་སྦྱོང་བ་དང་དགེ་རྒན་ནས་ཇི་ལྟར་སློབ་པའི་ཐབས་ཤེས་དང་བརྒྱུད་རིམ་གང་ཞིག་སྤྱད་རྒྱུ་དེ་ཡིན།
༼༣、ཚོར་འདུའི་ཉམས་འགྱུར་དང་རིན་ཐང་གི་ལྟ་བ། དེ་ནི་སློབ་ཕྲུག་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བར་རྨང་གཞི་བྱས་ཏེ། སྐད་ཡིག་སྦྱངས་འདོད་ཀྱི་བསམ་པ་དང་ཡ་རབས་གཞུང་དྲང་གི་གཤིས་སྤྱོད་སྐྱེད་སྲིང་བྱེད་པ། དེ་བཞིན་ཡང་དག་པའི་འཇིག་རྟེན་གྱི་ལྟ་ཚུལ་དང་མི་ཚེའི་རིན་ཐང་། མདོར་ན། སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་ཞིག་ཏུ་འགྱུར་བ་བྱ་རྒྱུའི་ཐད་ཀྱི་རིན་ཐང་ལྡན་པའི་སློབ་གསོ་བྱ་རྒྱུའི་བླང་བྱ་དེ་ཡིན།
༼གཉིས་པ། སློབ་ཁྲིད་ཀྱི་གཙོ་དཀའ་གནད།
བསླབ་གཞིའི་ནང་གི་སློབ་ཚན་ག་གེ་མོའི་ནང་གི་གཙོ་གནད་དང་དཀའ་གནད་འབུར་དུ་བཏོན་ནས་སློབ་མས་སློབ་ཚན་གྱི་བརྗོད་བྱའི་སྙིང་པོ་རྟོགས་པ་དང་སྦྱངས་དགོས་པའི་དམིགས་ཡུལ་གསལ་པོ་ཤེས་པ་བྱ་རྒྱུ།།
༼གསུམ་པ། སློབ་མའི་གནས་ཚུལ་དབྱེ་ཞིབ།
འཛིན་གྲྭའི་ནང་གི་སློབ་མའི་སྦྱངས་འབྲས་རབ་འབྲིང་མཐའ་གསུམ་དང་གཤིས་རྒྱུད། དེ་བཞིན་སློབ་མའི་ཤེས་ཚད་ལ་རྒྱུས་མངའ་ལོན་པ་བྱས་ནས་རྔ་ལ་དཔག་པའི་འཆམ་ལྟར་སློབ་ཁྲིད་འཆར་ཟིན་འཆར་འགོད་བྱེད་དགོས་པ་ལས་ཁྲལ་བསེལ་སླ་བཅོས་བྱེད་མི་ཉན།
༼བཞི་པ། སློབ་ཁྲིད་ཀྱི་ཡུན་ཚད།
རིགས་པའི་གཞུང་ལུགས་དང་མཐུན་པ་དང་སློབ་མའི་ཤེས་ཚད་ལ་བསྟུན་ནས་སློབ་ཚན་ཧྲིལ་པོ་ཚོགས་ཐུན་ཅི་ཙམ་དབྱེ་ན་འཁྲིད་བྱའི་ནང་དོན་གྱི་འབོར་ཚད་འོས་འཚམ་དང་སློབ་མས་ཤེས་སླ་བ། སློབ་ཚན་ཧྲིལ་པོའི་ནང་དོན་འཐུས་ཚང་ངང་ལེགས་སྒྲུབ་ཐུབ་པ་བྱ་རྒྱུའི་ཚོགས་ཐུན་འཆར་འགོད་བྱ་རྒྱུ།
༼ལྔ་པ། སློབ་ཁྲིད་ཡོ་ཆས།
སློབ་ཚན་གྱི་ནང་དོན་དང་འབྲེལ་ཡོད་ཀྱི་པར་རིས་དང་བརྙན་གཟུགས། སློབ་ཁྲིད་མཉེན་ཆས། ༼ppt 、flash སོགས། ༽ དེ་བཞིན་རྒྱུན་སྤྱོད་ཀྱི་སློབ་ཁྲིད་ཡོ་ཆས་དང་དགེ་རྒན་རང་ངོས་ཀྱི་བཟོས་པའི་སློབ་ཁྲིད་ཀྱི་ཡོ་ཆས་ལ་སོགས་བེད་སྤྱོད་བྱ་རྒྱུ།