དཔེ་དེབ་ཅིག་མཉམ་དུ་ཀློག་པ་ནི་ང་དང་ངའི་བུ་མོ་གཉིས་ཀྱི་འབྲེལ་འདྲིས་བྱེད་སྟངས་ཤིག་ཡིན། དགེ་རྒན་གྱིས་འོས་སྦྱོར་བྱས་པའི་དཔེ་དེབ་ང་ཚོས་མཉམ་དུ་བཀླགས་མྱོང་ལ། ངས་ཀྱང་མོ་གཉིས་ཀར་ཀློག་དེབ་ཁ་ཤས་འོས་སྦྱོར་བྱས་མྱོང་། མོན་ཧྭ་ཡིས་ཁ་པར་གྱི་ལམ་ནས་ནུ་མོའི་དཔེ་དེབ་གང་ཞིག་ཀློག་གིན་ཡོད་པ་དྲིས་ན་ནུ་མོས་ངས་ནི་ཕ་ལོས་འོས་སྦྱོར་བྱས་པའི་དཔེ་དེབ་ཀློག་གིན་ཡོད་ཟེར་དུས། མོན་ཧྭ་ཡིས་ང་ལ་ཡིག་ཟམ་བསྐུར་ནས་དེ་ནི་དཔེ་དེབ་ཅི་འདྲ་ཞིག་ཡིན་པ་དང་བཀླགས་ན་སྙིང་པོ་ཡོད་མེད་དྲིས་འོང་།
མོན་ཧྭ་ལགས།
ནུ་མོས་ད་ལྟ་ཀློག་བཞིན་པའི་དཔེ་དེབ་ནི་པུས་ཐི་ནཱ་ཞུ་བས་བརྩམས་པའི《བདེ་སྐྱིད་ཀྱི་མཐིང་མདོག་ས་རྒྱུད》ཅེས་པ་དེ་ཡིན། མཐིང་མདོག་ས་རྒྱུད་ནི་མིའི་རིགས་རིག་པའི་ཐ་སྙད་ཅིག་ཡིན་ལ་དེའི་ནང་དོན་ནི་འཛམ་གླིང་སྟེང་གི་ཆེས་ཚེ་ཐག་རིང་བའི་ས་ཁུལ་མཚོན་པ་ཡིན། ནུ་མོས་བཀླགས་ཚར་རྗེས་ངེད་གཉིས་ཀྱིས་བགྲོ་གླེང་ཐུང་ཐུང་ཞིག་བྱས་ཟིན། ཁྱོད་ཀྱིས་དཔེ་དེབ་འདི་བཀླགས་མ་བཀླགས་གང་ཡང་རུང་། ངས་དེ་རིང་ཁྱོད་ལ་གླེང་འདོད་པ་ནི་བདེ་སྐྱིད་ཅེས་པའི་བརྗོད་གཞི་དེ་ཡིན།
ཐོག་མར་པུས་ཐི་ནཱ་ཡི་དཔེ་དེབ་འདི་ནས་གླེང་བར་བྱ་སྟེ། ཁོང་གི་ལྟ་ཚུལ་འགའ་ལ་གནས་ལུགས་ཡང་དག་ལྡན་པས་ཡིན། དེ་ལས་ཀྱང་ཐོག་མར་ངེས་དགོས་པ་ནི་བདེ་སྐྱིད་ཅེས་པ་ནི་སེམས་ཀྱིས་མྱོང་བྱ་ཞིག་ལས་སྒོར་མོས་ཚད་འཇལ་ཆོག་པ་ཞིག་མ་ཡིན། སེམས་ཀྱི་མྱོང་བ་དེ་ཡང་རྟོག་བཏགས་ཀྱི་འཁྲུལ་སྣང་ཞིག་ཡེ་ནས་མ་ཡིན་པར་མིའི་འཚོ་བ་རོལ་སའི་ཁོར་ཡུག་དང་མཐུན་དགོས་པ་ཤེས་དགོས། དཔེ་དེབ་འདིའི་ནང་དུ་བརྗོད་བཞིན་པ་ནི་འཚོ་བ་རང་སྟེང་ནས་བྱུང་བའི་བག་ཕེབས་དང་དགའ་སྤྲོ་ཡིན་པ་ལས་སྒོར་མོས་མང་ཉུང་ཞིག་མ་ཡིན་པའི་ཀི་སི་ཏ་ལིས་ཅཱ་ཡི་ཐུན་མོང་མ་ཡིན་པའི་བདེ་སྐྱིད་ཀྱི་སྣང་བ་དེ་ཡིན། གལ་ཏེ་མི་སུ་ཡིན་ཡང་ལྟ་ཚུལ་འདི་ལ་འཐད་ཅིང་ཁོར་ཡུག་དེ་འདྲ་ཞིག་ཏུ་འཚོ་བ་རོལ་ཚེ་བདེ་སྐྱིད་ཀྱི་སྣང་བ་ཡོད་སྲིད། ཡང་དེ་ལས་ལྡོག་པ་ནི་སིང་ག་ཕོར་དུ་རང་རང་གི་འབད་བརྩོན་ལ་བརྟེན་ནས་སྒོར་མོ་མོད་པོ་ཞིག་བཙལ་རྗེས་སུ་བདེ་སྐྱིད་ལྡན་པར་འདོད་པ་ཡིན། དེའི་དབང་གིས་རིན་ཐང་ལྟ་ཚུལ་འདི་ལ་མོས་ཤིང་མཐུན་པའི་མི་ཞིག་ཀི་སི་ཏ་ལིས་ཅཱ་རུ་འཚོ་བའི་དབང་དུ་བཏང་ན་ཁོ་ནི་ས་དེའི་རིག་གནས་དང་གོམས་སྲོལ་ལ་འདྲེས་མི་ཐུབ་པས་བདེ་སྐྱིད་ཀྱི་སྣང་བ་ཉག་ཙམ་ཡང་ཡོད་མི་སྲིད། དེ་ལས་ལྡོག་སྟེ་ཀི་སི་ཏ་ལིས་ཅཱ་ཡི་མི་ཞིག་སིང་ག་ཕོར་དུ་སྡོད་པའི་དབང་དུ་བཏང་ན་ཡང་བདེ་སྐྱིད་ལྡན་མི་སྲིད་དེ། ས་དེའི་མི་རྣམས་ཀྱིས་བྱ་བར་འབད་བརྩོན་མི་བྱེད་ཅིང་དོན་བྱ་ཐམས་ཅད་ལ་རྩིས་མཐོང་མི་བྱེད་པའི་མི་ནི་ངན་པ་ཞིག་ཏུ་བརྩི་ངེས་རེད།
ཁྱོད་ཀྱིས་དང་ཐོགMITབདམས་པ་འགྲིག་པར་སྙམ་ངེས་ཏེ། མཐའ་འཁོར་གྱི་སློབ་གྲོགས་རྣམས་ཀྱང་ཁྱོད་དང་མཚུངས་པས་ཁྱོད་ལ་མཚོན་ན་ཉ་མོ་ཆུ་ལ་འཇུག་པ་ནང་བཞིན་རེད། གལ་ཏེ་ཁྱོད་ཀྱིས་ཆབ་སྲིད་སྣེ་ཁྲིད་པ་གསོ་སྐྱོང་བྱ་སའི་ཀི་ལོན་པུས་ཡ་སློབ་ཆེན་བདམས་ཡོད་པའི་དབང་དུ་བཏང་ན་སློབ་ཁྲིད་བསླབ་བྱ་ཉུང་ན་ཡང་ཁྱོད་རང་འགྲན་རྩོད་དང་ཕྲག་དོག་གི་མདའ་མོ་གང་སར་འཕེན་པའི་མགོ་ཁྲིད་བྱེད་འདོད་མཁན་གྱི་སློབ་མ་ཚོའི་གྲས་སུ་ཞུགས་མི་འདོད་པས། ཁྱེད་ལ་སྤྲོ་སྣང་ཡོད་མི་སྲིད།
པུས་ཐི་ནཱ་ཡི་བདེ་སྐྱིད་ལྡན་དགོས་ན་མ་མཐའི་ཁག་ཐེག་དགོས་པ་ཡིན་ཞེས་པའི་ལྟ་ཚུལ་གཞན་པ་དེ་ལ་ཡང་ཁོ་བོ་ཤིན་ཏུ་འཐད། ཁོང་གིས་ཀི་སི་ཏ་ལིས་ཅཱ་དང་ཏེན་མེག སིང་ག་ཕོར་སོགས་བདེ་སྐྱིད་ཀྱི་ཚད་ཧ་ཅང་མཐོ་བའི་རྒྱལ་ཁབ་གསུམ་གླེང་ཡོད་ཅིང་། རྒྱལ་ཁབ་དེ་དག་གི་ཆབ་སྲིད་སྒྲིག་གཞི་མི་འདྲ་ནའང་། དེ་དག་ལ་ཐུན་མོང་གི་ཆ་ཞིག་ཡོད་པ་ནི་སྤྱི་ཚོགས་འགན་སྲུང་གི་སྒྲིག་གཞི་ཆ་ཚང་བས་སེམས་ཁྲལ་ལྷག་མ་མེད་པར་རང་རང་གི་ཕུགས་འདུན་འཚོལ་སྙེག་བྱས་ཆོག་པ་དེ་རེད།
ད་ནི་གཞན་གྱི་དགོངས་པ་བཤད་ཟིན་པས་རང་ཉིད་ཀྱི་ལྟ་ཚུལ་གཙོ་བོ་གཉིས་བཤད་པར་བྱ་སྟེ།
དང་པོ། རྒྱུད་སྤེལ་ནས་ཚེ་སྲོག་གི་རྒྱུན་བསྲིངས་པ་འདི་ནི་བདེ་སྐྱིད་ཀྱི་འབྱུང་རྩ་གཙོ་བོ་ཞིག་ཏུ་བསྙད་ལ། གནས་སྐབས་ཀྱི་སྣང་བ་དང་རྒྱུ་ནོམ། ཡང་ན་གྲགས་སྐམ་གྱིས་བསྐྱེད་པའི་སྐྱིད་སྣང་ལས་རིང་དུ་བརྒལ་ཡོད་པར་འདོད། འགྲོ་བ་གཞན་དག་དང་འདྲ་བར་མི་ལ་ཡང་རྒྱུད་སྤེལ་བའི་འོས་འགན་དེ་རང་བཞིན་དུ་གྲུབ་ཡོད་པས། ང་ཚོས་རང་གི་ཚེ་སྲོག་ལ་བརྟེན་ནས་ཚེ་ཚེ་རབས་རབས་སུ་རྒྱུད་སྤེལ་བའི་དུས་སུ་སྤྲོ་སྣང་ཞིག་དབང་མེད་དུ་སྐྱེས་ཤིང་མངོན་ཡོང་བ་ཡིན། སྤྱིར་ན་གནད་འདི་ནི་སུས་ཀྱང་ཤེས་ཐུབ་པ་ཞིག་ཡིན་ཡང་དེང་གི་མི་རྣམས་བྲེལ་བས་གཟིར་ཏེ་སེམས་ལྷོད་ལ་འབབ་པའི་དུས་སྐབས་ཉུང་བ་དང་། གཞི་རྩའི་སྤྲོ་སྣང་མང་པོ་ཞིག་ཀྱང་སྣང་མེད་དུ་འགྲོ་བཞིན་ཡོད། ཁྱོད་མཐོ་འབྲིང་འགྲིམས་པའི་དུས་སུ་ང་ཀྲུང་གོ་ནས་ཨ་རིར་ལོག་པའི་དམིགས་ཡུལ་གཙོ་བོ་ཞིག་ཀྱང་ཁྱོད་ཁྱིམ་དང་མ་བྲལ་བའི་སྔོན་དུ་ཁྱོད་ཀྱི་འདུག་རོགས་འགྲོ་རོགས་མང་པོ་ཞིག་བྱ་ཐུབ་ན་བསམ་པ་ཡིན་ལ། འདི་འདྲའི་བདེ་སྐྱིད་ནི་བྱ་བའི་གྲུབ་འབྲས་ཀྱིས་ཚབ་བྱེད་ཐུབ་པ་ཞིག་ལར་ནས་མ་ཡིན། འོན་ཀྱང་། འདི་འདྲའི་བདེ་སྐྱིད་ནི་སྲོག་ཆགས་ཡིན་པ་ཐམས་ཅད་ལ་ཡོད་པས། ང་ཚོ་མི་ཡིན་པའི་ཆ་ནས་སྲོག་ཆགས་གཞན་ལས་ཁྱད་དུ་འཕགས་པའི་འཚོལ་སྙེག་ཡོད་ན་འགྲིག་སྟེ། དེ་ནི་མི་ཡི་བསམ་སྤྱོད་གཉིས་ཀྱིས་འཇིག་རྟེན་དུ་ལག་རྗེས་ཕབ་ཆོག་ཅིང་སྤྲོ་སྣང་བསྩལ་ཆོག་པ་རེད།
གཉིས་པ། མི་ཚེ་ནི་གཙང་པོ་ཞིག་ཡིན། གཙང་པོ་ཞིག་གི་ཆུའི་མང་ཉུང་ནི་དེའི་རིང་ཚད་དང་ཞེང་ཚད། ཟབ་ཚད་བཅས་ལས་གྲུབ་པ་ཞིག་ཡིན་པ་བཞིན་དུ་མི་ཞིག་གི་དགེ་མཚན་ཡང་དེ་བཞིན་ཡིན། དར་ཁྱབ་ཆེ་བའི་གཞས་པ་ཞིག་གི་སྟེང་ནས་བཤད་ན། ཁོའི་གླུ་སྐད་ལ་དགའ་མཁན་མང་པོ་ཡོད་ཀྱང་གླུ་གཞས་ལ་སྙིང་པོ་ཆེར་མེད་པས་དེས་ཐེབས་པའི་ཤུགས་རྐྱེན་ཡང་རྒྱུན་རིང་པོ་ཞིག་འཁྱོངས་མི་སྲིད། དེ་བས་ངས་ཁོ་ཚོ་ནི་ཆུ་ཞེང་ཆེ་ཡང་གཏིང་ཚད་ཞན་ལ་ཆུ་རྒྱུན་མེད་པའི་གཙང་པོའི་དཔེ་རུ་བཀོད་པ་ཡིན། དེ་དང་བསྡུར་ན་མའོ་ཀྲ་ཐི་ནི་དེ་ལས་ལྡོག་སྟེ་ཁོའི་གླུ་སྐད་ལ་ཉན་མཁན་མང་པོ་མེད་ཀྱང་ཁོང་གི་གླུ་སྐད་ལ་སྙིང་པོ་ལྡན་པས། དེ་ནི་ཞེང་ཚད་ཆུང་ཡང་བཞུར་རྒྱུན་རིང་ཞིང་ཆུ་གཏིང་ཟབ་པའི་གཙང་པོའི་རིགས་ཡིན། ང་ཚོས་གཙང་པོའི་རིགས་གང་ཞིག་ལ་ཆུ་མང་བར་བཤད་དཀའ་ཡང་དུས་ཡུན་རིང་པོ་ཇི་ལྟར་འགོར་ན་གཡུ་འབྲུག་འཁྱུག་པའི་ཟོལ་གྱིས་འབབ་པའི་གཙང་པོའི་རིགས་དེ་ནི་དེ་ལྟར་དུ་རྒྱུན་རིང་ཞིང་ཆད་པ་མེད་པས། ང་ནི་རྗེས་མའི་རིགས་ལ་དགའ་བ་ཡིན། དེ་བཞིན་དུ་པའེ་ཏའོ་ཧྥིན་དང་མིས་ཁེ་ལིང་ཆིས་ལའོ། ཉིག་ཏོན་སོགས་ཀྱང་གཅིག་འདྲ་རེད། ང་ཚོ་རྩིས་འཁོར་རིག་པའི་ཁྱབ་ཁོངས་ཀྱི་ཐུའུ་ལིན་དང་ཧྥིན་ནའོ་ཡུས་མན་ཡང་གོང་དང་འདྲ་བ་རེད།
འཇིག་རྟེན་འདིའི་མི་མང་པོ་ཞིག་གོང་གསལ་གྱི་མི་སྣ་དེ་དག་ལྟ་བུར་འགྱུར་མི་སྲིད་པ་ཡང་དོན་དངོས་རེད། འོན་ཀྱང་ང་ཚོས་རང་རང་གི་ངོས་ནས་འཇིག་རྟེན་འདི་ལ་ལག་རྗེས་ཕྲ་མོ་ཙམ་རེ་འཇོག་ཐུབ་ན་བསམ་པའི་གཏིང་ནས་སྤྲོ་སྣང་ཞིག་དབང་མེད་དུ་སྐྱེ་ངེས། 2012ལོར་ང་རང་ཀྲུང་གོ་དང་གྱེས་ནས་ཡང་བསྐྱར་ཀུའུ་ཀི་ལ་འབྱོར་བའི་སྐབས་སུ། ཀུང་སིའི་རྣམ་པ་མང་པོ་ཞིག་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཀྱང་ང་ཚོས་སྔོན་ཆད་བྲིས་པའི་ཚབ་རྟགས་སྐོར་ཞིག་བཅོས་བསྒྱུར་དང་འགྱུར་བ་ཅུང་ཙམ་བཏང་རྗེས་སྔར་བཞིན་དུ་རྒྱ་ཆེར་སྤེལ་གྱིན་ཡོད་ཅིང་། དེ་ལས་ཀྱང་སྤྱོད་སྒོ་ཆེ་བའི་བརྩི་ཐབས་ཤིག་ལས་གཞི་རྣམ་གྲངས་བརྒྱ་ལྷག་གི་ཁྲོད་དུ་སྤྱོད་ཀྱིན་འདུག་པས། སྐབས་དེའི་ངའི་སེམས་ཀྱི་སྐྱིད་སྣང་ནི་ཀུང་སིས་ཁོ་བོར་བྱིན་པའི་བྱ་དགས་བསྡུར་ཐབས་ག་ལ་ཡོད་ཨང་།
མི་ཞིག་གི་གྲུབ་འབྲས་ནི་རང་ཉིད་འཇིག་རྟེན་གྱི་ཁམས་འདི་དང་མ་བྲལ་བའི་གོང་དུ་མཐོང་ཐུབ་པ་ཞིག་ཀྱང་མ་ཡིན། འོན་ཀྱང་པའེ་ཏའོ་ཧྥིན་དང་ཉིའུ་ཏོན་གཉིས་ལ་མཚོན་ན་སོ་སོའི་གྲུབ་འབྲས་འཇིག་རྟེན་གསོན་ངོགས་འདི་ནས་མཐོང་ཡོད་པས་བདེ་སྐྱིད་དང་ལྡན་པ་ཡིན། ཉིས་ཚེ་ལ་མཚོན་ན་ཁོ་རང་འཚོ་བཞུགས་ཀྱི་དུས་སུ་མི་མང་པོ་ཞིག་གིས་དོ་སྣང་མ་ཐེབས་པར་ལུས་ན་ཡང་། མ་འོངས་པར་ཀུན་གྱིས་ཁོང་ཉིད་ནི་མི་སྣ་རླབས་ཆེན་ཞིག་ཡིན་པ་ཧ་གོ་ཡོང་བའི་ཡིད་ཆེས་ཡོད་པས། ངོས་འདི་ནས་བཤད་ན་ཁོང་ཡང་བདེ་སྐྱིད་དང་ལྡན་པ་རེད། འོན་ཀྱང་མི་མང་ཆེ་བ་ཞིག་ལ་མཚོན་ན་འཚོ་བཞུགས་ཀྱི་དུས་སུ་གཞན་གྱིས་མཐོང་ཆེན་མི་བྱེད་པར་མ་ཟད། འཆི་བའི་དུས་སུ་ཡང་གླེང་མཁན་མེད་མོད། སེམས་ལྷོད་ལ་བབས་ནས་གྲུབ་འབྲས་ཤིག་འཚོལ་སྙེག་བྱས་ཏེ་འཇིག་རྟེན་གྱི་ཁམས་འདིར་རང་གི་ནུས་ཚོད་ཀྱིས་ལག་རྗེས་ཕྲ་མོ་ཙམ་ཞིག་བཞག་ན་སྙམ་པའི་ཀུན་སློང་དང་བསམ་བློ་དེ་ཡོད་པ་རེད།
ཐེངས་སྔོན་མར་ཁྱོད་ཀྱིས་ང་ལ་ཨ་རི་བ་ཚོ་རང་ཉིད་དེ་འདྲའི་ཕྱུག་པོ་མིན་ན་ཡང་སློབ་ཆེན་དག་ལ་སྒོར་མོ་ཞལ་འདེབས་སུ་ཕུལ་བར་དགའ་དོན་ཅི་ཡིན་པ་དྲིས་བྱུང་། སུའུ་ལེན་གྱི་ཕུལ་དུ་བྱུང་བའི་རྩོམ་པ་པོ་ཀའོ་ཨར་ཅིས་སྦྱིན་པ་ནི་རང་གིས་བདག་གིར་བཟུང་བ་ལས་ཀྱང་སྤྲོ་སྣང་ལྡན་པ་ཞིག་རེད་ཅེས་གསུངས་པའི་སྐད་ཆ་དེས་ཁྱོད་ཀྱི་དྲི་བར་ལན་བཏབ་ཆོག ཨ་རིའི་ཕྱུག་བདག་མང་པོས་སློབ་ཆེན་དང་སྨན་ཁང་། དེ་མིན་གྱི་དགེ་སྒྲུབ་ལས་ཁུངས་མང་པོ་ཞིག་ལ་ཞལ་འདེབས་ཕུལ་དོན་ནི་ཁོ་ཚོར་སྦྱིན་པ་ལས་སྤྲོ་སྣང་སྔ་ན་མེད་པ་ཞིག་བསྐྱེད་པས་ཡིན་ལ། ཁོ་ཚོས་ཕུལ་བའི་སྒོར་མོ་དེ་དག་སློབ་ཆེན་དང་སྨན་ཁང་སོགས་ལ་བརྟེན་ནས་འབབ་རྒྱུན་རིང་པོའི་གཙང་པོ་ཞིག་དང་འདྲ་བར་ཆུ་ཞེང་ཆེ་ཞིང་གཏིང་ཟབ་ལ།བཞུར་རྒྱུན་རིང་བའི་ངང་ནས་མ་འོངས་པར་ཕན་ཐོགས་པ་ཤེས་ཡོད་པས། ཁོ་ཚོས་སྒོར་མོ་སྦྱིན་པར་གཏོང་བ་ནི་རང་རང་གི་བུ་དང་བུ་མོར་བསྐྱུར་བ་ལས་ཀྱང་སྤྲོ་སྣང་དང་སྐྱིད་སྣང་ལྡན་པ་ཞིག་ཏུ་བརྩིས་ཡོད་པས་རེད།
ཨོ་ཝུན་གྱིས་བཤད་ན་མིའི་རིགས་ཀྱིས་འབད་བརྩོན་བྱེད་པའི་དམིགས་ཡུལ་ནི་བདེ་སྐྱིད་ལྡན་རྒྱུ་དེ་རེད་ཟེར། དོན་དུ་ང་ཚོས་དོན་དག་མང་པོ་ཞིག་སྒྲུབ་དོན་ཡང་དམིགས་ཡུལ་དེ་འགྲུབ་ཕྱིར་ཡིན་པས། དོན་དག་གང་བསྒྲུབས་ཀྱང་ཐོག་མའི་བསམ་བློ་འདི་དང་རྒྱབ་འགལ་དུ་ཕྱིན་ཡོད་ཚེ་ང་ཚོས་རང་རང་ལ་ཞིབ་ལྟ་ཐེངས་ཤིག་བྱེད་དགོས་ཚོད་རེད།
ཁྱོད་རང་བདེ་སྐྱིད་ལྡན་པར་སྨོན།