ནས་ནི་ཁྱད་འཕགས་རང་བཞིན་ལྡན་པའི་འབྲུ་རིགས་ཤིག་ཡིན་པ་དང་། རང་ཅག་མི་རིགས་འདིར་ནས་ཀྱིས་བཟོས་པའི་རྩམ་པ་ནི་བཟའ་ཆས་གཙོ་བོ་ཞིག་ཡིན། རྩམ་པར་ཕན་ནུས་ཆེ་བ་དང་རོ་བཅུད་ལྡན་པ་སོགས་ཀྱི་ཁྱད་ཆོས་ཡོད་པ་མ་ཟད་ད་དུང་ནད་རིགས་སྣ་ཚོགས་སྔོན་འགོག་བྱེད་ཐུབ་པའི་ཁྱད་ཆོས་ལྡན། དེར་བརྟེན་རྩམ་པའི་མི་མང་པའི་ཚེ་སྲོག་བཟུང་བ་དང་གཟུགས་པོ་ཡང་བདེ་ཐང་་ངང་སྤྲོ་བ་ལྡན་པའི་འཚོ་བ་སྐྱིད་པོ་རོལ་བཞིན་ཡོད།
རྩམ་པ་ནི་ནས་དང་སྲན་མ་སོགས་འབྲུ་རིགས་ཆུ་ལ་བཀྲུས་ནས་བྱེ་མ་བསྲེག་མའི་ནང་བརྔོས་ཏེ་བཏགས་པའི་གྲོ་ཕྱེ་ལ་ཟེར་ཞིང་། རྩམ་པ་ལ་སྤྱིར་དབྱེ་ན་ནས་རྩམ་དང་གྲོ་རྩམ། འབྲས་སྲན་སོགས་ཡོད། ནས་ལ་ཡང་དམངས་རྩམ རྩིང་པོ་དང་བར་རྩམ་ཞིབ་རྩམ་བཅས་ཡོད མི་མང་པོ་ཞིབ་རྩམ་ཟ་རྒྱུ་ལ་དགའ་པོ་ཡོད། ཡིན་ནའང་བདག་གི་རྨོ་བོ་ལགས་རྩམ་པ་རྩིང་པོ་ལ་དགའ།དེ་ཕྱིར་ཞིབ་རྩམ་དང་རྩིང་རྩམ་གཉིས་ནི་རང་ཉིད་ཀྱི་དགའ་ཕྱོགས་ཞིག་ཡིན་པ་ལས་ལེགས་ཉེས་ཀྱི་དབྱེ་བ་མེད། རྩམ་པའི་ཁྱད་ཆོས་ནི་བཙོས་སྐོལ་སོགས་བྱེད་མི་དགོས་པར་གནས་དུས་གང་དུའང་ཐད་ཀར་དུ་ཟས་ཆོག་པའི་ཧ་ཅང་སྟབས་བདེ་བའི་བཟའ་ཆོས་ཤིག་ཡིན། རྩམ་པ་སྐམ་པོ་ནང་ལ་ཕྱུར་བ་དང་མར་སོགས་བླུགས་ནས་བཟས་ན་བྲོ་བ་ཞིམ་པ་མ་ཟད་བཅུད་ཆེ་བས་དུས་ཡུན་རིང་པོར་ལྟོགས་མི་སྲིད། རྒྱུན་དུ་རྩམ་ཐིག་དང་འཇམ་ཐིག ཕྱུར་རུམ་གྱི་ཐིག་པ་སོགས་ནད་པའི་གཟུགས་པོ་གསོ་བར་དེ་བས་ཀྱང་ཕན། ད་དུང་སྤགས་བཟོས་ནས་ཇ་དང་བསྲེས་ནས་བཟས་ན་དེ་བས་ཀྱང་བཅུད་ཆེ།
རྩམ་པ་ནི་ཟས་རིགས་གཞན་དང་མི་འདྲ་བའི་རོ་བཅུད་དང་ཕན་ནུས་ཆེ་བ་ཞིག་ཡིན་པས་གསོ་རིག་གི་ཐོགས་ནས་ཀྱང་རྩམ་པའི་སྙིང་ཁྲག་སོགས་བཅོས་ཐུབ་པ་དང་ནད་རིགས་སྣ་ཚོགས་སྔོན་འགོག་བྱེད་ཐུབ་པའི་ནུས་པ་ཡོད་ཅེས་བཤད་པ་ཡོད། དེར་བརྟེན་དེང་སྐབས་འཛམ་གླིང་སྟེང་སྐྱེ་བོ་མང་ཆེ་བས་རྩམ་པ་འཚོ་བའི་ཁྲོད་ཀྱི་ཟས་རིགས་མཆོག་ཏུ་གྱུར་བ་ཞིག་ཏུ་རྩིས་བཞིན་ཡོད། ཆུང་སྦར་མོ་གང་ནས་རྩམ་པ་བཟས་ནས་ནར་སོན་པའི་ང་ཚོའི་འཚོ་བའི་ཆ་རྐྱེན་ཕུན་སུམ་ཚོགས་པ་ཡོད་ནའང་དེ་ལ་མཐོང་ཆུང་དང་དམའ་འབེབས་བྱེད་ག་ལ་རུང་། ཟས་ཞིམ་པོ་ཀ་ར་བུ་རམ་ཡིན་ཡང་།། ཡུན་རིང་བ་སྦྲངདཀར་རྩམ་པ་རེད།