ཟས་ཞིམ་པོ་ཀ་ར་བུ་རམ་ཡིན་ཡང་།། ཡུན་རིང་བ་སྦྲང་དཀར་རྩམ་པ་ཡིན་ཞེས་པ་ལྟར་རྩམ་པ་ནི་མཚོ་བོད་མཐོ་སྒང་སྟེང་དུ་གནས་པའི་སྐྱེས་བུ་རྣམས་ལ་མཚོན་ན་འཚོ་བའི་ཁྲོད་ཁ་བྲལ་ཐབས་མེད་པའི་བཟའ་ཆས་ཤིག་ཡིན་ལ། བཟའ་ཆས་གཞན་ལས་ལྷག་པའི་ཁྱད་ཆོས་དུ་མ་ལྡན་པ་སྟེ། དེ་བཟས་ན་ལུས་སྟོབས་རྒྱས་ཤིང་གཟུགས་པོ་ལ་ཕན་པའི་ཁར་ད་དུང་ནད་ཡམས་སོགས་སྔོན་འགོག་བྱེད་པའི་ནུས་པ་དུ་མ་ལྡན་སྟབས། ལོ་ངོ་སྟོང་ཕྲག་གི་རིང་ལ། བོད་ཁམས་འདིའི་འཕེལ་རྒྱས་ལ་ནུས་པ་གཞལ་དུ་མེད་པ་ཐོན་པའི་མཁས་པ་ཡང་མང་པོ་ཞིག་གསོ་སྐྱོང་བྱས་ཡོད། དེ་བཟའ་སྟངས་ཡང་ཤིན་ཏུ་སྟབས་བདེ་མོ་ཡོད། ཡུལ་གང་ལ་བསླེབས་ཀྱང་བཙོས་སྐོལ་སོགས་ཅི་ཡང་མི་དགོས་པ་ཐད་ཀར་བཟས་ན་འགྲིག་ལ་ཡུན་རིང་གྲོད་པ་མི་ལྟོགས་པའི་དགེ་མཚན་ཡང་ལྡན།
རྩམ་པ་ནི་ནས་དང་སྲན་མ་སོགས་འབྲུ་རིགས་ཆུ་ལ་བཀྲུས་ནས་བྱེ་མ་བསྲེག་མའི་ནང་བརྔོས་ཏེ་བཏགས་པའི་ཕྱེ་རྩམ་ལ་ཟེར་ཞིང་། དེ་ལ་ཡང་ཆུ་འཁོར་གྱི་བཏགས་པའི་རྩམ་པ་དང་རྡོ་འཁོར་གྱི་རྩམ་པ། འཕྲུལ་ཆས་ཀྱིས་བཏགས་པའི་རྩམ་པ་སོགས་ཡོད། སྔོན་ཆད་མང་ཆེ་བ་ན་ཆུ་འཁོར་དང་རྡོ་འཁོར་ལས་བཏགས་པའི་རྩམ་པ་ཡིན། ད་ལྟ་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་འཕྲུལ་ཆས་ལས་བཏགས་པའི་རྩམ་པ་མ་གཏོགས་ཆུ་འཁོར་དང་རྡོ་འཁོར་ལས་བཏགས་པའི་རྩམ་པ་ཧ་ཅང་དཀོན། འཕྲུལ་ཆས་ལས་བཏགས་པའི་རྩམ་པ་འཐག་བདེ་པོ་ཡོད་ནའང་བཅུད་ཆེ་བ་དང་བྲོ་བ་ཞིམ་པ་ནི་ཆུ་འཁོར་གྱི་རྩམ་པ་ཡིན། བོད་མིའི་ཁྲོད་ཀྱང་མི་མང་ཆེ་བ་ཆུ་འཁོར་ལས་བཏགས་པའི་རྩམ་པ་ཟ་རྒྱུར་དགའ།
ད་དུང་རྩམ་པ་དེ་ནི་ལོ་གསར་དང་གཉེན་སྒྲིག་སོགས་ཀྱི་སྟོན་མོ་ཐོག་སྐུ་མགྲོན་ལ་སྣེ་ལེན་བྱེད་དུས་མེད་དུ་མི་རུང་བ་ཞིག་ཡིན་ལ། ཁ་བཏགས་དང་ལྷན་དུ་རྒྱང་རིང་ནས་ཡོང་བའི་སྤུན་ཟླ་དང་སྐུ་མགྲོན་སོགས་ལ་འབུལ་ནས་རྒྱུ་ནོར་ལོངས་སྤྱོད་དར་བ་དང་མི་ལ་ཚེ་རིང་ནད་མེད་ཡོང་བའི་བཀྲ་ཤིས་རྟགས་མཚན་མཚོན་གྱིས་ཡོད། དེས་ད་དུང་སྐུ་མགྲོན་ལ་གུས་བཀུར་ཆེན་པོ་བྱེད་པའི་མངོན་རྟགས་ཤིག་ཀྱང་ཡིན།
མདོར་ན། སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་བཟའ་རིགས་འདྲ་མིན་སྣ་ཚོགས་ཡོད་ནའང་རྩམ་པ་ནི་རྫས་འགྱུར་གྱི་ལྷད་མ་འདྲེས་པས་བཟའ་རིགས་མཆོག་ཏུ་གྱུར་བ་ཞིག་ཡིན། དེ་ཕྱིར་རྩམ་པ་ཟ་མཁན་ནི་རྗེས་ལུས་ཀྱི་རྟགས་མིན་ལ་བཟའ་ཆས་དེ་ངོ་ཚའི་གནས་སུ་ཡང་ལྷུང་མེད།