དུས་ཚོད་ནི་དྲག་ཏུ་འབབ་པའི་རྦབ་ཆུ་དང་འདྲ་ཞིང་། ལོ་ངོ་གསུམ་གྱི་སློབ་འབྲིང་གི་འཚོ་བ་འདི་ལྟར་མཇུག་སྒྲིལ་ལ་ཉེ་བས་བདག་དགའ་སྐྱོ་ཟུང་འབྲེལ་གྱི་ལམ་མདོ་རུ་ལངས་ཏེ། འདས་ཟིན་པའི་སློབ་འབྲིང་གི་འཚོ་བ་ལ་ཕྱིར་དྲན་ཞིག་མི་བྱེད་ག་མ་རེད་ཕྱིར་དྲན་གྱི་རིན་ཐང་ལྡན་པ་ཞིག་ཀྱང་རེད།
བདག་གིས་བསམ་གཞིགས་ཀྱི་མདའ་མོ་དེ་ལོ་གསུམ་གྱི་སྔོན་ལ་འཕངས་པ་ན། བདག་ཐོག་མར་སློབ་གྲྭ་འདིར་གོམ་པ་དང་པོ་སྤོ་དུས་སློབ་མ་མང་པོ་ངོ་མི་ཤེས་ལ་དགེ་རྒན་དག་ཀྱང་དེ་བཞིན་རེད།གང་ཡིན་ཟེར་ན་སློབ་མ་ཚང་མ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་སྟེ་སློར་གྲྭ་འདིའི་ནང་དུ་འདུས་པ་ཡིན། བདག་གིས་གོ་ཐོས་ལྟར་ན་སློབ་གྲྭ་འདིའི་ནང་ལོ་རིམ་སོ་སོའི་འཛིན་གྲྭ་དང་པོ་་དང་གཉིས་པའི་སློབ་མ་རྣམས་ནི་སློབ་སྦྱོང་ལ་ཡག་ཤོས་རེད་ཟེར། ཚོད་ལྟའི་རྒྱུགས་ཆུང་ཞིག་བླངས་རྗེས་ང་རང་ཡང་འཛིན་གྲྭ་གཉིས་པའི་ནང་བགོས་བྱུང་། དེ་དུས་ངའི་སེམས་ནང་སྨྲ་མི་ཤེས་སེམས་ཁུར་རི་བོ་ལས་ཀྱང་ལྕི་བ་ཞིག་བྱུང་། རྒྱུ་མཚན་ནི་འཛིན་གྲྭ་འདིའི་ནང་ཡོད་པའི་སློབ་མ་ཚང་མ་སློབ་སྦྱོང་དང་ཀུན་སྤྱོད་སོགས་ཕྱོགས་ཐད་ནས་ཡག་པོ་ཡོད་པས་ང་རང་རྗེས་ལུས་ཐེབས་ངེས་རེད་བསམ་པ་དེ་ཡིན། ཡིན་ནའང་བསམ་ཡིས་ལས་འདས་པ་ཞིག་ལ་ངས་དྲན་ཕྱོགས་ལས་ལྡོག་སྟེ་འཛན་གྲྭའི་ནང་ཡོད་པའི་སློབ་མ་ཐམས་བཅད་གཅིག་ལས་གཅིག་བཟང་པས་ལོ་ངོ་གསུམ་གྱི་འཚོ་བའི་ནང་སློབ་སྦྱོང་དང་འཚོ་བའི་ཁྲོད་ཕན་ཚུན་ལ་རོགས་རམ་དང་སེམས་གསོ། ཕན་ཚུན་ལ་སྐུལ་ལྕག་དང་མཐུན་སྒྲིལ་བྱེད་པ་དང་ཆབས་ཅིག་དགེ་རྒན་ལ་གུས་ཞབས་དང་བཅས་མ་གཅིག་གི་བུ་ལྟར་དགའ་སྤྲོའི་ངང་ཕྱོགས་གང་ཐད་ནས་འཕྲད་པའི་དཀའ་ངལ་ཁྱད་གསད་དང་དགའ་སྤྲོ་ལ་མཉམ་རོལ་བྱས་པ་ཡིན་པས་འཛིན་གྲྭའི་སློབ་མ་རྣམས་བདེ་ཐང་ངང་འཚར་ལོངས་བྱུང་།
ལོ་ངོ་གསུམ་གྱི་རིང་ལ་བདག་གིས་འཛིན་གྲྭའི་སློབ་མ་ཡག་ཤོས་དག་གི་ཀུན་སྤྱོད་དང་སློབ་སྦྱོང་སོགས་ཕྱོགས་གང་ཐད་ལ་མིག་དཔེ་བལྟས་པས་བདག་ཀྱང་ཕྱོགས་གང་ཐད་ནས་ཡར་རྒྱས་ཆེན་པོ་བྱུང་། ད་དུང་འཚོ་བའི་ཁྲོད་འཕྲད་པའི་དཀའ་ངལ་དག་དགེ་རྒན་གྱིས་སློབ་གསོ་དང་སྐུལ་མ། རོགས་རམ་སོགས་ལ་བརྟེན་ནས་བདག་གིས་འགྲོ་འདུག་སྤྱོད་གསུམ་དང་མི་ཚེ་རིན་ཐང་ལ་གོ་རྟོགས་ཡག་པོ་ཞིག་རྙེད ། དེ་ནི་སློབ་འབྲིང་སྐབས་སུ་བདག་ལ་ཐོབ་པའི་ཆེས་རིན་ཐང་ཆེ་བའི་ནོར་བུ་ཞིག་ཡིན།
རིག་གནས་ཁུར་དུ་ལྕི་བའི་དགེ་བའི་བཤེས་གཉེན་བཀའ་དྲིན་ཅན་རྣམས་ཀྱིས་ང་ཚོར་ཤེས་བྱ་འགྲན་སྡུར་དང་གྱེར་འདོན། ཡིག་གཟུགས་འགྲན་སྡུར་སོགས་བྱ་འགུལ་སྣ་ཚོགས་སྤེལ་ཏེ་སློབ་མའི་སློབ་སྦྱོང་གི་སེམས་ཤུགས་ཆེར་བསྐྱེད་བྱས་པས་སློབ་འབྲིང་གི་འཚོ་བའི་ནང་བདག་གི་སྦྱང་ཚན་སོགས་ལ་ཕྱོགས་རུས་མེད་པར་ཡར་ཐོན་ཆེན་པོ་བྱུང་། དེ་བས་སློབ་འབྲིང་གི་འཚོ་བ་ནང་བདག་གིས་མེ་ཚེའི་ཁ་ཕྱོགས་རྙེད་ཅིང་རིན་ཐང་རྟོགས་པས་ཆེས་དོན་སྙིང་ལྡན་པ་ཞིག་རེད། དེར་བརྟེན་བདག་གིས་རིག་གནས་ཁུར་དུ་ལྕི་བའི་དགེ་རྒན་བཀའ་དྲིན་ཅན་དང་མཛའ་བརྩེའི་འོ་ཆུ་འདྲེས་སློབ་གྲོགས་རྣམས་ནི་ནམ་ཡང་བརྗེད་མི་སྲིད་ལ་མངར་སྐྱུར་ཁ་གསུམ་ལྡན་པའི་སློབ་འབྲིང་གི་འཚོ་བ་ནི་དེ་བས་ཀྱང་བརྗེད་ག་ལ་སྲིད།