ང་དང་བཀྲ་ཤིས་ནི་འཛིན་གྲྭ་གཅིག་པའི་སློབ་གྲོགས་ཡིན་པ་མ་ཟད།སྒྲོག་ཙེ་གཅིག་གི་ཐོག་ལོ་མང་མཉམ་སྡོད་བྱས་མྱོང་བའི་གྲལ་མཚེས་ཀྱང་ཡིན། ཁོ་བོ་སྤྱང་གྲུང་ལྡན་ལ་བློ་རིག་གསལ་བ་དང་། སློབ་སྦྱོང་གི་སྦྱངས་འབྲས་ལེགས་པ་སོགས་སྐབས་ཤིག་རིང་ང་ཚོའི་མིག་དཔེ་འཇོག་ས་ཡིན། ང་ཚོ་མཉམ་དུ་སློབ་སྦྱོང་བྱེད་པའི་དུས་བཟང་དེའི་ནང་།ཁོ་ནི་ཡ་རབས་སྤྱོད་བཟང་ལྡན་པའི་སློབ་མ་ཞིག་རེད་མ་གཏོགས། མ་རབས་ཐ་ཤལ་གྱི་སློབ་མ་གླེན་པ་ཞིག་གཏན་ནས་མིན། འོན་ཀྱང་ལོ་རིམ་དྲུག་པར་བསླེབས་དུས། སློབ་གྲོགས་བཀྲ་ཤིས་ཀྱི་མིག་ཟུང་ནས་དོགས་འཆར་དང་གནོང་འགྱོད་ཀྱི་མདངས་ཤིག་རང་བཞིན་གྱིས་འཚེར་བ་མཐོང་།།
ནམ་རྒྱུན་ཁོ་པས་སློབ་ཚན་གང་འདྲ་ཞིག་ཡིན་རུང་། ཕྱོགས་ཞེན་སྤུ་ཙམ་མེད་པར་བློ་རྩེ་གཅིག་སྒྲིམ་གྱིས་ཉན་པ་ལས། རྣམ་གཡེང་གི་དབང་དུ་རང་སེམས་ཤོར་དུ་འཇུག་མྱོང་མེད་ཅིང་། ལྷག་བསམ་ཟོལ་མེད་ཀྱིས་འབད་བརྩོན་བྱེད་པ་ནི་གོམས་གཤིས་སུ་གྲུབ་པ་ལྟར་ཡོད། འོན་ཀྱང་འགག་རྩའི་དུས་སུ་སྙིང་སྟོབས་ཞུམ་ནས། ལེ་ལོའི་མིག་ཟུང་ལ་བལྟས་ན་ཧ་ལས་དགོས་པ་ཞིག་རེད།།
བཀྲ་ཤིས་ཀྱིས་རང་ཉིད་གྱིས་སློབ་སྦྱོང་ལ་དོ་སྣང་མི་བྱེད་པའི་གསང་བ་དེ་སུ་ལའང་ཤོད་འདོད་མེད་ལ། སྦྱངས་འབྲས་ཞན་དུ་འགྲོ་བའི་རྒྱུ་རྐྱེན་ཡང་གསང་བའི་བྲག་ཁུང་དུ་སྦས་གང་ཐུབ་བྱེད་ཀྱི་ཡོད།། ཡིན་ནའང་། ཉིན་ཞིག་གི་ཕྱི་དྲོའི་སློབ་ཚན་ཚུགས་སྐབས། རྒན་ལགས་ཀྱིས་ཕྱག་ལ་ཤོག་འཛར་ཞིག་བསྣམས་འདུག བཀྲ་ཤིས་ད་དུང་སླེབས་མེད་པས། དང་ཐོག་ངའི་སེམས་སུ་དེ་ནི་ཏག་ཏག་བཀྲ་ཤིས་ཀྱི་དགོངས་ཞུའི་ཡི་གེ་རེད་སྙམ་བྱུང་། གང་མཚམས་སོང་རྗེས། འཛིན་གྲྭའི་སྒོ་དལ་བུར་རྡུང་བའི་སྒྲ་ཞིག་གིས་སློབ་མ་ཚང་མའི་མིག་དུས་གཅིག་ཏུ་དེའི་ཕྱོགས་སུ་འཕངས། རྒན་ལགས་ཀྱིས་དེ་མུར་སྒོ་ཕྱེ་བས་ན། བཀྲ་ཤིས་དང་མཉམ་དུ་མི་རྒན་པ་ཞིག་བསླེབས་འདུག གལ་སྲིད་མི་དེ་བཀྲ་ཤིས་ཀྱི་པ་ཕ་མིན་ན། ཁོ་བོ་དང་འབྲེལ་བ་ཆེས་ཟབ་པའི་མི་ཞིག་ཡིན་ངེས་རེད། མི་དེས་རྒན་ལགས་ལ་ཤབ་ཤུབ་ཏུ་ཅི་ཞིག་བཤད་རྗེས། བཀྲ་ཤིས་མགོ་བོ་སྒུར་སྒུར་ངང་འཛིན་གྲྭའི་ནང་དུ་འཛུལ་བྱུང་། སློབ་ཚན་གྲོལ་རྗེས། རྒན་ལགས་ཀྱིས་བཀྲ་ཤིས་རང་གནས་ནས་ཡར་བསླངས་ཏེ། གནས་ཚུལ་མང་པོ་ཞིག་འདྲི་རྩད་གནང་མཐར། བཀྲ་ཤིས་ཀྱིས་ངན་པ་ལང་ཤོར་མ་བྱས་པར་རང་གི་ཞན་ཆ་ཐ་དག་ངོས་ལེན་བྱས།
དེ་ཡང་ཁོ་བོ་གློག་ཀླད་དང་ངོ་ཤེས་བྱུང་བ་ནས་བཟུང་། སློབ་དེབ་ཀྱི་དོད་དུ་གློག་རྡུལ་རོལ་རྩེད་དང་གྲོགས་པོ་བྱས་པ་དང་། སློབ་སྦྱོང་གི་ཡོ་ཆས་ཉོ་བྱེད་ཀྱི་དངུལ་རྣམས་ཀྱིས་གློག་རྡུལ་རོལ་རྩེད་རྩེ་བྱེད་ཀྱི་ཅ་ལག་ཉོས། དཔེ་དེབ་ལྟ་བའི་དུས་ཚོད་ཆུད་ཟོས་སུ་བཏང་ཏེ་རོལ་རྩེད་རྩེས་པར་བྲེལ། དེར་བརྟེན། བཀྲ་ཤིས་ཀྱི་སློབ་སྦྱོང་སྦྱངས་འབྲས་ཀྱང་ཉིན་རེ་བཞིན་མར་ངོའི་ཟླ་ལྟར་འགྲིབ་པ་རེད།
གློག་ཀླད་ལ་བརྟེན་ནས་ཤེས་ཡོན་གསར་པ་བསླབ་རྒྱུ་ནི་དུས་རབས་གསར་པའི་དགོས་མཁོ་ཞིག་རེད། གློག་རྡུལ་རོལ་རྩེད་ལ་གཡེངས་ནས་དུས་ཚོད་ཆུད་ཟོས་སུ་གཏོང་བ་ནི་གཡང་གཟར་གྱི་ཕྱོགས་སུ་བསྐྱོད་པ་ཞིག་མ་ཡིན་ནམ།།