མི་ཞིག་ལ་མཚོན་ན།རང་གི་མངར་སྐྱུར་ཁ་གསུམ་གྱི་འཚོ་བ་དེ། རང་ཉིད་བརྒྱུད་མྱོང་བའི་ཀྱག་ཀྱོག་གི་མི་ཚེ་བགྲོད་ལམ་འབྲེལ་འདུག ང་ཚོ་མི་བུ་སུ་དང་གང་ཞིག་ཡིན་ཡང་།རང་ཉིད་ལ་དགའ་སྐྱོ་ཟུང་འབྲེལ་དང་། རྒྱལ་ཕམ་གང་མང་ལ་འཕྲད་ངེས་ཡིན། ཉམས་མྱོང་དེ་དག་ལ་བརྟེན་ནས་མ་འོངས་ཀྱི་མདུན་ལམ་འཚོལ་དགོས།
རང་ཉིད་ལ་མཚོན་ན།ཆུང་བྱིས་དུས་ཀྱི་ངུ་སྐད་ཐོག་མ་འབྲོག་ཐང་གི་སྦྲ་ནག་ལས་མཆེད་ཅིང་། འཁྱར་འཁྱོར་གྱི་གོམ་པ་དང་པོ་ཕྱུགས་རྫི་དཀྱུས་མ་ཞིག་གི་མིང་བྱང་ཁུར་ནས་རི་ལུང་ཀུན་ལ་ཕབ། ད་ལྟ་མི་ལོ་བཅོ་བརྒྱད་ལྷག་གི་ལོ་ཟླར་ཕྱིར་འདང་རེ་རྒྱབ་ན། རང་ཉིད་ཆུང་དུས་བརྒྱུད་མྱོང་བའི་འཚོ་བ་ལས། གང་མང་ཞིག་སེམས་སྐྱིད་ཅིང་དགོད་བྲོ་བ་ཞིག་དུ་སྣང་ལ། ལྷག་པར་དུ་སློབ་ཆུང་དང་པོ་ནས་གསུམ་པའི་བར་དུ།ང་ཡི་མི་ཚེ་འདི་ཆེས་སྤྲོ་སྐྱིད་ལྡན་པའི་ཕྱིར་དྲན་ཞིག་དང་བརྗེད་པར་དཀའ་བའི་འཚོ་བ་ཞིག་རེད་སྙམ་པའི་འདུ་ཤེས་གང་མང་ཞིག་སྐྱེ་མྱོང་།
དེ་ཡང“ནོར་བུ་རང་ལ་ཡོད་དུས།། ནོར་བུའི་ནོར་ཉམས་མ་ཤེས།། ནོར་བུ་གཞན་ལ་ཤོར་དུས།། སྙིང་རླུང་སྟོད་ལ་འཚང་བྱུང་།། ”ཞེས་པ་ལྟར། བདག་དམའ་འབྲིང་གི་སྒོ་ཐེམ་འགྲིམ་པའི་ཉིན་ནས་བཟུང་། འཛིན་གཙོ་ཟེར་བའི་མཚན་སྙན་མོ་འདི་བླངས་ཞིང་། སློབ་བུ་ང་དགུ་ལྷག་གི་མ་འོངས་བའི་ལམ་བུ་དང་ད་ཡོད་ཀྱི་འཚོ་བ་ལ་བདག་སྐྱོང་བྱེད་པའི་མི་བུ་ཞིག་ཏུ་གྱུར་ཟིན་ན་ཡང་། རང་ཉིད་ལ་མཚོན་ན།ལྷན་སྐྱེས་ཀྱི་ཤེས་རབ་ཞན་ཅིང་། བརྩོན་འགྲུས་དང་སྤོབས་པ་ཞན་པས། རང་ཉིད་ཀྱི་སྒྲུབ་ཆོག་པའི་བྱ་བ་མང་པོ་ཞིག་བསྒྲུབ་མི་ཐུབ་པས་སེམས་པ་ཧ་ཅང་སྐྱོ།
རྒྱུ་མཚན་དེས་རང་ཉིད་ཀྱི་སེམས་པ་འདིར་སུ་ཞིག་གིས་གྲི་གཙགས་བྱེད་པ་དང་འདྲ་ལ། ངས་རང་གི་དམའ་འབྲིང་གི་འཚོ་བ་ནི་ཉིན་རེ་བཞིན་སྐྱོ་བ་དང་མིག་ཆུ་ལས་འཚོལ་དགོས་པའི་སྣང་བ་ཞིག་སྟེར། སློབ་ཁྲིད་ལ་ཉན་པའི་སྤྲོ་བ་མེད་ལ་སློབ་སྦྱོང་བྱེད་པའི་འདུན་པ་ཞིག་དེ་བས་ཀྱང་དཀོན་པོ་འདུག ཉིན་འདི་དག་གི་རིང་ལ་ངའི་འཚོ་བ་ནི་ཁ་དོག་མེད་པའི་འཇིག་རྟེན་ཞིག་དང་འདྲ་ལ། ངའི་སེམས་ཀྱི་སྡུག་བསྔལ་རེ་རེ་སེམས་སུ་ཉར་ཡོད།
ཡིན་ན་ཡང་། འདི་ནི་ངའི་སེམས་ཀྱི་སྡུག་བསྔལ་ཙམ་ཡིན་ལ། མི་ཚེ་ཞིག་གི་ བགྲོད་ལམ་ཁྲོད་ང་ལ་ཕྲད་པའི་དཀའ་ཁག་ཆུང་ཆུང་ཞིག་ཡིན་སྲིད། དེ་ཡང་ཆུ་བསྟན་བཅོས་ལས“རྟག་ཏུ་བརྩོན་པ་མ་བཏང་ན།། མི་འགྲུབ་བྱ་བ་ཅི་ཡང་མེད།། ཆུ་ཐིགས་རྟག་ཏུ་བབས་པ་ཡིས།། བྲག་གི་རི་བོ་འབིགས་ལ་ལྟོས།།”ཟེར་བ་ལྟར། འདི་འདྲའི་དཀའ་ཁག་ཆུང་ཆུང་ཞིག་ལས། ངའི་ཡོད་ཚད་ཕམ་པར་བྱེད་མི་ཐུབ། སྐྱོ་བ་འདི་ནི་ངས་ལེགས་པའི་དོན་དག་ཞིག་ལ་ངོས་བཟུང་སྟེ། མི་མཐུད་དུ་སློབ་སྦྱོང་ལ་ཧུར་ བརྩོན་དང་། ཕ་མ་དང་དགེ་རྒན་བཀའ་དྲིན་ཅན་དག་གི་བསླབ་བྱ་རེ་རེ་སེམས་སུ་ ཉར་ནས། འཇིག་རྟེན་གྱི་དཀའ་ཁག་ཡོད་ཚད་ལ་རྡུང་རྡེག་གཏོང་དགོས། ང་མ་ འོངས་བར་ཡུལ་གྲུ་འདིའི་མི་འཇོན་ཐང་ཅན་ཞིག་བྱེད་དགོས།
འདི་ནི་ཕ་མ་གཉིས་ཀྱི་རེ་བ་ཡིན་ལ། མི་བུ་ང་ཡི་ཕུགས་བསམ་ཡང་ཡིན། ང་ལ་ཕ་མ་བྱམས་སེམས་ཅན་ཞིག་གི་རྒྱབ་སྐྱོར་དང་། དགེ་རྒན་བཀའ་དྲིན་ཅན་ཞིག་གི་ སློབ་སྟོན་ཡོད་པས། ང་ཅི་ལ་འཇིགས། ང་ཅི་ལ་སྐྱོ། ང་ཅི་ལ་ཡང་སྐྱོ་མི་དགོས། ཅི་ལ་ ཡང་འཇིགས་མི་དགོས། ཅི་ལ་ཡང་མི་ཕམ།།