རྩོམ་བྱང་། བུ་མོ་ལེབ་ལེབ་མའི་བརྩེ་དུང་།
མིང་། ཆོས་ཀྱིས་ཉི་མ།
སློབ་གྲྭ། ཆ་ཚང་གསུམ་པ།
འཛིན་གྲྭ། བཞི་བཅུ།
དེ་རིང་ཡང་ས་འདི་སྔར་བཞིན་འུ་ཟིང་གིས་ཁེངས་ཞིང་དགའ་སྡུག་གི་དྲི་མ་གཟུང་དུ་འབྲེལ་ནས་འདུག ང་ས་འདིར་ཡོང་ནས་ཕ་ཆེར་ལོ་ཕྱེད་ཙམ་འགོར་ལ་ཉེ། འོན་ཀྱང་། ནམ་རྒྱུན་ས་མཐུ་མོ་གླིང་ཟེར་བ་འདི་ན་ལྷིང་འཇགས་ཟེར་བ་ཞིག་མི་འདུག དེ་བས་ཡང་ཉིན་མོའི་ཟས་ཟ་འདོད་མེད་ལ་མཚན་མོའི་གཉིད་མི་ཁུག ད་སྐབས་གོམས་སོང་བས་དེ་ནི་རྒྱུན་ལྡན་ཞིག་ཏུ་སྣང་།
ང་ལ་ཨ་ཁུ་རྒན་པོ་ཞིག་གིས་དེ་ལྟར་སྨྲས་སོང་། ངས་ཀྱང་འདི་ནས་གཟའ་འཁོར་གཅིག་ཙམ་གྱི་ཉི་ཤར་ལ་བལྟས་ཟིན། ས་འདིའི་འཚོ་བ་དངོས་ནས་ཨ་ཁུ་རྒན་པ་དེས་བཤད་པ་ལྟར་ཟིང་འཁྲུག་ཆེན་པོ་འདུག དེ་བས་ཀྱང་ཡ་མཚན་པ་ཞིག་ལ་ང་རང་བསྡད་ཡོད་སའི་ཁང་བའི་བདག་མོ་བུ་མོ་ལེབ་ལེབ་ཟེར་བ་ཞིག་རེད།
ཁོ་མོའི་སྐྱེ་གཟུགས་མཛེས་ལ་བཞིན་རས་དཀར་བ། གཤིས་འཇམ་བག་ལྷོད་ཅིག་ཡིན་པས། སྐྱེ་བོ་ཀུན་ཁོ་མོའི་རྙི་རུ་ཆགས་ནས་མི་ཚུད་མཁན་གཅིག་ཀྱང་མི་འདུག ངས་མོ་ལ་ཨ་ཅེ་ལེབ་ལེབ་མ་ཞེས་བོས་པ་ཡིན་ལ། མིང་དེ་ཐོགས་པ་ནས་བཟུང་།ནམ་རྒྱུན་ཁོ་མོའི་མིག་ལམ་དུ་ང་རང་མོ་ལ་ཨ་ཅེ་ཟེར་མཁན་གྱི་མགྲོན་པོ་ཐོག་མ་དེ་ཡིན་ཞིང་། མོས་ཀྱང་ང་ལ་བརྗོད་པར་དཀའ་བའི་ཚོར་བ་ཡ་མཚན་ཞིག་སྦྱིན་སོང་། ནམ་རྒྱུན་ཨ་ཅེ་ལེབ་ལེབ་མའི་སེམས་རབ་དུ་རྒྱས་ཤིང་མིག་མདངས་ལས་སྤྲོ་བ་མཚར་པོ་ཞིག་བསྐྱེད་ནས་མགྲོན་པོར་སྣེ་ལེན་བྱེད་བཞིན་འདུག འདི་ངེད་ཅག་ལ་མཚོན་ན་རྒྱུན་ལྡན་ཞིག་ཡིན་ཞིང་། ཁོ་མོར་མཚོན་ན་དེ་བས་ཀྱང་སྤྱིར་བཏང་ཞིག་ཡིན་ལས་ཆེ།
འོན་ཀྱང་། ཟླ་འོད་ཀྱིས་མཛེས་སྡུག་ངོམ་པའི་མཚན་གཞུང་ཞིག་ལ། བདག་ཕྱི་རུ་འཆམ་འཆམ་ལ་འགྲོ་བའི་ལམ་བར་ནས། ཏག་ཏག་ཨ་ཅེ་ལེབ་ལེབ་མ་དང་འཕྲད་སོང་། ངས་མོའི་གདོང་ལ་ལྟ་ཙམ་བྱས། ཨ་ཙི། ད་སྐབས་ཁོ་མོའི་ངོ་གདོང་དུས་རྒྱུན་དང་གཏན་ནས་མི་འདྲ། ད་ལྟའི་གདོང་གི་ཉམས་འགྱུར་ནི་སྐྱོ་གདུང་གི་རྒྱ་རུ་ཚུད་པའི་གཡོག་མོ་ལས་ངན་ཞིག་དང་མཚུངས། རྗེས་སུ་མོ་རང་ཁང་པ་ཞིག་གི་ནང་དུ་འཛུལ་སོང་ལ། ང་ཡང་་འཇིགས་སྐྲིག་དང་ཐེ་ཚོམ་འབའ་ཞིག་ལ་བརྟེན་ནས་ཕྱིར་མགྲོན་ཁང་དུ་ལོག རྗེས་སུ་ཨ་ཅེ་ལེབ་ལེབ་མའི་བཞིན་མདངས་ཉིན་རེ་ལས་ཉིན་རེར་ཇེ་སྡུག་ཏུ་གྱུར། གོ་ཐོས་སུ་ཁོ་མོ་ཁྱོ་ག་དང་འཐོར་སོང་བས་རེད་ཟེར། ངས་མོ་ལ་དངོས་སུ་འདྲི་ན་འདོད་མོད། མོ་རང་ཡང་བསྐྱར་སེམས་སྡུག་གི་ཀློང་དུ་ཚུད་པར་སྐྲག་ནས་མ་དྲིས།
ལོ་དེའི་དབྱར་ཁར། ཁོ་མོ་སེམས་ནད་ལས་གྲོལ་ཏེ་སྔོན་ཆད་ཀྱི་ཁྱོ་ག་དང་མཉམ་དུ་འཚོ་བ་རོལ་བཞིན་འདུག་ཟེར་བ་ཐོས། སྐབས་དེར་ཨ་ནེ་རྒད་མོ་འགས་ “ཧེ་་་་་་་ད་ངོ་མ་བུ་མོ་ལེབ་ལེབ་མས་ཅི་ཞིག་དྲན་པ་མི་ཤེས་ཏེ། ཡར་སྔོན་རང་ཉིད་ཁྱི་བཞིན་བསྐྱུར་སོང་བའི་ཚེ་རིང་དང་ཡང་མཉམ་དུ་བསྡད་འདུག དགོས་དུས་ནོར་བུ་དང་མི་དགོས་དུས་གདོན་རྫས་བྱས་ན་ཡང་སེམས་མི་ཤི་དོན་ཅི་ཡིན་ནམ།” ད་གཟོད་ངས་ཨ་ཅེ་ལེབ་ལེབ་མའི་ཁྱོ་ག་དེ་ཁྲེལ་མེད་ཀྱི་ཁྱི་ལྡོམ་ཞིག་ཡིན་པ་ཤེས་ཤིང་། སེམས་སུ་མོས་ཅིའི་ཕྱིར་སྐྱེས་པ་གཞན་ཞིག་དང་མཉམ་དུ་བདེ་སྐྱིད་ཀྱི་འཚོ་བ་མི་སྐྱེལ་བར། ཚེ་རིང་དང་ཤི་འཐམ་རོ་འཐམ་བྱེད་པ་ཡིན། ལོ་ཁ་ཤས་ཀྱི་རྗེས་སུ་ང་སླར་ཡང་མགྲོན་ཁང་དེར་ཁོ་མོར་ལྟ་རུ་སོང་མོད། སྡེ་མི་དག་གིས་བཤད་ན་མོ་ཚེ་རིང་དང་མཉམ་དུ་ལྷ་སར་བུད་སོང་ཟེར་བས། ངས་མོ་ལ་སྙིང་བོ་མེད་པའི་སེམས་ཁུར་བྱེད་པ་ཙམ་ལས་ཐབས་ཟད་དོ། །