དུས་ཀྱི་འཁོར་ལོའི་སྟངས་སྟབས་དང་བསྟུན་ནས་བདག་ཀྱང་ཤེས་བྱའི་ནོར་བུ་གླིང་དུ་འགྲིམས་པས།སློབ་གྲྭའི་ཁོར་ཡུག་ལས་ཡིད་གར་འོང་བ་ནི་ཁྱེད་ཉིད་སློབ་གྲྭའི་སྒོ་འགྲམ་དུ་ང་ལ་རྒྱང་བལྟ་བྱེད་པའི་གཟུགས་བརྙན་དེ་ཡིན།ནང་ཁྱིམ་དུ་ལོག་རྗེས་བདག་ཀྱང་“ལག་བརྐྱངས་ན་གོས་དང་ཁ་གདངས་ན་ཟས་ཞེས་པ་ལྟ་བུ་གཅེས་ཕྲུག་ཡིན་པས།ངའི་འགྲོ་འདུག་སྤྱོད་གསུམ་ཡོད་ཚད་ཁྱིམ་ཚང་འདི་ཡི་མི་ཚེའི་ལས་དོན་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད།བགྲང་བྱའི་མདུན་བསྐྱོད་འོག་ང་རྒྱལ་མགོ་འཕངས་དགུང་ལ་བསྙེགས་ཤིང་དྭངས་སེམས་སད་ཀྱི་བཅོམ་པའི་གཞོན་ནུ་རྣམས་ཀྱིས།ཕ་མའི་བསླབ་བྱ་དུག་གི་རོལ་དབྱངས་ལ་ཐོས་བཞིན་རྣ་ལ་གཟན་ཞིང་མིག་འཕྲུལ་སྒྱུ་མའི་ལས་ལ་བྲེལ་བས།མི་ཁ་བཙན་པོའི་མཚོན་ཆས་རྨས་སྐབས་ཁྱེད་ཉིད་ཀྱིས་འཇམ་ལྡན་བལ་བཞིན་ཞི་བའི་སློབ་གསོ་དང་གདུག་རྩུབ་སེར་བཞིན་དྲག་པོའི་སྡིགས་མོ་བྱེད་དུས།བསམ་མེད་དམན་བུ་ང་ཡིས་“ཉེས་རྡུང་བུ་ལ་བཏང་ཡང་།ན་ཟུག་མ་ལ་སྐྱེས་ཞེས་པའི་གནས་ལུགས་ཤེས་རྒྱུ་ལྟ་ཞོགད་དུང་ཁྱེད་ལ་མི་འདོད་པའི་རྣམ་འགྱུར་སྟོན་པའི་སྣང་ཚུལ་དེར་ཕྱིར་དྲན་རེ་བྱས་ཚེ།དངོས་གནས་འགྱོད་གདུང་གི་གཟིར་བའི་སྡུག་བསྔལ་ཞིག་ཡིན་ནོ།
བྱིས་དུས་ཀྱི་རྨི་ལམ་ཡོད་ཚད་ཐག་རིང་དུ་བསྐྱུར་ཏེ་སློབ་འབྲིང་གི་ཤེས་བྱའི་ལྡུམ་རར་སྤོབས་པ་ཆེན་པོས་བསྐྱོད་པའི་དུས་དང་།ཚེ་སྲོག་གི་འབྱུང་གཞི་རྒྱབ་ཏུ་བསྐྱུར་ནས་བྱམས་ལྡན་གྱི་ཡབ་ཡུམ་ཟུར་དུ་བཞག་སྟེ།ལྐོག་གྱུར་གྱི་ཕུགས་བསམ་འཚོལ་ཆེད་མདུན་ནས་མདུན་དུ་བསྐྱོད་སྐབས།ཐོག་མའི་སྙིང་སྟོབས་ཉམས་སོང་བ་དང་གོམ་འགྲོས་དལ་སོང་བའི་སྣང་བ་ཞིག་བཅོས་མིན་དུ་སྐྱེས་བྱུང་བས།ཡིད་སྐྱོ་བའི་མིག་ཆུ་ཕྲེང་ཐག་ཆད་པ་བཞིན་བབས་ཀྱང་ནང་ཡང་འགྱུར་བ་མེད་པ་ནི་ཕ་མ་ཁྱེད་ཉིད་ཀྱི་ཕྱོགས་སུ་གཟིགས་པའི་བརྩེ་བའི་མིག་མདངས་དེ་ཡིན།
མིག་ལ་མཛེས་མཛེས་ཅི་འདྲ་མཐོང་ཡང་། རེག་བྱ་འཇམ་འཇམ་ཅི་འདྲ་ཚོར་ཡང་།
དྲིན་ཆེན་ཕ་མའི་ཐུགས་གཤིས་བཟང་པོ། ཁོག་གི་སྙིང་དང་རུས་པའི་སྟེང་ནས་ཚོར།
བདེ་སྡུག་འཚོ་བ་གང་འདྲ་བྱུང་ཡང་། ལས་འབྲས་བསྐོས་བཞག་ཅི་འདྲ་ལྕི་ཡང་།
མདུན་གྱི་ལམ་དེ་གང་འདྲ་ཡིན་ཡང་། དྲིན་ཆེན་ཕ་མ་སྙིང་གི་ལྷ་ཡིན་ནོ།
དྲིན་ཆེན་ཕ་མའི་ཐུགས་གཤིས་བཟང་པོ། ཁོག་གི་སྙིང་དང་རུས་པའི་སྟེང་ནས་ཚོར།
བདེ་སྡུག་འཚོ་བ་གང་འདྲ་བྱུང་ཡང་། ལས་འབྲས་བསྐོས་བཞག་ཅི་འདྲ་ལྕི་ཡང་།
མདུན་གྱི་ལམ་དེ་གང་འདྲ་ཡིན་ཡང་། དྲིན་ཆེན་ཕ་མ་སྙིང་གི་ལྷ་ཡིན་ནོ།