ཉི་ཤར་གྱི་མགོ་མ།རྟེན་འབྲེལ་གྱི་ཐོག་མ།།དབང་ཕྱོགས་གནམ་མཐའི་དབྱིངས་ནས་སྐྱ་རེངས་བུ་མོའི་འཛུམ་་མདངས་ངོམས་པ་ན་གྲོང་ཚོའི་ནང་གི་རྒན་རབས་པ་དག་གིས་བཀྲ་ཤིས་པའི་སྨོན་ཚིག་དང་འགྲོགས་ཏེ་བདེ་སྐྱིད་མེ་ཏོག་བཞད་པའི་གྲོང་ཚོ་དེར་གནམ་ལོ་གསར་ཚེས་ཀྱི་ཉིན་མོ་འཆར་བྱུང་།
ཉིན་མོ་དེར།སྐྱ་རེངས་ཤར་བ་དང་མཉམ་དུ་གཞོན་སོ་དཀར་ནས་རྒན་མགོ་དཀར་ཚང་མས་ལུས་ལ་གཟབ་མཆོར་སྤྲས་ཏེ་མཐོན་པོ་རི་རྩེར་འཛེགས་ནས་ལྷ་བསང་གཏོང་བ་དང་དར་ལྕོག་དང་རླུང་རྟ་མཆོད་པ་སོགས་དཀར་ཕྱོགས་ཀྱི་ལས་ལ་བྲེལ་ཅིང་།འབྱུར་འགྱུར་གྱི་ལོ་དེའི་ནང་ཅི་བསམ་དོན་འགྲུབ་ཡོང་བའི་སྨོན་འདུན་གྱི་ཚུལ་དུ་ཡུལ་ལྷ་གཞི་བདག་རྣམས་ཀྱི་ངོ་སོ་བསྟོད་པའི་ཀི་ཀི་བསོ་བསོའི་སྒྲ་ཡིས་བར་སནང་འགེངས།དབང་སྔོན་མེ་ལོང་ཕྱིས་འདྲའི་མཁའ་དབྱིངས་ནས་རྟ་བདུན་དབང་པོས་ཀྱང་རྟེན་འབྲེལ་གྱི་འོད་ཟེར་འགྱེད་ནས་བོད་ཁམས་ཡོངས་ཀྱི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་སྨོན་ཚིག་བརྗོད་བཞིན་མཆིས།དུས་དེར་ཁྱིམ་ཚང་རེ་རེའི་སྒེའུ་ཁུང་ལས་ཁྱིམ་མི་རྒན ་དར་གཞོན་གསུམ་གྱི་ལྷན་འཛོམས་ཀྱི་དགོད་སྒྲ་ལྷང་ལྷང་སྒྲོགས་ཅིང་།གྱེན་དུ་བསླང་བའི་དུ་ཁུང་ལས་ཤ་བཙོ་ཇ་བསྐོལ་གྱི་དུ་བ་ལྷོག་ལྷོག་ངང་ནམ་མཁར་འཕུར་ཅིང་།དྲི་འཛིན་དབང་པོའི་སྙེམས་པ་འཕྲོག་པའི་དྲི་ཞིམ་གང་སར་འཐུལ་ནས་འདུག སྐྱིད་ཀྱི་གནམ་ལོ་གསར་ཚེ་ཉིན་ཁྱིམ་མི་རྒན་གཞོན་ཚང་མ་ལྷན་གཅིག་ཏུ་འཛོམས་ཏེ་གདོང་ལ་འཛུམ་མདངས་ཀྱི་མེ་ཏོག་བཞད་ནས་ཤ་མར་ཐུད་གསུམ་གྱི་ལོངས་སྤྱོད་ལ་རོལ་ནས་ཡོད།ཉིན་མོར་དེར་བྱིས་པ་རྣམས་ལ་ཆེས་སྤྲོ་སྣང་འཕེལ་བའི་ཉིན་མོ་ཞིག་ཡིན་པས་ཉིན་གང་བོར་རྩེད་གྲོགས་མང་པོ་དང་ལྷན་དུ་རྩེད་མོ་སྣ་ཚོགས་ལ་རོལ་ཅིང་།དུས་ཀྱི་འཁོར་ལོའི་འགྱུར་ལྡོག་དབང་གིས་དེ་རིང་གི་སྤྲོ་སྐྱིད་འཚོ་བ་ལ་ཕྱིར་དྲན་ཞུ་བཞིན་སང་ཉིན་གྱི་རྣམ་པ་གསར་པ་ལ་རེ་སྒུག་ཁྲི་ཕྲག་ངང་ནས་རྨི་ལམ་གྱི་ཞིང་ཁམས་སུ་འགྲིམས་དགོས་བྱུང་།
ཉི་མ་གཞོན་ནུའི་ཞལ་འཛུམ་མཛེས་པོ་དེ་དབང་ཕྱོགས་ས་འཛིན་མཐོན་པོའི་སྤོ་ནས་དལ་བུར་ཡར་འཕགས་པའི་མོད་ལ།གྲོང་ཚོ་ཆུང་ཆུང་དེར་མཚོན་ན་ཆེས་འུར་ཟིང་ཆེ་བའི་ཉིན་ཞིག་སྟེ།ཉིན་དེའི་ཞོགས་པ་ནས་བཟུང་ལུས་ལ་གཟབ་མཆོར་སྤྲས་པའི་གྲོང་སྡེའི་མི་རྣམས་ཁྱིམ་ཚང་སོ་སོར་མགྲོན་པོ་འགྲོ་བའི་སྲོལ་ཡོད་ལ།ཁྱིམ་ཚང་སོ་སོའི་ནང་དུ་མགྲོན་པོ་སླེབས་པ་ནི་ཁྱིམ་དེའི་བསོད་ནམས་དང་བདེ་སྐྱིད་དུ་བསམ་བཞིན་ཡོད་པས་མགྲོན་པོ་སླེབས་པ་ནི་ཁྱིམ་དེའི་བསོད་ནམས་དང་བདེ་སྐྱིད་དུ་བསམ་བཞིན་ཡོད་པས་མགྲོན་པོ་ལ་སྣེ་ལོན་གང་ལེགས་གང་བཟང་བྱེད་བཞིན་ཡོད།སྒྲ་འཛིན་དབང་པོར་མངལ་ཆགས་སུ་འཇུག་པའི་རོལ་དབྱངས་ཞིག་རྒྱང་རིང་གི་ས་ནས་ཐོས་དུས།ང་ཚོའི་དེའི་ཕྱོགས་སུ་གོམ་ཁ་བསྒྱུར་བ་ན་འདྲེན་བྱེད་ཀྱི་ལམ་དུ་མངོན་པ་ནི་ལང་ཚོའི་མེ་ཏོག་བཞད་པའི་ཕོ་གཞོན་མོ་གཞོན་དག་ཕྱོགས་གཅིག་ཏུ་འདུས་ནས་གླུ་ལེན་གར་རྩེའི་ལས་ལ་བྲེལ་ཅིང་ལོ་ན་བགྲེས་པའི་རྒན་རབས་དང་ལོ་ན་ཕྲ་བའི་བྱིས་པ་དག་གིས་མཐའ་འཁོར་ནས་ལྟད་མོ་མིག་གི་རྒྱན་ཆ་ལ་རོལ་ནས་ཡོད།ཚངས་སྲས་ལྷ་མོའི་འགྱུར་ཁུག་དང་དྲི་ཟའི་གར་མཁན་མའི་སྟངས་སྟབས་ལ་འགྲན་པའི་ཕོ་གཞོན་མོ་གཞོན་གྱི་བྲོ་གར་ལ་གཟིགས་པའི་ཉིན་བྱེད་དབང་པོས་འཁྲེང་ཞེན་གྱི་ཕྱིར་མིག་བལྟ་བཞིན་རྒྱུ་སྐར་རྒྱལ་པོའང་སྒུག་ནས་སྡོད་ཐབས་མེད་པ་དང་འདྲ་བར་ནུབ་རིའི་ཕང་བར་བཞུད་སོང་།
གནམ་ལོ་གསར་དུ་བཞད་པའི་ཉིན་དེ་ནི་མཐུན་སྒྲིལ་མེ་ཏོག་བཞད་པའི་ཉིན་མོ་ཡིན་ལ།བདེ་སྐྱིད་འབྲས་བུ་སྨིན་པའི་ཉིན་མོ་ཡིན་ཕྱིར་རྒན་དར་གཞོན་གསུམ་ཀུན་གྱིས་དགའ་བ་སྟོང་དང་སྤྲོ་བ་འབུམ་གྱིས་བསུ་བཞིན་ཡོད།