མཐའ་ཡས་ཤེས་རིག་རྒྱ་མཚོའི་ཁྲོད་དུ་བདག་ལ་དགེ་བའི་བཤེས་གཉེན་མི་ཉུང་བ་ཞིག་འཕྲད་བྱུང་། འོན་ཀྱང་བདག་ལ་ཐུགས་ཁུར་ཟབ་བཞེས་གནང་མཁན་ནི་དམའ་འབྲིང་ལོ་རིམ་དང་པོའི་བོད་ཡིག་དགེ་རྒན་ཡིན།
བདག་གི་དགེ་བའི་བཤེས་གཉེན་ནི་གཤིས་ཀ་བལ་ལས་འཇམ་ཞིང་ངང་རྒྱུད་ཆུ་ལས་རིང་བ་མ་ཟད། ཁོང་གི་ཞལ་རས་ནག་ཅིང་སྨུག་ལ་གྱོན་གོས་ཁྲ་ཁྲ་སིལ་སིལ་བཞེས་རྒྱུར་མཉེས་པོ་མེད། གནའ་མིའི་གཏམ་དཔེར། དགེ་རྒན་ནི་སློབ་མའི་མིག་འདུན་དུ་བཤམས་པའི་སློབ་དེབ་གསོན་པོ་དེ་རེད་ལ་སློབ་མ་ནི་དགེ་རྒན་གྱི་མིག་མདུན་དུ་བཤམས་པའི་བརྩམ་བྱ་གསོན་པོ་དེ་རེད་ཅེས་གསུངས་པ་ལྟར། ཁོང་ནི་དགེ་རྒན་གཞན་དང་མི་འདྲ་བར་རྟག་ཏུ་དཔེ་དེབ་ལྟ་རྒྱུར་དགའ་པོ་ཡོད། མཚམས་རེ་ཞོགས་ཚོགས་སྐབས་ཁོང་གིས་ང་ཚོར་སུམ་རྟགས་རྩ་ཚིག་དང་དག་ཡིག་ངག་སྐྱོར་གཏོང་དུ་བཅུག་པ་མ་ཟད། ཁོང་རང་ཉིད་ཀྱང་དཔེ་དེབ་རྙིང་ཧྲུལ་འགའ་བཟུང་ནས་ངག་སྐྱོར་གཏོང་གི་འདུག ཁོང་ནི་རང་མི་རིགས་ཀྱི་སྐད་དང་ཡི་གེ་ཙམ་མ་ཟད། ཡུལ་སྲོལ་གོམས་གཤིས་ལ་བརྩི་མཐོང་ཧ་ཅང་ཆེ་བའི་བོད་མི་དག་མ་ཞིག་རེད་ཨང་།
རྒྱུན་དུ་ཁོང་གིས་སྐད་ཡིག་ནི་རང་མི་རིགས་ཀྱི་སྲོག་རྩ་ལྟ་བུ་ཞིག་ཡིན་པས་ང་ཚོས་ངེས་པར་དུ་ཡག་པོ་སྦྱང་དགོས་པ་མ་ཟད།བོད་ཡིག་ནི་ཕ་མེས་ཀྱིས་ང་ཚོར་བཞག་པའི་རིན་བྲལ་གྱི་ནོར་བུ་ཞིག་ཏུ་ལགས་པས་དེ་དོན་ཁྱེད་ཚོས་ཏང་གི་སློབ་གསོའི་སྲིད་ཇུས་བཟང་པོའི་འོག་ང་ཚོས་སློབ་སྦྱོང་ལ་འབད་བརྩོན་བྱེད་དགོས་པའི་ཁ་ཏ་བསླབ་འདི་ཚོ་དུས་ནམ་ཡང་ངའི་སེམས་སུ་རྡོ་ལ་རི་མོ་བརྐོས་པ་ལྟར་ཟུག་ཅིང་གནས་ཡོད། ཁོང་གིས་སློབ་ཁྲིད་གནང་སྐབས་རྟག་ཏུ་རྐང་འཁྲབ་ལག་འཁྲབ་བྱེད་པ་མ་ཟད། སློབ་ཚན་གྱི་ནང་དོན་དང་བསྟུན་ནས་ལོ་རྒྱུས་དང་། གཏམ་དཔེ། སྒྲུང་སོགས་རང་ཉིད་ཀྱིས་ཤེས་པ་ཡོད་ཚད་བུམ་པ་གང་བྱོའི་ཚུལ་གྱིས་ང་ཚོར་གསུངས་པས་སློབ་མ་ཚང་མས་ཉིད་ཀྱི་སློབ་ཚན་ཉན་རྒྱུན་ཤིན་ཏུ་སྤྲོ་བ་མ་ཟད། གཟའ་འཁོར་གཅིག་གི་ནང་བོད་ཡིག་སློབ་ཚན་ག་ཚོད་ཡོད་མེད་དང་ཚོགས་ཐེངས་ག་དུས་ཡིན་མིན་སློབ་མ་ཚང་མའི་སེམས་ལ་འཇགས་ཟིན། ད་དུང་ཁྱེད་མཚར་དུ་དངར་བའི་ཡིག་གཟུགས་འདི་ཚོས་ང་ཚོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་པར་བྱེད་ཀྱི་ཡོད།
རྒན་ལགས། ངའི་བརྩེ་བའི་རྒན་ལགས། ཁྱེད་ནི་ངའི་མ་རིག་པའི་མུན་པ་སེལ་མཁན་གྱི་ནམ་མཁའི་ནོར་བུ་ཡིན། ཁྱོད་ཡོད་པ་ནས་ངས་དྲོད་འཇམ་གྱི་ཉི་མ་མཐོང་བྱུང་།