ཀྱེ།བདག་གི་དྲིན་ཆེན་ཕ་མ་གཉིས།ཁྱེད་གཉིས་ནི་བུ་ངའི་མ་རིག་མུན་ནག་འཇིག་རྟེན་གྱི་ཡིད་ཀྱི་མཆོད་མེ་ཡིན་ལ།མིག་གི་སྒྲོན་མེ་ཡིན།ཁྱེད་གཉིས་ལ་ཡན་ལག་བརྒྱད་ལྡན་ལས་ལྷག་པའི་ཟུངས་ཁྲག་དང་ལྡན་པ།མཁའ་དབྱིངས་ཀྱི་རྒྱུ་སྐར་རྒྱལ་པོ་ལས་ལྷ་ག་པའི་ལྷག་བསམ་དང་ལྡན་པ།གནམ་ནས་འབབ་པའི་སྤྲིན་གྱི་མེ་ཏོག་ལས་གཙང་བའི་ཆོས་སེམས་དང་ལྡན་པ།ས་ལས་བཞད་པའི་མེ་ཏོག་དམར་པོ་ལས་མཛེས་པའི་འཛུམ་མདངས་དང་ལྡན་པས་བུ་ངའི་ཡིད་དབང་འཕྲོག་ལ་ཡི་གར་འོང་།བསམ་རྒྱུ་བུ་དང་དྲན་རྒྱུ་བུ་ལས་མེད་ཟེར་བཞིན་ནམ་ཟླ་དགུན་གྱི་གྲང་རེག་གི་མདའ་མོ་ལ་མི་འཇིགས་པར་ལ་དང་ལུང་པ་བརྒལ་ནས་སློབ་གླིང་པད་མའི་ཚལ་དུ་རྙིད་ལ་ཉེ་བའི་འདམ་སྐྱེས་ལ་ཉིན་བྱེད་འོད་ཀྱི་བྱིན་རླབས་སྦྱིན་དུ་ཡོང་བས་སྐྱེས་སྟོབས་འབར་བའི་མྱུ་གུ་གསར་དུ་འབུས་སུ་བཅུག ནམ་རྒྱུན་ང་རང་ཁྱིམ་དུ་ལོག་སྐབས་བུ་ང་ནི་ཁ་གདངས་ན་ཟས།ལག་བརྐྱངས་ན་གོས།ཉལ་དྲན་ན་ཉིན་གང་།འདུག་དྲན་ན་མཚན་གང་གི་ལས་ལ་རོལ།ཡིན་ནའང་ཁྱེད་གཉིས་ནི་དགོང་འཕྱི་ཉལ་དང་ནངས་སྔ་ལངས་དང་ཞོགས་པ་ཐོ་རངས་སྐར་ཆེན་གྱི་ཞོགས་བརྡ་དང་མཉམ་དུ་ལངས་པ་དང་དགོང་མོ་མཁའ་དབྱིངས་ཀྱི་རྒྱུ་སྐར་རྒྱལ་པོའི་ཟླ་འོད་དང་མཉམ་དུ་མལ་གསོ་བྱས།དེ་ལྟར་ཡོད་ཚད་དང་ཡོད་ཚད་ནི་བུ་ཡི་ཆེད་དུ་ཡིན་ལ་བུ་ཡི་འཚོ་བའི་ཆེད་དུ་ཡིན་པ་སྨོས་ཅི་དགོས།
ནོར་འཛིན་བྲང་ཁ་ནས་བཞུར་དུས་ངའི་འདུན་པ་ཅང་ཤེས་རྟ་ཕོ་ནང་བཞིན་སྐར་ཚོགས་ཀྱི་ཁྲིད་ནས་རྟ་ཕོའི་འཚེར་སྐད་དང་བཅས་ཕ་མ་འགྲམ་ན་ཤོར་འགྲོ་བ་དང་།གནམ་གྱི་བསིལ་སྦྱིན་ཅན་ནི་ཨ་མའི་ཞལ་རས་དང་ཨ་མའི་འཛུམ་མདངས་དང་གཉིས་སུ་མེད་པར་གཟི་བརྗིད་ཀྱི་སྐར་ཚོགས་དབུས་ན་གསལ་ལམ་མེར་གསལ་འདུག ཀྱེ།དྲེན་ཆེན་གྱི་ཕ་མ་གཉིས།བུ་ངས་སླར་ཡང་ཁྱེད་གཉིས་དྲན་ནོ།
ཆུ་ལ་ཡིག་ཆུང་བསྐུར་ཡོད་པས། སྐྱོགས་དཀར་ནང་དུ་ཨེ་བྱུང་ལགས།
བསམ་པའི་རྟ་ཕོ་བཏང་ཡོད་པས། རྨི་ལམ་ནང་དུ་ཨེ་བྱུང་ལགས།
བསམ་པའི་རྟ་ཕོ་བཏང་ཡོད་པས། རྨི་ལམ་ནང་དུ་ཨེ་བྱུང་ལགས།