མི་གཞི་ནི་གསེར་དང་འཇིན་རྟེན་ནི་རྒྱ་མ་ཞིག་ཡིན་པའི་དབང་དུ་བཏང་ན། མི་ལ་ལ་ལྗིད་ཤུགས་ཀྱིས་མར་འདྲུད་སྲིད་ལ། མི་ལ་ལ་ནི་ནམ་མཁའི་མཐོངས་སུ་འདེགས་སྲིད་པས། མི་ཞིག་གི་མི་གཞི་ཡིས་༼ཕ་མ་གཅིག་གི་བུ་ཕྲུག དགེ་རྒན་གཅིག་གི་སློབ་ཕྲུག༽བར་ལའང་དེ་འདྲའི་ཁྱད་པར་རམ་བར་ཁྱད་ཆེན་པོ་འབྱུང་དུ་འཇུག་སྲིད། དེ་བས། ང་ཚོ་མི་སུ་དང་སུ་ཞིག་ཡིན་རུང་དེ་ལ་ཆེས་གདོད་མར་གསེར་ལས་ལྷག་པའི་མི་གཞི་ཞིག་མཆིས་པའི་རྨང་གཞིའི་སྟེང་ད་གཟོད་ཆེ་བ་ལ་གུས་བཀུར་དང་ཆུང་བ་ལ་བྱམས་སྐྱོང་། དྲིན་ཆེན་ལ་དྲིན་གཟོ་བཅས་བྱས་ན་དེ་ནི་གངས་རི་ལྟར་དཀར་ལ་ནག་ནོག་གི་དྲི་མ་ཅི་ཡང་མ་གོས་པའི་རྣམ་དག་གི་དྲིན་གཟོ་ཞིག་ཡིན་པར་འདོད་ལ། རང་གི་ནང་སེམས་ནས་ལྷག་བསམ་རྣམ་དག བློ་སེམས་རྩེ་གཅིག་གིས་ཕ་མ་དང་དགེ་རྒན་སོགས་ལ་དྲིན་གཟོ་བ་ནི་འཇིན་རྟེན་གྱི་དྲིན་ཆེན་མི་ལ་མཁོ་བའི་རྣམ་དག་གི་དྲིན་གཟོ་དེ་ཡིན་པར་ངེས།
གཙང་མཁས་གཞན་ལ་ཕན་པར་འདོད་ལ། རྒྱུད་དུ་དུས་ནམ་ཡང་གཞན་གྱི་དོན་དུ་ཡོད་ཚད་བློས་གཏོང་བར་ཕོད་པའི་དགེ་བའི་བཤེས་གཉེན་དམ་པ་ནི་ང་ཚོ་སློབ་བུ་ཞིག་ལ་མཚོན་ན་ལམ་སྟོན་གྱི་སྒྲོན་མེ་དང་། ལྷགས་པ་འུར་འུར་ལྡིང་བའི་དགུན་གཞུང་གི་མེ་ཕུང་། ཚ་གདུག་ཆེ་བའི་དབྱར་གཞུང་གི་རླུང་བསེར་བུ་དེ་ག་ལ་མིན། ཁྱེད་ཀྱིས་སློབ་བུ་ང་ཚོ་རིག་གནས་ཤེས་བྱ་ཡི་ཐང་ཆེན་དུ་ཁྲིད་དུས། དཔའ་ངར་ཞུམ་མེད་ཀྱི་སྤོབས་པ་དང་། གངས་ལྟར་དཀར་བའི་ལྷག་བསམ་ཞིག་ཡ་ཆུང་གི་སྙིང་ཁོག་ཏུ་ཉར་ཏེ་དུས་ནམ་ཡང་ང་ཚོ་ལ་ཕྱིར་ནུར་རམ་ལྡོག་ལམ་དུ་འགྲོ་བའི་བྱ་སྤྱོད་ནམཐའ་དག་སེལ་དུ་བཅུག་ལ། གྲུ་གཟིངས་ལ་ཁ་ལོ་བསྒྱུར་ནས་མཐའ་ཡས་རྒྱ་མཚོའི་ནང་དུ་བསྐྱོད་པ་ཇི་བཞིན་སློབ་བུ་ང་ཚོ་ཤེས་བྱ་ཡི་ཐང་ཆེན་དུ་ཁྲིད་པ་དང་། ཐང་ཆེན་པོ་ཤོག་སྐྱ་ལྟེབ་ལྟེབ། ལ་རིང་བོ་གྲུ་གུ་སྒྲིལ་སྒྲིལ། ཁིས་ཉག་ག་སྒྲོག་གུ་རྟོལ་རྟོལ་བཅས་བྱས་ཏེ་ནངས་སྐྱ་རེངས་དང་མཉམ་ལས། དགོང་སྐར་ཚོགས་དང་མཉམ་ཉལ་བཅས་བྱས་ཏེ་སློབ་ཕྲུག་དག་གི་ཆེད་དུ་ཁོམ་ལོང་དང་བྲལ་བའི་དགེ་བའི་བཤེས་གཉེན་དམ་པ་ཁྱེད་ནི་འཇིག་རྟེན་མི་ཡུལ་གྱི་ཆེས་རླབས་ཆེན་གྱི་མི་བུ་ཞིག་ཡིན་ལ། ཁྱེད་ཀྱི་དྲིན་ལན་ནི་ཀུན་གྱིས་བསྟོད་པའི་གནས་དང་བསྔགས་པའི་ཡུལ་ཡིན་པ་ནི་ཤེས་བྱ་དང་རིག་གནས་ཀྱི་སྟོབས་ཞན་པའི་སློབ་བུ་ང་ལྟ་བུ་ཞིག་གིས་སྨོས་མ་དགོས་པ་ཞིག་ཡིན།
༼བླ་མ་མེད་པའི་གོང་རོལ་ན། སངས་རྒྱས་བྱ་བའི་མིང་ཡང་མེད། བསྐལ་བ་སྟོང་གི་སངས་རྒྱས་ཀྱང་། བླ་མར་བསྟེན་ནས་བྱུང་བ་ཡིན།༽ཞེས་བརྗོད་པ་ཇི་བཞིན་དགེ་བའི་བཤེས་གཉེན་དམ་པ་ནི་སངས་རྒྱས་ལས་ལྷག་པ་སྟེ། ཁོང་གི་གཞན་དོན་གཉེར་བའི་བསམ་པ་ནི་ཐེག་པ་ཆེན་པོ་ལས་འགོངས་ཤིང་། བྱམས་དང་སྙིང་རྗེ་ནི་བྱང་ཆུབ་སེམས་དཔའ་ལས་ཀྱང་འགོངས་ཡོད་པ་སྟེ། སློབ་ཕྲུག་པྲ་ཆལ་རྣམས་ཀྱི་སྤྱོད་ངན་མང་པོ་ཞིག་ཁོང་གིས་གཅར་རྡུང་ཅི་ཡང་མ་བྱས་པར་བྱམས་དང་བརྩེ་བ་ལྡན་པའི་ངང་ནས་སློབ་གསོ་པདྨ་དཀར་པོ་རང་བྱོན་གྱིས་རང་ཤུགས་ཀྱིས་འཛོམས་པར་བྱེད་པ་དང་། སློབ་བུ་རྣམས་རང་ཉིད་ཀྱི་བུ་ཕྲུག་གི་ཚད་དུ་བཞག་ནས་དཔྲལ་བའི་མིག་དང་ཁོག་གི་སྙིང་བཞིན་གཅེས་སྐྱོང་བྱེད་ལ། དུས་རྒྱུན་གྱི་ལྔ་རིག་གི་སྐྱེད་ཚལ་འདིའི་སློབ་སྦྱོང་གི་འཚོ་བའི་ཁྲོད་དུ་ང་ཚོ་ལ་ཕ་མ་དང་དགེ་རྒན་གཉིས་ཀྱི་བྱེད་ནུས་ཐོན་པ་སྟེ། ང་ཚོ་མུན་ནག་གི་འཇིག་རྟེན་དུ་མགོ་འཁོར་ནས་དཀར་གསལ་ཟླ་བའི་འོད་སྣང་ངམ་ཁྲི་གདུགས་ཉི་མས་འོད་སྣང་ཞིག་འདོད་སྤྲོད་བྱེད་པར་རེ་སྒུག་བྱེད་དུས། དགེ་བའི་བཤེས་གཉེན་ཁོང་རང་མགྱོགས་མྱུར་རླུང་གི་རྒྱུ་རྩལ་དང་བསྟུན་ནས་ང་ཚོའི་གམ་དུ་ཕེབས་ཏེ་མུན་ནག་གིས་ཁེངས་པའི་གནས་དེ་དཀར་གསལ་འོད་སྣང་གིས་ཁེངས་པའི་གནས་མཆོག་ཅིག་ཏུ་བསྒྱུར་སྲིད་པ་དང་། ་ང་ཚོ་དོན་དག་ག་གེ་མོ་ཞིག་གི་དབང་གིས་ཡིད་སྐྱོ་ནས་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་དུས། ཁོང་ནི་སློབ་ཕྲུག་ང་ཚོའི་ཕ་མ་དང་འདྲ་བར་ང་ཚོ་ལ་སེམས་གསོ་བྱེད་སྲིད་ལ། གཏམ་ཀུ་རེ་སྣ་ཚོགས་བཤད་ནས་ང་ཚོའི་སེམས་ཀྱི་དགའ་བའི་དྭངས་མ་འདྲེན་པར་བྱེད། དེ་བས། དགེ་བའི་བཤེས་གཉེན་དམ་པ་ནི་ང་ཚོ་སློབ་བུ་རྣམས་ཀྱིས་དྲིན་གཟོ་རུ་འོས་པའི་རླབས་ཆེན་གྱི་མི་བུ་དེ་ཡིན།
དགེ་བའི་བཤེས་གཉེན་དམ་པ་ལགས། ཁྱེད་ནི་གཞན་ཕན་གྱི་ལྷག་བསམ་མངའ་ཞིང་། མི་རིགས་སློབ་གསོའི་བྱ་བཞག་ལ་བློ་སེམས་རྩེ་གཅིག ལྷག་བསམ་རྣམ་དག་གིས་འབད་པ་བྱེད་པའི་དུས་རབས་ཉེར་གཅིག་གི་མི་བུ་རླབས་ཆེན་ཞིག་ཡིན་པས། ཕྱིས་སུ་སློབ་བུ་ང་ཚོ་ཡང་ཁྱེད་དང་ཁྱེད་ལྟ་བུའི་གཞན་ཕན་ལྷག་སེམས་མངའ་བའི་མི་བུ་ཞིག་བྱས་ཏེ་མི་རནས་རྗེས་མ་དག་ལ་ལྷག་བསམ་རྣམ་དག་གིས་ཞབས་ཞུ་བསྒྲུབ་མཁན་པ་བྱེད་པའི་འདུན་པ་ངང་ངམ་ཤུགས་ལ་སྐྱེས་བྱུང་།
དྲིན་གཟོ།
ཡོང་ཁུངས། : མཚོ་སྔོན་པོ་དྲ་བ། སྤེལ་དུས། : 2022-03-18
མཉམ་སྤྱོད །