མི་ཚེ་ནི་དཀའ་སྡུག་དང་ཀྱག་ཀྱོག་གི་ལམ་ཕྲན་རིང་པོ་ཞིག་ཡིན། ང་ཚོ་ལམ་ཕྲན་འདི་རུ་ཞུགས་པ་ན། “གནམ་ནས་བག་ལེབ་ལྷུང་བ”ཞེས་པའི་དཔེ་ཞིག་མེད་པ་རྟོགས་སོང་། ཡིན་ཡང་དུས་དེ་ནས་བཟུང་ཁྱོད་ཀྱིས་རང་གི་ཉེ་འཁོར་དུ་ནམ་ཡང་ཁྱོད་ལ་ཉེ་ཞིང་། ཁྱོད་ལ་དགའ་བའི་མི་གཉིས་ཡོད་པ་ཤེས་སམ། མི་དེ་གཉིས་ནི་ཚེ་གང་བོར་རང་ཉིད་སྡུག་ཀྱང་ཕངས་སེམས་ཅི་ཡང་མེད་པར་བརྩེ་བ་ཡོད་ཚད་ཁྱོད་ལ་གནང་མཁན། རེ་བ་ཡོད་ཚད་ཁྱོད་ལ་བཅོལ་མཁན། བདེ་སྐྱིད་ཡོད་ཚད་ཁྱོད་ལ་བསྐྲུན་ནས་དབུ་སྐྲ་རིམ་བཞིན་དཀར་པོར་འགྱུར་བཞིན་པའི་ང་ཡི་དྲིན་ཆེན་ཕ་མ་རེད།
བདག་ནི་ཆུང་དུས་སུ་རྒྱང་རིང་དུ་འཕུར་འདོད་ཀྱང་འཕུར་མི་ཐུབ་པར་ཕྱིར་སར་ལྷུང་འགྲོ་བའི་བྱེའུ་ཆུང་ཞིག་ཡིན་ལ། བྱེའུ་ཆུང་གཞན་དང་འདྲ་བར་འཕུར་ཐུབ་པའི་དུས་སུ་སླེབས་ནའང་། ནམ་རྒྱུན་སྒེའུ་ཁུང་ལས་ཕྱི་རོལ་གྱི་འཇིག་རྟེན་ལ་བལྟས་ནས་བྱེའུ་གཞན་ལ་ཡིད་སྨོན་བྱེད་པ་ལས། བྱེའུ་གཞན་དང་མཉམ་དུ་ནམ་མཁར་འཕུར་ནས་ནམ་འཕངས་བསྟོད་པའི་ལས་དབང་མེད་པ་དང་འདྲ་བར། ལུས་སྟོབས་ཞན་པས་ནམ་རྒྱུན་ཚ་རྒྱུ་ན་རྒྱུ་ཅུང་མང་བ་དང་། མ་རབས་ཡིན་པས་དོན་ངན་བཟོ་རྒྱུའང་ཅུང་མང་། ཡིན་ཡང་། ངའི་འགྲམ་དུ་དྲིན་ཆེན་ཕ་མ་གཉིས་ཀ་ཡོད་པས། ཁོང་གཉིས་ཀྱི་ཁ་ཏ་དང་སློབ་གསོས་མ་རབས་ཐ་ཤལ་གྱི་ང་རང་ཅུང་ཚད་ལྡན་ཅན་དུ་གྱུར་ཏུ་བཅུག་པར་མ་ཟད། ལྷག་པར་དུ་ཁོང་གཉིས་ཀྱི་བརྩེ་སེམས་དྲོད་མའི་སྲུང་སྐྱོབ་འོག་ཏུ། ཚ་རྒྱུ་ན་རྒྱུ་མང་བའི་ང་རང་ད་གཟོད་མུ་མཐུད་དུ་འཇིག་རྟེན་འདི་རུ་འཚོ་ཐུབ་སོང་།
བདག་ལོ་བདུན་ལ་སོན་པའི་ལོ་དེའི་དགུན་ཁར། བདག་གིས་སེམས་ཆུང་མ་བྱས་པར་དུག་རྩྭ་ཞིག་ཟོས་པས། ཕོ་བ་ན་ནས་རྒྱུན་ལྡན་ལྟར་འགུལ་སྐྱོད་བྱེད་དཀའ་བའི་གནས་སུ་ལྷུང་། སྐབས་དེར་ཕ་མ་གཉིས་ཀྱིས་རྒན་པའི་ཁ་ཏ་ལྟར་ང་ལ་དེ་ལ་ཕན་ཐོགས་སྲིད་པའི་སྨན་མང་པོ་འཐུང་དུ་བཅུག འོན་ཀྱང་ཉིན་དེའི་མཚན་མོར། ང་རང་སང་དྲགས་སུ་སོང་མེད་པ་མ་ཟད། ད་དུང་དུས་ཚོད་མང་པོ་དལ་འགོར་བྱས་ཟིན་པས། ལུས་ཟུངས་ཉམས་ནས་སར་འབྱར་བ་ལྟར་གྱུར་བ་དང་། མིག་གཉིས་ཀྱང་འབྱེད་པའི་གསོན་ཤུགས་མེད་པར་གྱུར། སྐབས་དེར་ཕ་མ་གཉིས་ཀྱི་སེམས་ཧ་ཅང་འཚུབ་ནས་མྱུར་བ་མྱུར་དུ་ང་རང་སྨན་ཁང་དུ་ཁྱེར་ནས་རྒྱུག ལམ་བར་དུ་ངའི་སེམས་སུ་རང་ཉིད་ཀྱི་མི་ཚེ་འདི་ལྟར་ཡོངས་སུ་རྫོགས་སྲིད་སྙམ། ཕ་མ་གཉིས་ཀྱིས་ང་རང་ཁྱེར་ནས་གྲོང་རྡལ་གྱི་སྨན་ཁང་དུ་སླེབས་པ་ན། ངའི་རྣ་ཡིས་ཐོས་ཐུབ་པ་ནི་སྨན་པ་གཅིག་རེ་གཅིག་རེ་ཡིས“ང་ལ་ཐབས་མི་འདུག”ཅེས་བཤད་པའི་སྐད་ཆ་ཚིག་འདི་དང་། མིག་གིས་མཐོང་ཐུབ་པ་ནི་ཕ་མ་གཉིས་ཀྱིས་ང་རང་དམ་པོར་པང་དུ་བཟུང་སྟེ་བྲེལ་འཚུབ་འཚུབ་ཀྱིས་སྨན་ཁང་གཅིག་རེ་གཅིག་རེ་བཞིན་རྒྱུག་པ་དེ་ལས་ཅི་ཡང་མེད། སྐབས་དེར་ང་རང་སྔར་ལས་ཀྱང་རེ་ཐག་ཆད། ཚོར་བ་ལ་མུ་མཐུད་དུ་འཇིག་རྟེན་འདི་རུ་གསོན་པའི་ཆེས་མཐའ་མཇུག་གི་རེ་བ་ཉག་གཅིག་དེའང་མེད་པར་གྱུར་པ་དང་མཚུངས། ཡིན་ཡང་ཏག་ཏག་སྐབས་དེར། ངས་སྨན་པ་ཞིག་གིས“ང་ལ་ཐབས་མི་འདུག ངེས་པར་དུ་རྫོང་གི་སྨན་ཁང་ལ་འགྲོ་དགོས”ཞེས་པའིསྐད་ཆ་ཞིག་ངའི་ཕ་མ་གཉིས་ལ་བཤད་ཀྱིན་པ་ཐོས། དེ་མ་ཐག་ཏུ་ཕ་མ་གཉིས་ཀྱིས་ང་རང་བཟུང་སྟེ་རྫོང་ཐོག་གི་སྨན་ཁང་དུ་ལམ་ལ་ཆས་སོང་། དེ་ནས་ཅུང་འགོར་རྗེས་ང་རང་སད་པ་ན། རང་ཉིད་ཨ་མས་པང་དུ་བཟུང་སྟེ་སྨན་ཁང་གི་ནང་དུ་རྒྱུག་བཞིན་པ་ཤེས། དེ་ནས་ང་རང་ཡང་བསྐྱར་སད་པ་ན། ངས་རང་ཉིད་རྫོང་གི་སྨན་ཁང་གི་མལ་ཁྲིའི་སྟེང་དུ་སྨན་ཁབ་རྒྱབ་འདུག་པ་དང་། མལ་འགྲམ་དུ་རང་ཉིད་ལ་ཆེས་སྙིང་ཉེ་ཞིང་བཀའ་དྲིན་གཞལ་དུ་མེད་པའི་ཕ་མ་གཉིས་ཀ་ཡོད་པ་ཤེས་པ་མ་ཟད། ད་དུང་རང་ཉིད་ལ་ཕ་མ་གཉིས་ཀྱིས་ཡང་བསྐྱར་ཚེ་སྲོག་ཅིག་བསྐྲུན་ཟིན་པ་ཀུན་ལས་ཀྱང་གསལ་བོར་ཤེས།
ཕྱི་ཉིན་ཞོགས་པར། ང་རང་སང་དྲགས་སུ་སོང་ནས་འགུལ་སྐྱོད་ཀྱང་བྱེད་ཐུབ་པར་གྱུར།
དུས་དེ་ནས་བཟུང་། ངས་ཕ་མ་ཞིག་གིས་རང་གི་ཤ་ལས་ཆད་པའི་བྱིས་པ་ལ་བཅིངས་པའི་བླ་ན་མེད་པའི་བརྩེ་སེམས་དེ་ནི་ཅི་འདྲའི་སྟོབས་དང་ལྡན་པ་ཞིག་ཡིན་པ་གསལ་བོར་ཚོར་བྱུང་།
བླ་མེད་ཀྱི་བརྩེ་སེམས།
ཡོང་ཁུངས། : མཚོ་སྔོན་པོ་དྲ་བ། སྤེལ་དུས། : 2022-03-18
མཉམ་སྤྱོད །