སྤྱིར་འཇིག་རྟེན་མི་ཡི་འགྲོ་ལུགས་ལྟར། འཇིག་རྟེན་ཟེར་བ་འདི་ན་བདུད་འདྲེ་ཟེར་བ་ཞིག་སྔར་ཡོད་མ་མྱོང་ལ། ཕྱིན་ཆད་ཀྱང་ཡོད་མི་སྲིད་པས་དེ་ནི་ཁུངས་མེད་འཆལ་གཏམ་ཞིག་ཡིན་པ་དེ་བདག་གིས་ལོས་ཤེས། འོན་ཀྱང་འཇིག་རྟེན་ཟེར་བ་འདི་ན་རླབས་ཆེན་གྱི་ཨ་མ་ཟེར་བ་ཞིག་སྔར་ཡོད་མྱོང་བར་མ་ཟད། ཕྱིན་ཆད་ཀྱང་ཡོད་སྲིད་པ་ནི་དྲི་བ་བརྒྱ་ཕྲག་གི་རྗེས་སུ་བྱུང་བའི་བདེན་དྲང་གི་གཏམ་ཞིག་ཡིན་པ་ང་ཚོས་གསལ་བོར་རྟོགས་ཡོད། རེད་ཡ། ད་དུང་ཨ་མ་ཟེར་བའི་མི་དེའི་བྱམས་བརྩེ་ཡི་གཟི་འོད་འཛམ་གླིང་གི་གཙུག་ན་འཚེར་བས་བྱིས་པ་ཚོའི་སེམས་ཁོང་དུ་འཕྲོས་ཡོད་པ་ཁོ་ཐག་ཡིན།
མི་ལོ་བཅུ་བཞི་ཡི་ཡར་སྔོན་ང་ནི་མུག་ནག་དང་སྡུག་བསྔལ་གྱིས་མནར་བའི་རྣམ་ཤེས་འཁྱམས་པོ་ཞིག་ཡིན་པ་དང་། སྐྲག་སྣང་དང་འཇིགས་སྣང་གིས་ཁེངས་པའི་སྟེས་དབང་གི་དུས་དེ་ལ་ཁྱེད་དང་འུ་གཉིས་ཀྱི་བར་ལ་བརྩེ་དུང་གི་ས་བོན་འཁྲུངས་ཤིང་། བྱམས་བརྩེ་ཡི་མྱུ་གུ་འབུས་མགོ་བརྩམས་ནས་ཟླ་དགུ་དང་ཞག་བཅུ་ཡི་རིང་ལ། ང་རང་ཆེས་དྲོ་ཞིང་སྐྱིད་པའི་ཁང་མིག་གྲུ་བཞི་ལྟ་བུའི་ཨ་མའི་མངལ་དུ་སྦྲུམ་ནས་བསྡད། དེའི་རྗེས་ང་རང་མདོ་སྨད་ཨ་མདོའི་ཕྱོགས་ཀྱི་ཕ་ཡུལ་ཁྲི་སྡེ་ཕྱུག་མོར་མགྲོན་དུ་ཕེབས་པ་ཡིན། ཉིན་དེའི་ཉི་འོད་ནི་དེ་རིང་བཞིན་དྲོ་ཞིང་འཇམ་ལ། ཉིན་དེའི་ནམ་ཟླ་ནི་དེ་རིང་བཞིན་གསལ་ཞིང་གཡའ་དྭངས་པ་ཞིག་ཡིན་པ་དེ་ཁྱིམ་མི་གང་བོའི་གངས་དཀར་སེམས་ན་གསལ་ལྷང་ངེར་གནས་ཡོད་པ་བརྗོད་མི་དགོས་ལ། ཉིན་དེའི་ཨ་མའི་ཚོགས་བསགས་ཀྱི་ཉི་མ་ལས་འཁྲུངས་པའི་བྱམས་བརྩེ་ཡི་གཟི་འོད་དེ་དཔག་བསམ་ཤིང་དང་འདྲ་བར་མཐོ་བར་སྐྱེས་ཤིང་ཡལ་འདབ་ཀྱི་ཁོ་ལག་རབ་ཏུ་རྫོགས་པ་མིན་ན་ངའི་བགོ་སྐལ་ལ་བབས་པའི་མི་ལུས་རིན་ཆེན་འདི་ཅི་ལྟར་གནང་།
“ཨ་མ་མ་གཏོགས་མི་བྱམས་སེམས་ཅན་མི་ཤེས། ཐབ་ཀ་མ་གཏོགས་ས་དྲོད་ཁོལ་ཅན་མི་ཤེས།”ཟེར་བ་ནང་བཞིན། བུ་མོ་ང་ནི་ངུ་བ་མ་གཏོགས་ཅི་ཡང་བྱེད་མི་ཤེས་པའི་ཕྲུ་གུ་ཆུང་ཆུང་ཞིག་ནས་བཟུང་ཁྱེད་ཀྱིས་སྐུ་ལུས་དཀའ་ཚེགས་ལ་མ་འཛེམ་པར་བུ་མོ་ང་རང་དྲིན་གྱིས་བསྐྱངས་པ་ཡིན་ལ། མཐོ་གང་ནས་འདོམ་གང་དང་། ཤ་རྒྱ་མ་གང་ནས་རྒྱ་མ་བརྒྱ་རུ་བཏང་བ་ཡིན། ང་གོག་ནས་འགྲོ་དུས་མདུན་ཕྱོགས་སུ་ལངས་པའི་མི་ནི་ཁྱེད་རང་ཡིན་ལ། གོམ་པས་ལམ་མ་ནོན་པར་ཐང་ལ་འགྱེལ་དུས་འཚབ་འཚུབ་སྒོས་ཡར་སློང་མཁན་དང་ང་རང་ལ་སྤོབས་པ་དང་ཡིད་ཆེས་སྟེར་མཁན་ཡང་ཁྱེད་རང་ཡིན། ཁྱེད་མེད་ན་ང་ནི་ཉམས་ཆུང་གི་ཚེ་སྲོག་སྡར་མ་ཞིག་ཀྱང་ཡིན།
མ་ཡུམ་སློབ་གྲྭ་ལ་འགྲིམ་དུས་སུ། གལ་སྲིད་ཕམ་ཁ་བྱུང་ཚེ་རྒྱབ་ཕྱོགས་སུ་ལངས་ནས་ཡིད་ཆེས་དང་། སྤོབས་པ་གནང་བ་དང་རེ་འདུན་གྱི་ཕྱོགས་སུ་བསྐྱོད་པར་རེ་བ་དང་སྟོབས་ཤུགས་གནང་མཁན་ནི་ནམ་ཡང་ཁྱེད་གཅིག་པུ་ལས་མེད། ཁྱེད་ཀྱི་སེན་མགོ་ཁྲག་དང་སེན་རྟིང་རྣག་བྱས་ནས་ང་ལ་སློབ་དངུལ་གསོག་མཁན་ཡང་ཁྱེད་ཡིན་ལ། ཁྱིམ་ཚང་གི་འགན་འཁུར་ཕྲག་དུ་ལྷུང་རུང་ངེད་མིང་སྲིང་དག་བྱམས་ཀྱིས་བསྐྱངས་ལ་འཛུམ་གྱིས་གཉོར་མཁན་ཡང་ཁྱེད་ཡིན། ངེད་ཅག་ལ་མཚོན་ན་མི་ཚེ་གཅིག་དང་ཉིན་མཚན་གཅིག ཐ་ན་ཆུ་ཚོད་གཅིག་རེ་དང་སྐར་མ་རེ། ཡང་ན་སྐར་ཆ་གཅིག་ལའང་ཁྱེད་མེད་མི་རུང་བས། ཨ་མ་ལགས། ཁྱེད་ནི་ངའི་མུན་པའི་འཇིག་རྟེན་ན་སྨག་རུམ་འཇོམས་པའི་ཤར་ཕྱོགས་སུ་འཕགས་པའི་རྟ་བདུན་དབང་བོ་ཡིན་ལ། ངའི་འཇིག་རྟེན་གྱི་རྐུན་ཇག་འཇོམས་པའི་དཔའ་རྒོད་ཤ་སྟག་དེ་ཡིན།
ཨ་མ་ལགས། ངེད་མིང་སྲིང་དག་ནི་ནར་སོན་པ་བསྟུན་ནས་བསམ་བློའི་གོ་རྟོགས་ལྡན་ལ། ཤེས་རིག་གི་ལམ་ཆེན་དུ་སྟོབས་ཀྱིས་མཆོངས་པའི་སྟག་ཕྲུག་ལྟ་བུར་གྱུར་ཡོད། དེ་བཞིན་མེད་མིང་སྲིང་དག་ནི་མ་ཡུམ་སློབ་གྲྭའི་སྒོ་འགྲམ་དུ་ལངས་པ་ནས་བཟུང་། ཤེས་རིག་གི་ཐང་ཆེན་དུ་བགྲོད་པའི་དཔའ་བོ་ཡིན་པ་རྟོགས་ཤིང་།ཨ་མ་ཁྱེད་ཀྱི་དྲིན་ལན་འཇལ་རྒྱུའི་རང་ཚུགས་བརྟན་པོ་དེ་སྙིང་གི་ཁོང་དང་རུས་པའི་རྐང་ལ་ཟུག་ཡོད་པ་ནི་རྡོ་བརྐོས་ཀྱི་རི་མོ་བཞིན་གསལ་ལྷང་ངེར་གནས་པས་ཁྱེད་ཀྱིས་སེམས་ཁྲལ་གནང་མི་དགོས། ངེད་མིང་སྲིང་དག་གིས་ཁྱེད་ཀྱིས་གནང་བའི་སྐད་ཆ་དག་སེམས་ལ་ཉར་ནས་མདུན་བསྐྱོད་ཀྱི་གོམ་པ་སྡོད་མ་མྱོང་ལ། མཐུན་སྒྲིལ་གྱི་དཔུང་རྡང་ལྷོད་མ་མྱོང་། ང་ཚོས་སློབ་སྦྱོང་ལ་འབད་པ་བྱས་ནས་ཁྱེད་ལ་དྲིན་ལན་འཇལ་བ་ཁོ་ཐག་ཡིན།
ཨ་མ་ལགས། ཁྱེད་ཀྱིས་ངེད་མིང་སྲིང་དག་ལ་གནང་བའི་བརྩེ་བ་ནི་གངས་དཀར་ཅོད་པན་བཏགས་པའི་ལྷུན་པོ་ལས་དཔངས་མཐོ་ཞིང་། དུང་བ་ཉ་སྲམ་འཁོར་བའི་རྒྱ་མཚོ་ལས་ཀྱང་གཏིང་ཟབ་པས། བུ་མོ་ང་ལ་མཚོན་ན་ཨ་མ་ཁྱེད་ནི་གཡུ་དང་བྱུ་རུ་ལས་དཀོན་པའི་རིན་ཆེན་བེེཌྼྱ་གཅིག་པུ་ཡིན་ལ། འཛམ་གླིང་ཡང་རྩེ་ན་ཤར་བའི་གསེར་གྱི་སྐར་ཆེན་དེ་ཡིན།
ང་རང་དྲིན་གྱིས་བསྐྱངས་པའི་ཨ་མ།
ཡོང་ཁུངས། : མཚོ་སྔོན་པོ་དྲ་བ། སྤེལ་དུས། : 2022-03-18
མཉམ་སྤྱོད །