ཨ་མ་ནི་ང་ཚོ་ལ་མི་ལུས་རིན་ཆེན་གནང་མཁན་ཡིན། ཨ་མ་ཡོད་པ་ནི་སྐྱེ་བོ་ཚང་མས་བསོད་ནམས་ཤིག་ཏུ་བརྩི་བ་རེད། འཇིག་རྟེན་གྱི་སྐྱེ་བོ་ཚང་མར་ཨ་མ་རེ་ཡོད། ང་ལའང་ཨ་མ་བྱམས་བརྩེ་ལྡན་པ་ཞིག་ཡོད། མོའི་མིང་ལ་སྙིང་མོ་ཅོག་འབོད། མོ་ད་ལོ་ལོ་སོ་གཅིག་ཡིན། མོའི་ངོ་གདོང་ནི་ཅུང་ཙམ་ནག་ལ་དེ་འདྲ་ནག་རྒྱུའང་མེད། མོའི་ནག་ཅིང་སྟུག་པོའི་སྨིན་མ་གཉིས་ཀྱི་འོག་ན་ཐོ་རེངས་སྐར་ཆེན་ཅན་གྱི་མིག་ཟུང་གཉིས་ཡོད། མོའི་སྐྲ་ནག་པ་ནི་ཀྲེ་ནག་ཅིག་དང་མཚུངས། གཟུགས་ལུས་ཚིགས་དྲུག་སྨྱུག་མ་དང་འདྲ་བ་ཡོད་པས། ཁོ་མོ་ནི་ངེད་ཚང་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་ཁྱིམ་འཛིན་མ་ཞིག་ཡིན།
ཉིན་ཞིག་ལ། ཨ་མ་ངེད་སློབ་གྲྭར་ང་དང་ཨ་ཅེ། ནུ་མོ་གསུམ་ལ་སྐོར་རྒྱག་ཏུ་ཐོན་འདུག ངས་ཨ་མར་ང་ལ་འབྲི་དེབ་གཅིག་མ་གཏོཊ་ཅི་ཡང་མི་དགོས་པར་བཤད། ཨ་མས་འབྲི་དེབ་ཉོས་ནས་ཕྱིར་ཡོང་དུས། ང་ཚོའི་སློབ་མ་ཞིག་གིས་ཁྱིམ་བདག་ལ་ཞ་སྨྱུག་བཞི་དང་ལྕགས་སྨྱུག་ཅིག་ཉོ་རོགས་ཟེར་བས། ཁྱིམ་བདག་དེས་བྱིས་པར་ང་ལ་སྒོར་མོ་མང་པོ་མེད་པས་རྗེས་སུ་ཉོ་ཞེས་བཤད་སོང་། ཨ་མས་སྐད་ཆ་དེ་ཐོས་མ་ཐག ཨ་མས་སློབ་གྲོགས་དེ་ལ་གྲོགས་པོ་ཆུང་ཆུང་ལགས། ཁྱོད་ཀྱི་སེམས་མ་ཕམ་དང་ཅི་དགོས་ངས་ཁྱོད་ལ་ཉོ་ངེས་ཡིན་ཟེར་ཞོར་དུ་ཚོང་ཁང་དུ་རྒྱུགས་ནས་ཉོས་ཡོང་སྟེ་བྱིན། སློབ་གྲོགས་དེས་བཀའ་དྲིན་ཞུས་ནས་ཨ་མར་ངེད་ཚང་ལ་རྒྱུ་ནོར་དེ་འདྲ་མེད་པས་ཁྱོད་ལ་སྤྱིན་ཚབ་སྤྲོད་མི་ཐུབ་ལ། ངའི་ཨ་ཕས་ང་རྒྱུན་དུ་སློབ་གྲྭར་འགྲོ་སྐབས་སྒོར་མོ་ཅི་ཡང་མི་སྟེར་ལ་ཐ་ན་སློབ་སྦྱོང་གི་ཡོ་བྱད་ཡང་ཉོ་མི་ཐུབ་པ་ཡིན་ཞེས་བཤད་པ་ཐོས་པ་ན། ཨ་མ་ཡང་བསྐྱར་ཚོང་ཁང་དུ་བརྒྱུགས་ནས་ཁོ་ལ་སློབ་སྦྱོང་གི་ཡོ་བྱད་མང་པོ་ཉོས་ཏེ་སྟེར་སྐབས་སློབ་གྲོགས་དེས་ཅི་ཞིག་བཤད་དགོས་པའང་མི་ཤེས་པར་རང་དབང་མེད་པར་ཁ་ནས་ཨ་ནེ་ལགས། ང་ལ་འདི་འདྲ་མང་པོ་ཞིག་མི་དགོས་ཞེས་བཤད་པ་ན། ཨ་མས་དེ་མ་ཐག་ཏུ་ཁྱོད་ཀྱིས་འཛེམ་དོགས་མ་བྱེད་ཟེར་བཞིན་ལག་ཏུ་བཞག དེ་ནས་སློབ་གྲོགས་དེའི་སེམས་དགའ་བས་མྱོས་ཏེ་ཨ་མར་ཡང་ཡང་བཀའ་དྲིན་ཞུས་ཤིང་། ཨ་མས་ཀྱང་གདོང་ལ་འཛུམ་མདངས་ཀྱིས་ཕྱུག་ནས་ལག་པ་གཡུག་ཞོར་དུ་སློབ་གྲྭ་དང་ཁ་བྲལ་སོང་། ན་ནིང་དགུན་ཚུགས་པ་ན། ནམ་ཟླ་ཧ་ཅང་འཁྱགས་པས། ཨ་མས་ནུ་བོ་དང་ངེད་གཉིས་ཀྱིས་སློབ་གྲྭ་རུ་གྲང་སྡུག་མྱོང་བར་དོགས་ནས། དགུན་ལྷམ་དང་དགུན་ལྭ་བཟོས། མཚམས་རེར་ང་རང་གཉིད་ཐུན་གཅིག་ལོག་ནས་སད་དུས། ཨ་མས་ད་དུང་སྒྲོན་མེ་འོག་ཏུ་ལྭ་བ་འཚེམ་བཞིན་ཡོད། ཡིན་ན་ཡང་། མོའི་གདོང་ལ་ཐང་ཆད་པའི་སྣང་བ་སྤུ་ཙམ་མེད། ཉི་མ་འགའ་འགོར་བ་ན་མོས་དགུན་ལྷམ་ཆ་གཉིས་དང་དགུན་ལྭ་ཆ་ཚང་གཉིས་བཟོས་ཚར་ཡོད། ཕྱི་ཉིན་ནུ་བོ་དང་ངེད་གཉིས་ཀྱིས་དགུན་ལྷམ་དང་དགུན་ལྭ་གསར་བ་གྱོན་ནས་སློབ་གྲྭར་སོང་བ་ན། ག་ས་གང་དུ་སོང་ཡང་གྲངརེག་གི་ཚོར་བ་ཅུང་ཙམ་ཡང་མེད། འདི་ལྟར་ཉི་མ་རེ་རེ་བཞིན་ཕར་ལ་འདས་སོང་།
ཨ་མ་ལགས། ཁྱེད་ངའི་སེམས་ཁུང་གི་ཆེས་མཛེས་པའི་ཨ་མ་དེ་ཡིན། ཆེས་བྱམས་བརྩེ་ལྡན་པའི་ཨ་མ་དེ་ཡིན། ཨ་མ་ལགས། ཁྱེད་ཀྱི་དྲིན་ལན་བུ་མོ་ངས་འཇལ་དཀའ་རུང་། ངས་མུ་མཐུད་དུ་སློབ་སྦྱོང་ལ་འབད་པ་ལྷོད་མེད་བྱས་ཏེ། རང་གི་ཕུགས་འདུན་དྲོན་མོ་མངོན་འགྱུར་བྱས་ནས་ཁྱེད་ལ་ལྷག་བསམ་རྣམ་དག་གིས་དྲིན་ལན་འཇལ་རྒྱུ་ནི་བུ་མོ་ངའི་མཐའ་མཇུག་གི་རེ་བ་ཉག་གཅིག་དེ་ཡིན།
ངའི་ཨ་མ།
ཡོང་ཁུངས། : མཚོ་སྔོན་པོ་དྲ་བ། སྤེལ་དུས། : 2022-03-18
མཉམ་སྤྱོད །