ཕུགས་བསམ་གྱི་འདུན་མ་གཤོག་རྩེ་རུ་བཏེགས་ཏེ་ཤེས་བྱའི་སྐྱེད་ཚལ་དུ་ཆས་པ་ནས་བཟུང་། སློབ་དཔོན་དམ་པའི་ཕྱོགས་སྟོན་དང་མཛུབ་ཁྲིད་འོག་ཏུ་ལང་ཚོ་ཡི་འདབ་མ་ལྷུག་པོར་གྲོལ་ལ། སྤྱོད་པའི་ཞིང་ས་རུ་ལོ་ཏོག་གི་སྙེ་མ་དུད་དེ་གནས། དེ་བས། སློབ་དཔོན་གྱི་ལྷག་བསམ་དང་བཀའ་དྲིན་བརྗོད་ཀྱིས་མི་ལང་།
དགེ་རྒན་རྣམས་ཀྱིས་མི་ཚེའི་ཕྱེད་ཀ་སྒོ་སམ་དང་ས་སྨྱུག་ལ་བཅོལ་ཏེ། རང་གི་ལང་ཚོར་ཕངས་པ་མེད་པར་དུམ་བུ་དུམ་བུར་བཅག་ནས། སློབ་མ་ཚོའི་ཀོ་གྱོང་ལྟ་བུའི་གཤིས་སྤྱོད་ཀྱི་ས་ཞིང་དུ་སློབ་གསོའི་བསིལ་ཆར་སིམ་སིམ་གཏོར་ཞིང་། ཁྲིད་སྟེགས་གྲུ་བཞི་མའི་ཐོག་ནས་བརྩོན་འགྲུས་ཀྱི་སྟོབས་བསྐྱེད་དེ། རང་རྒྱུད་ཀྱི་ཤེས་བྱ་ཐམས་ཅད་བུམ་པ་གང་བྱོའི་ཚུལ་གྱིས་སློབ་བུ་དག་གི་རྒྱུད་ལ་འབྱོར་དུ་བཅུག་ན་ཅི་མ་རུང་སྙམ་པའི་དྲི་མེད་ལྷ་རྫས་དཀར་པོའི་རང་བཞིན་དང་འགྲན་པའི་འདུན་པ་ཞིག་དང་། རི་བོ་ཧི་མ་ལའི་དཔངས་དང་མཉམ་པའི་རེ་བ་ཞིག་ཡ་ཆུང་སེམས་ཀྱི་གཏིང་དུ་འཆང་ནས་རང་གི་ནུས་ཤུགས་ཡོད་དགུ་རྩལ་སྤྲུགས།
དགེ་རྒན་རྣམས་ཀྱི་དྭངས་གསལ་གཙང་ཆུ་ལྟ་བའི་གདོང་གི་གཉེར་མ་རེ་རེ་ནི། སློབ་བུ་ཚོའི་ལྗང་མདོག་གི་ལང་ཚོ་བདེ་ཐང་སྐྱོན་བྲལ་ངང་འཚར་ལོངས་འབྱུང་ཆེད་དུ་བཀོད་པའི་འཆར་གཞི་རེ་རེ་དང་། སེམས་ཁྲལ་རེ་རེ། དགའ་སྐྱོ་ཆགས་སྡང་གི་ཚོར་བ་རེ་རེས་བརྐོས་པའི་རྗེས་ཤུལ་ཟབ་མོ་དེ་ཡིན་ཞིང་། སྐྲ་དཀར་གྱི་ཉག་མ་རེ་རེ་ནི་སློབ་མ་ཚོའི་ཆེད་དུ་ཉིན་མོའི་ཟས་བརྗེད་ཅིང་མཚན་མོའི་གཉིད་ཆག་སྟེ་སྲོག་བསྡོས་ཀྱིས་ཧུར་བརྩོན་བྱས་པའི་དན་རྟགས་ཡིན།
སློབ་གྲོགས་ཚོ། ཁྱེད་ཅག་གིས་རྣ་བ་བླགས་ནས་སློབ་ཁྲིད་ལ་ཉོན་དང་། དགེ་རྒན་གྱིས་འཆད་བཞིན་པའི་སྒྲ་དག་སྒྲོས་གཙང་གི་སྐད་ཆ་ཚིག་དུམ་རེ་རེ་ནི་ཁོང་ཉིད་ཀྱི་སེམས་ཁོང་ནས་འཕོས་པའི་སྙིང་གཏམ་གྱི་དྭངས་མ་དང་། ལྷད་མེད་ཀྱི་ལྷག་བསམ། ཅི་འདྲའི་ཤ་ཚ་ཞིང་སྙིང་ཉེ་བའི་གདམས་ངག་ཡང་དག་ཅིག ཁྱོད་ཚོས་ལྟོས་དང་། དགེ་རྒན་གྱིས་སྨིན་མ་ཕྱོགས་གཅིག་ཏུ་བསྡུས་པའི་རྣམ་འགྱུར་དང་། ཁྲིད་སྟེགས་སུ་འགྲེངས་བའི་ཚུགས་ཀ ས་སྨྱུག་རེ་རེས་སྒོ་སམ་ཐོག་ཏུ་གང་ཞིག་ཤུགས་ཀྱིས་འབྲི་བའི་ཉམས་ལ་སོམས་དང་། ཁོང་ཚོ་ནི་ཅི་འདྲའི་གཟབ་ནན་དང་འགན་ཁྲི་བཞེས་པའི་འདུ་ཤེས་ཟབ་མོ་ཞིག་གིས་སེམས་རྒྱུད་དུ་ཁེངས་ཡོད་ཨང་པའི་སྣང་བ་སྐྱེ་འོང་། དགེ་རྒན་གྱི་སྐྱོ་ཉམས་ཀྱིས་ཁེངས་པའི་ངོ་གདོང་དང་། རེ་ལྟོས་ཀྱིས་ཁེངས་བའི་མིག་ཟུང་ལ་ལྟོས་དང་། དེའི་ཁྲོད་དུ་ཅི་བྱ་གཏོལ་མེད་ཀྱི་སྡུག་བསྔལ་དང་། ངལ་བ་འབྲས་མེད་ཀྱི་རེ་ཆད། བློས་གཏོང་མི་འདོད་པའི་འཁྲེང་སེམས་ཅི་རིགས་ངང་ངམ་ཤུགས་ཀྱིས་མངོན་འདུག་ཨང་།
སྙིང་རྗེ་ཅན་གྱི་རྒན་པོ་དེས་གྲང་ནས་ཤི་ལ་ཁད་ཡིན་པའི་དུག་སྦྲུལ་དེ་རུམ་དུ་བཅུག་པ་ཡང་། ཁོང་གིས་སྦྲུལ་ལ་དུག་ཡོད་པ་མ་ཤེས་པའང་མིན་ཏེ། རྒྱུ་མཚན་ཁོང་གི་ཤ་དང་རུས་པའི་བར་ན་བྱམས་བརྩེ་ལུད་ཅིང་ཟགས་པས། བལྟས་བལྟས་རིག་རིག་ལ་ཚེ་སྲོག་གསོན་པོ་ཞིག་ལ་ཉིས་ཤད་བཀོད་པར་སེམས་ཀྱིས་མ་ལོངས་བ་དང་སྙིང་གིས་མ་བཟོད་པས་རེད། དེས་ན། དགེ་རྒན་གྱིས་གཟབ་ནན་གྱི་སློབ་ཁྲིད་དང་། སུན་སྣང་མེད་པའི་ཟུར་ཁྲིད། ངང་རྒྱུད་རིང་བོའི་སློབ་གསོ། རང་ནུས་ཅི་ལྕོག་གིས་ལས་བྱ་སོགས་ལ་ཞིབ་བཤེར་སོགས་བྱེད་པའང་ཁོང་གི་སེམས་ཁོང་དུ་འགན་འཁྲི་དང་། ལྷག་བསམ། སྙིང་རྗེ་དང་། བརྩེ་བས་གཏམས་ཡོད་པས་རེད།
ངས་མགྲིན་པ་གཟེངས་སུ་བཏེགས་ནས་དགེ་རྒན་ནི་སྐྱེ་བོ་ཀུན་ལས་མཆོག་ཅེས་སྨྲ་བར་འདོད་ཅིང་། སོར་བཅུའི་ཐལ་མོ་སྙིང་གར་སྦྱར་ནས་འཇིག་རྟེན་གྱི་དགེ་རྒན་ཡོངས་ལ་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག་ཏུ། སློབ་བུ་ངས་ཀྱང་དགེ་རྒན་གྱི་བཀའ་སློབ་སེམས་ལ་བཟུང་ནས་རིག་གནས་ཤེས་བྱ་ཀུན་ལ་བརྩོན་པས་སྦྱངས་ཏེ། མ་འོངས་པར་འཇོན་ཐང་ཅན་གྱི་མི་ཞིག་ཏུ་འགྱུར་བར་ཁས་འཆེ་རྒྱུ་ཡིན།