སྔོ་བསངས་ནམ་མཁའི་འོག་ན་དག་ཞིང་ལྟ་བུར་གནས་བའི་ངའི་སེམས་ཀྱི་ཕ་ཡུལ། མཛེས་སྡུག་ཡིད་དབང་རབ་ཏུ་འཕྲོག་པའི་ནོར་འཛིན་གྱི་གཞི་ལ་སའི་ཀ་བཞི་གདུང་རྒྱུད་ཚང་བའི་བཀྲ་ཤིས་ཕུན་ཚོགས་ཀྱིས་མངོན་པར་གང་བའི་གཞི་མ། དྭངས་གཙང་རྫ་ཆུ་བསིལ་མའི་གླུ་སྐད་ཀྱི་སྙན་པ་རྫོགས་ཤིང་ཕྱོགས་བཞིར་མེ་ཏོག་སྣ་བརྒྱའི་འདབ་སྟོང་གྲོལ་ལ། དྲི་བཟང་སྨན་གྱི་ལྗོན་པས་ཡོངས་སུ་བཀླུབས་པའི་རིན་ཆེན་གཏེར་གྱི་ཐང་མ་ནི། གནམ་འོག་མཛོད་ལ་འགྲན་པའི་དག་ཞིང་ལྟ་བུར་གནས་པའི་བདག་གི་ཕ་ཡུལ་ཡིན།
ཞོགས་པའི་སྐྱ་རེངས་མཐའ་མ་རྒྱང་རིང་རི་རྩེ་ནས་འཛུམ་དུས། གསོམ་དཀར་འོ་ཟོ་ལག་ལ་ཐོགས་ཅིང་དགོ་དགོ་གླུ་དབྱངས་སྙན་འཇེབས་ངག་ལ་བཏང་ནས་གནག་ཕྱུག་འབྲི་མོའི་འོ་མ་ཤག་ཤག་ཏུ་འཇོ་བའི་ཞི་འཇམ་ངང་རྒྱུད་ཞིག་གི་ལས་དབང་ཝ་ལེར་དྲན། གསེར་མདོག་ལི་ཁྲིའི་སྟོབས་ཤུགས་རིང་མོ་མཐའ་མེད་རྩྭ་ཐང་ལ་འཐེན་དུས། ནག་མོ་ནོར་གྱི་ངུར་སྒྲ་དང་འདོ་རིགས་རྟ་ཕོའི་འཚེར་སྒྲ། གཡང་དཀར་ལུག་ཁྱུའི་འབའ་སྒྲས་མཐའ་མེད་པའི་རྩྭ་ཐང་གི་དབེན་པ་ཡོངས་སུ་དཀྲོགས་པས། སྐྱེ་དགུའི་ཡིད་དབང་འཕྲོག་པའི་རམ་འདེགས་རོལ་མོ་ཞིག་གི་ཟླ་བོར་གྲུབ།
ཕ་གའི་སྦྲ་མཐའ་རུ་བཏགས་པའི་སྒོ་ཁྱི་དེ་ཡིས་ཞོགས་ཇ་སྐོལ་བའི་དུད་ཁྱིམ་དེའི་དུད་ཞགས་ཀྱི་འགྱུར་བག་ལ་ལྟ་བཞིན་ལོ་ངོ་ཁྲི་སྟོང་ལ་བསམ་གཞིག་བོར་བ་དང་གཉིས་སུ་མེད་ཅིང་། དྲོད་འཇམ་གྱི་ཉི་འོད་ས་གཞི་ལ་འཕྲོས་པའི་སྦྲ་མཐའ་ན་སྨྲ་ར་བྱིལ་བྱིལ་བྱེད་པའི་ཨ་ཕྱི་རྒན་མོས།གནའ་བོའི་ལོ་རྒྱུས་དང་སྒྲུང་གཏམ་མང་བོ་བཤད་པའི་ངང་ཚུལ་ནི་ཅི་འདྲའི་སྤྲོ་སྣང་ལྡན་པ་ཞིག་རེད་ཨང་། ད་དུང་མེ་ཏོག་སྣ་བརྒྱའི་ཚོམ་བུས་ས་གཞི་ཡོངས་སུ་བཀླུབས་པའི་རྫ་འདབས་དེ་ན་ནོར་ནག་གི་རྗེས་སུ་སྙེགས་པའི་རྫི་བོ་གཞོན་ནུའི་གླིང་བུའི་སྐད་སྒྲ་ནི་རྒྱང་རིང་གི་འབོད་སྒྲ་ཞིག་ཅི་ལ་མིན།
བདག་གི་ཕ་ཡུལ་གྱི་ལོ་ངོ་སྟོང་ཕྲག་དུ་མའི་ཤེས་རིག་གི་བམ་ཁ་མཐུག་པོའི་ལོ་རྒྱུས་ཀྱི་གླེགས་བམ་དགུང་ལ་ཟུག་ཅིང་། མི་རབས་དགུ་བརྒྱུད་ཀྱི་ལས་རླུང་མངོན་པར་མཐོ་བའི་དབང་ཐང་འབྲུག་རིས་གསལ། སྣོད་ཀྱི་འཇིག་རྟེན་མཛེས་ལ་བཅུད་ཀྱི་སེམས་ཅན་བདེ་བའི་དག་ཞིང་ལྟ་བུའི་བདག་གི་ཕ་ཡུལ་ནི། ཆུང་དུས་ཕུགས་འདུན་གྱི་རྩེད་ར་བསྒྲིགས་ས་དང་རྒས་དུས་འཁྲེང་ཞེན་གྱི་མིག་གི་གཤོག་སྣེ་ཐོགས་ས་ཡིན། ཕ་ཡུལ་ལགས་ཡུན་དུ་བརྟན་པར་ཤོག །