ཕ་མ་གཉིས་ནི་སེམས་ཀྱི་ཡོད་ཚད་ཡིན།
བརྒྱད་བཞི་འཛིན་གྲྭ། དར་བཟའ་ལྷ་མོ།
མཛུབ་སྟོན་དགེ་རྒན། གདུགས་དཀར་འབུམ།
ངའི་དྲིན་ཆེན་གྱི་ཕ་ལོ་མ་ལོ་གཉིས་ནི་ང་རང་འཇིག་རྟེན་འདིར་ཡོང་ནས་ཆེས་ཤ་ཉེ་བའི་མི་གཉིས་ཡིན་པས་ཁོང་གཉིས་ནི་ངའི་སེམས་ཀྱི་སྒྲོན་མེ་ཡིན། ང་རང་འཇིག་རྟེན་འདིར་ཡོང་ནས་མི་ལུས་རིན་པོ་ཆེ་ཞིག་ཐོབ་པ་ནི་ཕ་མའི་དྲིན་ཡིན། ང་རང་སྐྱེས་མ་ཐག་ནས་ད་ལྟའི་བར་དུ་ཕ་མ་གཉིས་ཀྱིས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་ང་རང་གཉོར་སྐྱོང་བྱས་ཏེ་གཉོམ་ལག་རྒྱས་སུ་བཅུག་པས་ཕ་མ་ནི་ངའི་སེམས་སྒྲོན་མེ་དེ་ཡིན་ལ་ཕ་མའི་དྲིན་ལན་ནམ་ཡང་མཇལ་དཀའ། ཕ་མས་ནམ་ཡང་ང་རང་བྱིས་པ་བསམ་མེད་ཅིག་ཏུ་བཟུང་ནས་རིག་གནས་སློབ་གསོ་ཡི་གལ་ཆེན་རང་བཞིན་དང་འཚོ་བའི་དཀའ་སྡུག་སོགས་སྐུལ་མའི་ཚུལ་དུ་ཡང་ནས་ཡང་དུ་བཤད་མྱོང་པར་མ་ཟད། ང་རང་སློབ་གྲྭ་ཆེན་ལ་འགྲིམ་ཐུབ་པའི་རེ་བའང་བཅངས་ཡོད་པས་ངས་ཕ་མའི་སློབ་གསོ་སེམས་ལ་བཟུང་ནས་སློབ་སྦྱོང་བཟང་བོ་བྱས་པ་ཡིན། དེ་བས་ཕ་མའི་རེ་བ་ནི་ང་རང་མདུད་དུ་བསྐྱོད་པའི་སྟོབས་ཤུགས་ཤིག་ཅི་ལ་མིན།བརྒྱད་བཞི་འཛིན་གྲྭ། དར་བཟའ་ལྷ་མོ།
མཛུབ་སྟོན་དགེ་རྒན། གདུགས་དཀར་འབུམ།
ཕ་མ་གཉིས་ཀྱིས་ང་རང་ནམ་ཡང་སེམས་ལ་བཟུང་ཡོད་ལ་ངའི་སེམས་ཀྱི་ཡོད་ཚད་མི་ཚེ་བགྲོད་ལམ་ལ་རག་མ་ལས་པར་ངའི་ཕ་མ་གཉིས་ལ་རག་ལས། ངའི་ཕ་མའི་གཟུགས་རུས་དྲན་པའི་སྐད་ཅིག་དེ་ལ་ཕ་མ་ཡི་སྐྲ་ལོ་ནག་པོ་ནས་དཀར་བོར་འགྱུར་བཞིན་ཡོད་ལ། དུས་ཚོད་ཀྱི་འགྲོས་དང་བསྟུན་གདོང་གི་གཉེར་མའང་གཡའ་མའི་བང་རིམ་དང་འདྲ་བར་ཇེ་མང་དུ་འགྲོ་བཞིན་ཡོད་པས་ད་ནི་ཕ་མ་གཉིས་རྒས་སོང་བ་ཤེས། སྐབས་སྐབས་སུ་ཁོང་གཉིས་སྨན་ཁང་ལ་འགྲོ་དགོས་པ་བྱུང་ཚེ་ངའི་སྙིང་ནི་ལུ་གུ་ལྡིང་བ་བཞིན་འཚབ་ནས་ཁ་ནང་ལའང་ཐོན་ལ་བྱེད། སྐྱེ་རྒ་ན་འཆི་ནི་འཇིག་རྟེན་གྱི་ཆོས་ཉིད་ཡིན་ཡང་ནམ་ཞིག་ཕ་མ་གཉིས་ང་རང་དང་བྲལ་དགོས་བྱུང་ཚེ་དེའི་སྐྱོ་གདུང་དེ་སུ་ཡིས་ཚོར།
ཕ་མ་གཉིས་ནི་ངའི་ཡོད་ཚད་ཡིན་པས་རང་དང་མཉམ་དུ་བདེ་སྐྱིད་ཀྱི་འཚོ་བ་རོལ་ཐུབ་པ་དང་། གཟུགས་གཞི་བདེ་ཐང་། ནད་མེད་ཚེ་རིང་ཡོང་བའི་སྨོན་ལམ་འདེབས།
སློབ་མ་དར་བཟའ་ལྷ་མོ།
ཁ་བ་ཕྱགས་པ།
བདུན་བཞི་འཛིན་གྲྭ། སྐལ་བཟང་ཆོས་སྒྲོན།
མཛུབ་སྟོན་དགེ་རྒན། ནོར་བུ་རྒྱལ་མཚན།
གྲང་ངར་ཤིན་ཏུ་ཆེ་བའི་དགུན་ཁ་སླེབས་བྱུང་། ཁ་བ་ཡང་ཁོ་མོའི་རེ་འདོད་བཞིན་ཏུ་ཆེན་པོ་དང་སྟུག་པོ་ཞིག་བབས་བྱུང་། བདུན་བཞི་འཛིན་གྲྭ། སྐལ་བཟང་ཆོས་སྒྲོན།
མཛུབ་སྟོན་དགེ་རྒན། ནོར་བུ་རྒྱལ་མཚན།
ཉིན་དེའི་ཞོགས་པར་ང་མལ་ཁང་ནས་སློབ་ཁང་དུ་འགྲོ་སྐབས། འཛིན་བདག་གིས་ང་ཚོ་ཁོར་ཡུག་གི་ཁ་བ་ཕྱག་ཏུ་འགྲོ་རུ་བཅུག། ང་ཚོས་ཕྱགས་མ་དང་ལྕགས་ཁེམ་བཟུང་སྟེ་ཁ་བ་ཕྱག་ཏུ་སོང་། ང་ཚོའི་ཁོར་ཡུག་ལ་ཁ་བ་ཆེན་པོ་བབས་འདུག་པས། མིའང་འགྲོ་དཀའ་བའི་ཚད་ལ་སླེབས་འདུག
ང་ཚོས་ཁ་བ་འཕྱག་ཞོར་དུ་འགྲན་སྡུར་མང་པོ་བྱས། ང་ཚོའི་ཁོར་ཡུག་ནི་ལམ་ནང་ཡིན་པས་ང་ཚོས་མི་ཚང་མ་ཚོ་ཆུང་གཉིས་སུ་བགོས་ཤིང་ས་རྟགས་བརྒྱབ་ནས། ཚོ་ཆུང་གང་གིས་ཁ་བ་ཕྱགས་པ་གཙང་མ་ཡིན་པ་དང་ཚོ་ཆུང་གང་གིས་ཁ་བ་ཕྱགས་པ་མགྱོགས་པོ་ཡིན་པར་འགྲན་སྡུར་བྱས། དེ་ལས་མགྱོགས་པ་དང་གཙང་པའི་ཁྱད་ཆོས་གཉིས་ཀ་ལྡན་པའི་ཚོ་ཆུང་དེ་རྒྱལ་བ་ཡིན། དེར་ཁོ་ཚོའི་ཚོ་ཆུང་ན་སློབ་གྲོགས་ཞི་ལུ་མང་པས་ཁངས་ཕྱགས་ཚེ་ཁོ་ཚོ་ཅུང་ཟད་མགྱོགས་ནའང་གཙང་མིན་ཐད་ནས་ང་ཚོའི་ཚོ་ཆུང་ལ་བསྡུར་ཐབས་མེད། དེ་བས་ཐེངས་དེར་ང་ཚོ་འདྲ་མཉམ་ལྟ་བུར་གྱུར་སོང་།
ཁ་བ་བབས་པ་ཧ་ཅང་སྟུག་པས། ང་ཚོར་ཁ་བ་དེ་དག་ཕྱགས་ས་མེད་པར་གྱུར། དེ་ནས་ཡང་ང་ཚོས་ཁ་བ་མང་པོ་ལམ་གྱི་འགྲམ་གཉིས་སུ་སྤུངས་ཤིང་ཁངས་མི་བཟོས་ནས་འགྲན། ཚོ་ཆུང་དང་པོས་ལམ་གྱི་གཡས་ཕྱོགས་ནས་ཁངས་མི་བཟོས་པ་དང་། ཚོ་ཆུང་གཉིས་པས་ལམ་གྱི་གཡོན་ཕྱོགས་ནས་ཁངས་མི་བཟོས། དེ་ཡང་ཚོ་ཆུང་གང་གིས་བཟོས་པ་མཛེས་པ་དང་མགྱོགས་པོ་ཡིན་ཚེ་དེ་རྒྱལ་སོང་བ་ཡིན། ཐེངས་དེར་ཞི་མོ་མང་པའི་ང་ཚོའི་ཚོ་ཆུང་རྒྱལ་སོང་། ང་ཚོས་བཟོས་པའི་ཁངས་མི་དག་ཆེ་ཆུང་རན་ཞིང་གསོན་ཉམས་ལྡན་པས་ཡར་འགྲོ་དགེ་སློབ་རྣམས་ཀྱིས་ཡང་ཡང་བལྟ་ཞིང་བསྟོད་བསྔགས་བྱེད།
དེ་ནས་ཡང་ང་ཚོས་ཁ་བ་ཕྱག་མ་འདོད་པར་ཁངས་རྩེ་བྱས་པ་དང་། ཚོ་ཆུང་དང་པོས་ཚོ་ཆུང་གཉིས་པ་ལ་ཁ་བས་བརྒྱབ་པ་དང་ཚོ་ཆུང་གཉིས་པས་ཡང་ཚོ་ཆུང་དང་པོ་ལ་ཁ་བས་བརྒྱབ་ནས་རྩེས། འུར་ཟིང་ཤིན་ཏུ་ཆེ་ཞིང་འཁྲུགས་པས་ལམ་འགྲོ་དགེ་སློབ་ཚང་མ་ཡང་བྱོལ་ནས་འགྲོ་བ་ཡིན། མཐའ་མར་ང་ཚོས་ཁ་བ་ཕྱགས་ཚར་བའི་ལམ་ཐོག་ཏུ་སླར་ཡང་ཁ་བས་བཀང་འདུག། ང་ཚོས་གནས་སྟངས་དེར་བལྟས་ནས་འགྱོད་པ་དང་སེམས་སྡུག་ཅུང་ཟད་སྐྱེས་མོད། འོན་ཀྱང་དེ་ནི་ང་ཚོ་རང་གིས་བྱས་པ་ཡིན་པས་ང་ཚོས་མགྱོགས་པོའི་སྒོ་ནས་སླར་ཡང་ལམ་གྱི་ཁ་བ་དག་ངལ་མ་གསོས་པར་ཕྱགས་པ་ཡིན།
ང་ཚོས་ཁ་བ་ཕྱགས་ནས་ཕྱེད་ཀ་ཙམ་ལ་གཏུགས་དུས། འཛིན་བདག་གཟིགས་རྟོག་ལ་ཕེབས་པ་དང་ང་ཚོས་ཁ་བ་ཕྱགས་ནས་ཚར་མེད་པ་མཐོང་སོང་། ཁོང་གིས་ང་ཚོས་ཁ་བ་མ་ཕྱགས་པར་རྩེས་ནས་བསྡད་པ་མཁྱེན་ན་ཡང་། ང་ཚོ་ལ་སྡིགས་དམོད་མ་བྱས་པར་རང་ཉིད་དངོས་སུ་ཟབ་ཞུགས་གནང་ནས་ང་ཚོ་དང་མཉམ་དུ་ཁ་བ་ཕྱགས་ཚར་བར་བྱས། རྗེས་ནས་དགེ་རྒན་གྱིས་ང་ཚོ་ལ། སློབ་བུ་ཚོ། ཁྱེད་ཚོས་བྱ་བ་དང་ལས་ཀ་ཅི་ཞིག་སྒྲུབ་ཀྱང་དེ་དག་མཐའ་འཁྱོལ་བ་ཞིག་བསྒྲུབས་རྗེས་ད་གཟོད་རང་གིས་བྱེད་འདོད་པའི་བྱ་བ་སྒྲུབ་པ་དང་རྩེ་འདོད་པའི་རྩེད་མོ་རྩེས་ན་ཡག་པོ་ཡོད། དེ་མིན་ཁྱེད་ཚོས་དེ་རིང་ཁ་བ་ཕྱགས་པ་ལྟར་དོན་དག་རེ་བ་བཞིན་ཏུ་མི་འགྲུབ་པ་རེད་ཅེས་གསུངས་བྱུང་། དེ་ནས་བཟུང་ང་ཚོས་དགེ་རྒན་གྱིས་བཤད་པ་བཞིན་གཟབ་ནན་གྱིས་དུས་ཚོད་ལྟར་ལས་བྱ་བྲིས་པ་དང་། དུས་ཚོད་ལྟར་བྱ་བ་མང་པོ་བསྒྲུབས་པ་ཡིན།
སློབ་བུ་སྐལ་བཟང་ཆོས་སྒྲོན།
ཐུལ་དཀར་འབྲི་མོ།
བརྒྱད་ལྔ་འཛིན་གྲྭ། འཇིགས་བྱེད་འཚོ།
མཛུབ་སྟོན་དགེ་རྒན། རྟ་མགྲིན་རྒྱལ།
ཐུལ་དཀར་འབྲི་མོ་ནི་ང་ཚོའི་འབྲོག་པའི་ས་ཁུལ་གྱི་སྲོག་ཆགས་མེད་དུ་མི་རུང་བ་ཞིག་ཡིན་ལ། ང་ཚོ་འབྲོག་པའི་འཚོ་རྟེན་གཙོ་བོའང་དེ་ཡིན།བརྒྱད་ལྔ་འཛིན་གྲྭ། འཇིགས་བྱེད་འཚོ།
མཛུབ་སྟོན་དགེ་རྒན། རྟ་མགྲིན་རྒྱལ།
ཐུལ་དཀར་འབྲི་མོའི་ཕྱིའི་བཟོ་ལྟའི་སྟེང་ནས་བཤད་ན། རྩིད་པ་རིང་ཞིང་ཁུ་ལུ་མང་བ། སུག་བཞི་སྦོམ་ལ་ཅུང་ཐུང་བ། རྭ་རྟིང་སྦོམ་ཞིང་རྩེ་མོ་རྣོ་བ། ཤ་ཤེད་རྒྱས་སླ་ལ་སྟོབས་ཆེ་བའི་སྲོག་ཆགས་རྩ་ཆེན་ཞིག་ཡིན་ཞིང་། མཐོ་སྒང་གི་ནེའུ་གསིང་གཡུ་ཡི་མེ་ལོང་འདྲ་བའི་སྤང་ཐང་ན་འཚོ་བ་ཞིག་ཡིན།
ཐུལ་དཀར་འབྲི་མོས་འབྲོག་པའི་འཚོ་བ་ལ་འབུད་ལྕི་དང་བཟའ་བཏུང་། འགྲིམ་འགྲུལ་སོགས་ཕྱོགས་མང་པོ་ནས་མཐུན་རྐྱེན་གང་ལེགས་སྦྱར་ཡོད་དེ། དཔེར་ན། ནོར་གྱི་ལྕི་བས་ང་ཚོའི་ཐབ་ཏུ་མེ་ཡིས་མཐུན་རྐྱེན་སྦྱར་ཞིང་། དེའི་དུ་བ་ནི་ལུས་ཕུང་དང་མཁའ་དབུགས་ལ་མི་གནོད་པ་ཞིག་ཡིན། རྩིད་པ་དང་ཁུ་ལུ་ཡིས་རེ་ལྡེ་དང་སྦྲ་ནག་བཟོས་ཆོག་པར་མ་ཟད། སྒྱེ་མོ་སོགས་ཀྱང་བཟོས་ཆོག ཀོ་བས་ལྷམ་དང་ལ་བ་བཟོས་ཆོག་པར་མ་ཟད། འབྲེང་བ་དང་རྒྱུན་བུའང་བཟོས་ཆོག་པ་ཡིན། བཟའ་བཏུང་གི་སྐོར་ནས་བཤད་ན། བཅུད་ལྡན་གྱི་ཞོ་དང་འོ་མའི་རྒྱ་མཚོ་བསྐྱིལ་ཞིང་། མར་དང་ཕྱུར་བའི་རི་རབ་བརྩིགས་ཏེ་དགོས་འདོད་ཀྱི་དངོས་གྲུབ་བསྩལ་པ་ནི་འབྲི་མོའི་དྲིན་མ་ཡིན་ནམ། དེ་བས། ཐུལ་དཀར་འབྲི་མོ་ནི་ང་ཚོ་འབྲོག་པ་མང་ཚོགས་ཀྱི་འཚོ་རྟེན་མེད་དུ་མི་རུང་བ་ཞིག་ཡིན་ཟེར་དོན་ཡང་གནད་འདི་ལ་ཐུག་པའོ། །
ང་རང་ཆེས་དགའ་བ་དང་དུང་བ་ཡོད་པའི་སྲོག་ཆགས་ཀྱང་ཐུལ་དཀར་འབྲི་མོ་ཡིན་ཞིང་། འབྲི་མོར་རང་དང་འཚམ་པའི་ལུས་པོ་ཞིག་དང་གནག་ཅིང་རྣོ་བའི་རྭ་ཅོས་བརྒྱན་པར་བྱས་ཡོད། དེ་ལ་རང་ཁ་རང་གསོ་བྱེད་པའི་སྙིང་སྟོབས་ཤིག་ཡོད་དེ། ལུག་དང་འདྲ་བར་ནམ་ནམ་ཞར་ཞར་དུ་རྗེས་འདེད་མི་དགོས་པར་ལ་ལུང་གང་དུ་བསྐྱུར་ཀྱང་ཆོག བདག་ནི་ཐུལ་དཀར་འབྲི་མོའི་བདག་བས་གཞན་གཅེས་ཀྱི་ལྷག་བསམ་ལ་དེ་བས་ཀྱང་དགའ། ཐུལ་དཀར་འབྲི་མོས་ང་ཚོ་ལ་འོ་ཞོ་ཡི་རྒྱ་མཚོ་བསྐྱིལ་པར་མ་ཟད། རང་གི་ཤ་ཁྲག་ཀྱང་ཕངས་མེད་དུ་སྦྱིན་པ་ནི་བདག་བས་གཞན་གཅེས་ཀྱི་ལྷག་བསམ་མ་ཡིན་ནམ། དེ་བས། ང་ཚོས་དགོས་དུས་ཀྱི་རྡོ་རྗེ་དང་མི་དགོས་དུས་ཀྱི་གདོན་རྫས་བྱེད་མི་རུང་བར། དེ་ལ་གཅེས་སྤྲས་དང་འཚོ་སྐྱོང་བྱེད་དགོས།
སློབ་བུ་འཇིགས་བྱེད་འཚོ།
ཆུ་ཐིགས་ཙམ་ཡང་གྲོན་ཆུང་བྱ་དགོས།
བདུན་གཅིག་འཛིན་གྲྭ། ཀླུ་མོ་ཚེ་རིང་།
མཛུབ་སྟོན་དགེ་རྒན། དཔལ་བཟང་ཐར།
ང་ཚོས་ཤེས་གསལ་ལྟར། ཆུ་ནི་ཆེས་དཀོན་པའི་གདུང་བ་སེལ་བའི་བདུད་རྩི་དེ་ཡིན། འོན་ཀྱང་ང་ཚོས་ཁ་ནས་དེ་ལྟར་བརྗོད་ཀྱང་དོན་དུ་ཆུད་ཟོས་གཏོང་བཞིན་ཡོད་པ་མ་ཡིན་ནམ།བདུན་གཅིག་འཛིན་གྲྭ། ཀླུ་མོ་ཚེ་རིང་།
མཛུབ་སྟོན་དགེ་རྒན། དཔལ་བཟང་ཐར།
མཛེས་སྡུག་ལྡན་པའི་གོ་ལ་ཟླུམ་པོ་འདིའི་སྟེང་དུ་ཚྭ་ཆུ་ནི་ཚྭ་མེད་ཆུ་ལས་མང་སྟེ་ཚྭ་མེད་ཆུ་ནི་ཤིན་ཏུ་དཀོན། དེ་བས་མི་རྣམས་ཀྱིས་ཚྭ་མེད་ཆུ་ལ་བདུད་རྩི་ཞེས་བསྔགས་བརྗོད་བྱེད་བཞིན་ཡོད། ཡིན་ནའང་མི་ལ་ལ་ཞིག་གིས་བསམ་བློ་གཏོང་མ་ཤེས་པར་ཆུད་ཟོས་སུ་གཏོང་བཞིན་ཡོད། གལ་ཏེ་ང་ཚོ་ཚང་མས་ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་མ་བྱས་པ་དང་ཆུ་ལ་གྲོན་ཆུང་མ་བྱས་ཚེ། མ་འོངས་པར་ང་ཚོ་འཚོ་གནས་བྱེད་སའི་ལྗང་མདོག་གི་ཡུལ་གྲུ་འདི་བྱེ་ཐང་དུ་འགྱུར་སྲིད།
ཆུ་མེད་ན་སའི་གོ་ལ་ཟླུམ་པོ་འདི་ལ་གསོན་ཤུགས་མེད་པར་མ་ཟད། ང་ཚོ་འགྲོ་བ་མི་སོགས་ཐམས་ཅད་འཚོ་གནས་བྱེད་མི་ཐུབ། འོན་ཀྱང་མི་ལ་ལས་ཆུ་མེད་ན་འདི་འདྲའི་ཚབས་ཆེན་ཞིག་ག་ལ་ཡིན་ཞེས་ཐེ་ཚོམ་ཟ་མོད། ངས་བསམ་པར་ཧ་ཅང་ཚབས་ཆེ་སྟེ། ཆུ་མེད་ན་ཕྱི་སྣོད་ཀྱི་འཇིག་རྟེན་འདིའི་ནགས་ཚལ་དང་སྤང་ལྗོངས་ཡོད་ཚད་བྱེ་ཐང་དུ་འགྱུར་ངེས། གོ་ལ་ཟླུམ་པོ་འདིའི་སྐྱེ་དངོས་ཡོད་དོ་ཅོག་མེད་པར་གྱུར་ནས་འཚོ་གནས་བྱེད་དཀའ་བར་འགྱུར་སྲིད།
གལ་ཏེ་ང་ཚོ་ཚང་མས་དེ་ལ་སྲུང་སྐྱོབ་དང་གྲོན་ཆུང་བྱས་ན། མཛེས་ཤིང་ལྟ་ན་སྡུག་པའི་སྤང་ལྗོངས་དང་ནགས་ཚལ། གངས་རི་དང་རྫ་རི། མཚོ་དང་མཚེའུ་སོགས་ཡུལ་ལྗོངས་ཉམས་དགའ་བ་སོགས་ཡོད་སྲིད་ལ། སྲོག་ཆགས་ཀྱང་གྲངས་མེད་པ་ཞིག་འཚོ་གནས་བྱེད་ཐུབ། དེ་བས་ཀྱང་ཉིན་མཚན་ཀུན་ཏུ་དགའ་སྤྲོའི་དཔལ་ལ་ལོངས་སུ་སྤྱོད་བཞིན་པའི་ང་ཚོ་འགྲོ་བ་མི་ཡང་ཡུན་རིང་དུ་འཚོ་གནས་བྱེད་ཐུབ། དེའི་སྟབས་ཀྱིས་ང་ཚོས་ཆུ་ཐིགས་ཙམ་ཡང་གྲོན་ཆུང་བྱ་དགོས་པ་ཤིན་ཏུ་གལ་ཆེ།
གལ་ཏེ་ཁྱོད་ཀྱིས་ཆུ་སྒོ་ཕྱེས་ནས་ཆུ་གང་སར་བཞུར་བ་མཐོང་ན། མྱུར་དུ་ཆུ་སྒོ་གཏན་ནས་དེ་ལ་གྲོན་ཆུང་བྱ་དགོས། ཡང་མི་ལ་ལར་གྲོན་ཆུང་གི་འདུ་ཤེས་མེད་པ་དང་ཆུ་གང་སར་འཕོ་བ་མཐོང་ན། དེ་ལ་ཆུ་ནི་ཤིན་ཏུ་དཀོན་པ་དང་གྲོན་ཆུང་བྱེད་དགོས་པ་སོགས་བཤད་དགོས། གལ་ཏེ་མི་ཞིག་གིས་ཆུ་ལ་གྲོན་ཆུང་བྱེད་བཞིན་པ་མཐོང་ན་ཁྱོད་ཀྱིས་ཀྱང་མི་དེ་ལ་སློབ་སྦྱོང་བྱེད་དགོས་པ་ཨ་ཅང་ཆེ།
མདོར་ན་ང་ཚོ་ཚང་མས་དགེ་རྒན་དང་མཁས་པ་མང་པོའི་གསུང་ལ་ཉན་ནས་ཆུ་ཐིགས་ཙམ་ཡང་གྲོན་ཆུང་བྱ་དགོས་པའི་གལ་ཆེའི་རང་བཞིན་རྟོགས་དགོས་སོ། །
གདུང་བ་སེལ་བའི་བདུད་རྩི་མཆོག །རིན་ཐང་བྲལ་བ་རྟོགས་གྱུར་ནས། །
གྲོན་ཆུང་ཡག་པོ་བྱས་གྱུར་ན། །དགའ་བདེའི་ལོངས་སྤྱོད་རྒྱུན་མི་ཆད། །
སློབ་བུ་ཀླུ་མོ་ཚེ་རིང་།
ངའི་ལམ་སྟོན་གྱི་སྒྲོན་མེ།
བརྒྱད་གཅིག་འཛིན་གྲྭའི་སྙིང་མོ་མཚོ།
མཛུབ་སྟོན་དགེ་རྒན། རྒྱ་མཚོ།
བརྒྱད་གཅིག་འཛིན་གྲྭའི་སྙིང་མོ་མཚོ།
མཛུབ་སྟོན་དགེ་རྒན། རྒྱ་མཚོ།
ལྷག་བསམ་དུང་ལས་དཀར་ཞིང་མཛད་འཕྲིན་རི་རྒྱལ་ལྷུན་པོ་ལས་བརྗིད་པ། མཁྱེན་རྒྱ་ནམ་མཁའི་མཐོངས་ལས་ཡངས་ཤིང་ཆུ་གཏེར་ལས་གཏིང་ཟབ་པ། འཇིག་རྟེན་མི་ཡུལ་དུ་ཤེས་རིག་གི་སྒྲོན་མེ་སྦར་མཁན་ཏེ། དགེ་རྒན་ལགས།
ཁྱེད་ཀྱི་གཤིས་རྒྱུད་ནི་ཕྱི་གསལ་ནང་གསལ་གྱི་ཤོག་དཀར་ཞིག་དང་མཚུངས་ལ། ནག་ནོག་གི་དྲི་མ་དང་བྲལ་ཞིང་། བསླུ་བྲིད་ཀྱི་གཡོ་སྒྱུ་ནི་དེ་བས་ཀྱང་ཡོད་ག་ལ་སྲིད། ཁྱེད་ཀྱིས་ནམ་རྒྱུན་ཤ་ཁྲག་གི་འབྲེལ་བ་སྤུ་ཙམ་ཡང་མེད་པའི་སློབ་བུ་དག་གི་ཆེད་དུ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱེད་བཞིན་མཆིས། གལ་སྲིད་ཁྱེད་ལ་ལྷག་བསམ་དཀར་པོ་དེ་མེད་ཚེ། སུ་ཞིག་གིས་ང་ཚོའི་ཕ་མ་དང་འདྲ་བར་དུས་ཚིགས་ཀྱི་འགྱུར་བ་དང་བསྟུན་ནས་ལྭ་བའི་སྲབ་མཐུག་དང་ཆམ་ནད་སོགས་ཕོག་ཡོད་མེད་ལ་སེམས་ཁུར་བྱེད། རང་ཁྱིམ་གྱི་བྱ་བ་ཙག་ཙིག་རྒྱབ་ཏུ་བསྐྱུར་བ་དང་། སྐུ་སྙུང་འདྲ་བཞེས་དུས་སྣང་མེད་དུ་འཇོག་ཅིང་། ངལ་གསོའི་ཉི་མ་རེ་རེ་ལའང་ང་ཚོ་སེམས་ནས་བོར་མ་མྱོང་བ་དང་ས་སྨྱུག་གི་རྡུལ་ཕྲན་ལ་མི་འཛེམ་པར་རང་གི་ཚེ་སྲོག་ཕངས་མེད་དུ་སྦྱིན་པ་དང་བཅས་ཀྱིས། ཁྱེད་ནི་བྱང་ཆུབ་སེམས་དཔའ་དངོས་རེད་སྙམ་པའི་དད་པའི་མཆི་མ་དབང་མེད་དཀུ།
དགེ་རྒན་ལགས། ངའི་ལམ་སྟོན་གྱི་སྒྲོན་མེ། གནམ་ལྕགས་ཐོག་གི་ཟློས་གར་བསྒྱུར་བཞིན་པའི་དབྱར་ཟླ་རེ་ལ། དྭངས་གཙང་ཆུ་འཛིན་དཀར་པོ་མཁའ་དབྱིངས་སུ་ལང་ལོང་དུ་རྒྱུ་བཞིན་པའི་སྟོན་ཟླ་རེ་ལ། ཁ་བ་དཀར་པོའི་འདབ་དྲུག་འཐོར་བཞིན་པའི་དགུན་ཟླ་རེ་ལ། སྲོག་ཆགས་ཡོད་དོ་ཅོག་ཚེ་སྲོག་གསར་རྙེད་བྱུང་བའི་དཔྱིད་ཟླ་རེ་ལ། ང་ཚོས་འཆོར་སྒེག་གི་ལང་ཚོ་ངོམ་བཞིན་ཁྱེད་ཀྱིས་བསྟན་པའི་ཁ་ཕྱོགས་སྙེགས་ནས་འགྲོ་བཞིན་ཡོད། གནས་དེ་རུ་ང་ཚོས་ལྐོག་གྱུར་གྱི་གསང་བ་སྟོང་ཕྲག་གི་མུན་པ་སེལ་ཞིང་གནས་དེ་རུ་ང་ཚོས་ཕུགས་བསམ་གྱི་གཤོག་པ་བརྐྱངས།
དགེ་རྒན་ལགས། ཁྱེད་ཚོ་ནི་འཇིག་རྟེན་འདིའི་ལམ་སྟོན་གྱི་སྒྲོན་མེ་ཡིན་ལ། ཁྱེད་ཅག་ཡོད་པའི་རྐྱེན་གྱིས་འཇིག་རྟེན་འདི་དེ་བས་ཀྱང་འོད་སྟོང་འབར། དེ་བས། ང་ཚོས་ནམ་ཡང་ཁྱེད་ཀྱི་མཛད་འཕྲིན་ལ་རྗེས་སུ་ཡི་རང་བྱེད་པ་དང་ཆབས་ཅིག མ་འོངས་པར་ང་ཚོས་ཆོད་སེམས་བརྟན་པོ་དང་སྤོབས་པ་ཞུམ་མེད་ཀྱིས་ངང་ནས་མི་ཡུལ་ལ་རིག་པའི་དཔལ་ཡོན་འདྲེན་མཁན་ཞིག་བྱ་རྒྱུ་ནི་ཁྱེད་ཀྱི་རེ་བ་ཡང་ཡིན་ལ་ངེད་ཅག་གི་འོས་འགན་ཡིན་ནོ། །
སློབ་བུ་སྙིང་མོ་མཚོ།