མཛད་པ་པོ་ངོ་སྤྲོད།
གཏེར་སྟོན་ཨུ་རྒྱན་གླིང་བ་ནི རབ་བྱུང་ལྔ་བའི་ཆུ་མོ་ཕག་གི་ལོ( སྤྱི་ལོ1323) ལ་གཡོ་རུ་གྲྭ་ནང་གི་ཡར་རྗེ་ཞེས་པར་སྐུ་འཁྲུངས། རྟེན་སྔགས་བཙུན། མཐུ་དང་སྨན་རྩིས་སོགས་ལ་མཁས་པར་སྦྱངས། དགུང་ལོ་ཉེར་གསུམ་པར་བསམ་ཡས་མཆོད་རྟེན་དམར་བོ་ནས་གཏེར་གྱི་ཁ་བྱང་བཞེས་ཏེ་ཡར་ལུང་ཤེལ་བྲག་གི་རྒྱབ་ཕྱོགས་བྲག་པདྨ་བརྩེགས་པའི་ཤེལ་ཕུག་ངོ་མཚར་ཅན་སོགས་ནས་བསྐྱེད་རིམ་བླ་མ་བསྟན་གཉིས་སྐོར་གསུམ་ཞི་དྲག ཐུགས་རྗེ་ཆེན་པོ་པདྨ་སྙིང་ཐིག རྫོགས་ཆེན་ཚེསྒྲུབ་སོགས་རྫོགས་པ་ཆེན་པོའི་སྐོར་དང་། པདྨ་བཀའ་ཡི་ཐང་ཡིག་ཆེན་མོ་སོགས་མཐའ་ཡས་པ་སྤྱན་དྲངས་པས་ཟབ་གཏེར་གྱི་མཛོད་ཆེན་པོ་བརྡོལ། གཞན་ཡང་གྲའི་གཡུ་གོང་བྲག་སོགས་སུ་གསང་སྔགས་ལམ་རིམ་ཆེན་མོ་སོགས་གཏེར་ཆོས་མང་དུ་དྲངས། མཐར་ཨེའི་འདབས་བློ་ཆུང་བྱ་བར་སྐུ་གཤེགས། གདུང་རྒྱུད་ལ་གྲུབ་པའི་རྟགས་མཚན་ཅི་རིགས་སྟོན་ནུས་པའི་རིག་འཛིན་གྱི་བུ་ཆེན་མང་དུ་བྱོན་པར་སྣང་ངོ་།།
འབྲེལ་ཡོད་མཚམས་སྦྱོར།
དང་པོ། རྩོམ་པའི་དུས་བབ།
《པདྨ་བཀའ་ཐང》ནི་སློབ་དཔོན་པདྨ་འབྱུང་གནས་ཀྱིས་སྐབས་དེའི་བོད་ཀྱི་རྒྱལ་བློན་རྣམས་ལ་གང་གསུངས་པ་དབྱངས་ཅན་སྤྲུལ་བ་ཡེ་ཤེས་མཚོ་རྒྱལ་གྱིས་ཡི་གེར་བཏབ་སྟེ་རིན་ཆེན་གཏེར་དུ་སྦས། མཚན་གཞན་ལ་པདྨ་བཀའ་ཡི་ཐང་ཡིག་དང་། རྣམ་ཐར་སྐྱེས་རབས་རྒྱས་པ། ཁྲི་སྲོང་ལྡེའུ་བཙན་བཀའ་ཆེམས་ཞེས་བྱ་བ་ངང་། ཆུ་འབྲུག་ཟླ་བ་བཞི་བའི་ཚེས་བརྒྱད་གཟའ་ཟླ་བ་དང་སྐར་མ་དབོ་འཛོམས་པའི་ཉིན། ཡར་ཀླུང་ཤེལ་གྱི་བྲག་རྫོང་པདྨ་བརྩེགས་པའི་ངོས་པདྨ་ཤེལ་ཕུག་གི་སྒོ་སྲུངས་ཁྱབ་འཇུག་ཆེན་པོའི་ཐུགས་ཀ་ནས་གུ་རུ་ཨུ་རྒྱན་གླིང་པས་ལས་ལྡན་གྱི་གྲོགས་གཞུ་ཀུན་རབ་ཧོར་བ་སྒོམ་ཤཱཀ་དང་བཅས་གཏེར་ནས་སྤྱན་དྲངས་པའོ།།
གཉིས་པ། ནང་དོན་གནད་བསྡུས།
འདིའི་བརྗོད་དོན་གཙོ་བོ་ནི། སློབ་དཔོན་པདྨ་འབྱུང་གནས་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་སྐུ་འཁྲུངས། རྒྱལ་པོ་ཨིན་དྲ་བོདྷིའི་སྲས་ཚབ་ཏུ་བསྐྱངས། བློན་པོ་ཀ་མ་ལ་ཏིའི་བུ་བཀུམ་པས་གསོད་པའི་ཆད་གཅོད་ཀྱི་ཚབ་ཏུ་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་དུ་སྤྱུགས། དེ་རུ་གསང་སྔགས་ཀྱི་རྣལ་འབྱོར་བྱས་ཏེ་ཏིང་ངེ་འཛིན་ལ་ཞུགས། རྣལ་འབྱོར་སྤྲུལ་བ་སྣ་ཚོགས་ཀྱིས་ལས་སྣ་ཚོགས་སུ་བྱས་པས་མཚན་ཡང་སྣ་ཚོགས་སུ་ཐོགས། རྒྱ་གར་རྡོ་རྗེ་གདན་དུ་མུ་སྟོན་སྟོན་པ་མཐུ་ཆེན་བཞི་འཁོར་ལྔ་བརྒྱ་དང་རྩོད་པས་རྒྱལ། སྐབས་འདི་ཙམ་ན་བོད་ཀྱི་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་ཕོ་ཉ་མངགས་ནས་བོད་དུ་གདན་དྲངས། བོད་ཀྱི་ལྷ་སྲིན་ཐམས་ཅད་བཏུལ། བསམ་ཡས་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས། མདོ་སྔགས་ཀྱི་གཞུང་མང་བོ་བོད་དུ་བསྒྱུར། བོད་ཡུལ་སྨག་རུམ་གྱི་མུན་པ་བསལ་བ་སོགས་མདོར་ན། སྣང་སྲིད་ཟིལ་གྱིས་མནན་ནས་ལྷ་འདྲེ་དམ་ལ་བཏགས་ཚུལ། འབྱུང་བཞི་དབང་དུ་བསྡུས་ཚུལ། རྒྱལ་བསྟན་ཕྱོགས་བརྒྱར་སྤེལ་ཚུལ། བོད་ཆོས་རྒྱལ་རིམ་བྱོན་གྱི་རྣམ་ཐར། ཆོས་སྲིད་དར་རྒུད་ཀྱི་ལོ་རྒྱུས་སོགས་བརྗོད་གཞིར་བཟང་ཡོད།
གསུམ་པ། སྒྱུ་རྩལ་གྱི་ཁྱད་ཆོས།
པདྨ་བཀའ་ཐང་ལ་འབོལ་རྩོམ་དང་། སྙན་ངག་གི་རྩོམ་ཉམས་གཉིས་ཀ་ལྡན་ཞིང་། བརྗོད་བྱ་རྗོད་བྱེད་གང་གི་ཆ་ནས་ཀྱང་བསྟན་བཅོས་གཞན་ལས་ཆེས་ཁྱད་དུ་འཕགས་པའི་ཚིགས་བཅད་ཀྱི་བསྟན་བཅོས་ཤིག་ཡིན། དེ་ཡི་ཕུན་སུམ་ཚོགས་པའི་ནང་དོན། ས་བཅད་འཇོག་ལུགས། རྗོད་བྱེད་ཀྱི་ཚིག་སྙན་ཞིང་འཇེབས་པ་ཞིག་ཡིན་པས་ཚིགས་བཅད་ཀྱི་བསྟན་བཅོས་ཀྱི་ནང་ནས་རྒྱལ་པོ་ལྟ་བུ་ཞིག་ཡིན། བརྗོད་དོན་ཙོ་བོ་ནི་དུས་གསུམ་རྒྱལ་བ་མ་ལུས་པའི་མཐུ་སྟོབས་ནུས་པའི་སྤྱི་གཟུགས་སློབ་དཔོན་པདྨ་འབྱུང་གནས་དང་། དེའི་ཞལ་སློབ་རྗེ་འབངས་ཉེར་ལྔ་སོགས་ཀྱི་མཛད་པ་ཡིན་པས་ལེའུའི་དགར་ལུགས་དང་བརྗོད་དོན་གྱིས་ཁྱད་པར་དུ་འཕགས་པ་དང་གཅིག ལེའུའི་དགར་ལུགས་དང་བརྗོད་དོན་གྱི་གོ་རིམ་ཐུན་མོང་མ་ཡིན་པས་སྒྲིག་སྟངས་ཁྱད་པར་དུ་འཕགས་པ་དང་གཉིས། དཎྜིའི་ལུགས་ཀྱི་ཚིག་རྒྱན་གྱི་ཡོན་ཏན་དང་བོད་གནའ་རབས་ཀྱི་རྩོམ་སྟངས་གཉིས་ཟུང་དུ་སྦྲེལ་བས་རྩོམ་སྟངས་ཁྱད་པར་དུ་འཕགས་པ་དང་གསུམ། བོད་ཀྱི་ཆོས་སྲིད་ཀྱི་ལོ་རྒྱུས་སོགས་ཀྱང་གསལ་བས་ལོ་རྒྱུས་ཀྱི་རིན་ཐང་མི་དམན་པས་ཁྱད་པར་དུ་འཕགས་པ་དང་བཞི་སྟེ་རྣམ་པ་བཞིའི་ཁྱད་པར་དུ་འཕགས་པའོ། །
བཞི་བ། རྩོམ་པའི་འཕྲིན་ལས།
སྤྱིར་གངས་ཅན་བོད་མིས་སློབ་དཔོན་པདྨ་འབྱུང་གནས་ཀྱི་འབག་སྐུ་དང་བྲིས་སྐུ་འདྲ་མིན་སྣ་ཚོགས་བཞེངས་ཏེ་མཆོད་པ་དང་རྗེས་དྲན། སྐྱབས་ཞུའི་རྟེན་དུ་གསོལ་བ་སྟེ། རང་གཞན་སེམས་ཅན་ཐམས་ཅད་ཀྱི་བདེ་སྡུག་ལེགས་ཉེས་མཐའ་དག་བཅོལ་ནས་དགྲ་བགེགས་གདོན་བར་གྱི་གནོད་པ་དང་མི་ཕྱུགས་ནད་ཡམས་ཀྱི་ན་ཚ། ཆར་ཆུ་མི་སྙོམས་པའི་ཐན་པ། ས་གཡོས་མེ་དགྲའི་འཇིགས་པ། ཁྱད་པར་བསྟན་ལ་འཚེ་བའི་ནན་སྦྱོར་སོགས་མྱུར་དུ་ཞི་ཞིང་རྩད་ནས་འཇོམས་པའི་གསོལ་བཏབ་སྨོན་ལམ་གྱི་ཁ་བཏོན་ཡང་དུས་རྟག་ཏུ་བྱེད་པའོ།། པདྨ་བཀའ་ཐང་གཏར་ནས་འདོན་པའི་མཛད་པ་དེ་ཧ་ལམ་འདས་པའི་ལོ་ངོ་དགུ་བརྒྱ་ཙམ་གྱི་སྔ་རོལ་ནས་མགོ་བརྩམས། ཤིན་ཏུ་རིང་བོའི་ལོ་རྒྱུས་དུས་སྐབས་མི་འདྲ་བར་གྲུབ་མཐའ་རིས་མེད་ཀྱི་མཁས་པ་ཚོས་འདི་ལ་གཙིགས་འཛིན་ཆེན་པོས་ལག་བྲས་དང་དཔར་བཞེངས། དག་བསྒྲིགས་སོགས་ལས་ཐབས་སྣ་ཚོགས་ཀྱིས་མུ་རུ་རྒྱུན་སྤེལ་བ་ནི་འཕྲིན་ལས་ཀྱི་གཟི་འོད་འབར་བ་ལ་མེ་ཐོག་བུད་ཤིང་སྣོན་པའི་ལེགས་བྱས་ཀྱི་མཐུན་གྲོགས་བཟང་བོ་ཞིག་གོ།
ཟུར་མཆན།
《པདྨ་དཀའ་ཐང》ཞེས་པའི་དཔེ་དེབ་འདི་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་ཡོད།