གཟི་མིག་དགུ་བ།༼སྒྲུང་ཐུང་ཁག་གསུམ༽
དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ །

གཟི་མིག་དགུ་བ།༼སྒྲུང་ཐུང་ཁག་གསུམ༽

ཡོང་ཁུངས། : ཁམས་པའི་སློབ་འབྲིང་དྲ་བ།   རྩོམ་པ་པོ། : རྔོག་བུ་དཔལ་ཆེན་འབུམ།༼རྨ་ལྷོ།  ཀློག་གྲངས །: སྤེལ་དུས། : 2018-03-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 kI9智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网

ལེའུ་དང་བོ། མི་རབས་གསུམ་གྱི་གཅེས་ནོར།
རྒན་པོ་གཡང་སྐྱབས་ཚང་ལ་ལོ་ངོ་སུམ་སྟོང་ལྷག་གི་ལོ་རྒྱུས་ལྡན་པའི་གཟི་མིག་དགུ་ཞིག་ཡོད་པ་དེ་ནི་ཀུན་གྱིས་སྨོན་གྱིན་འདུག་ལ། རྒན་པོ་གཡང་སྐྱབས་ཚང་གི་གཟི་མིག་དགུ་ཟེར་ན་ཧེབ་མི་ལངས་མཁན་དང་། འགྲམ་ཆུ་མི་ལྡང་མཁན་གཅིག་ཀྱང་མེད།
གཟི་མིག་དགུ་དེ་རྒན་པོ་གཡང་སྐྱབས་ཁོ་རང་བརྩིས་ན། ཁོ་ཚང་གི་མི་རབས་གསུམ་གྱི་གཅེས་ནོར་ཡིན་ལ། ཁོའི་བུ་སྲི་ཐར་བརྩིས་ན་མི་རབས་བཞི་ཡི་གཅེས་ནོར་དང་། སྲི་ཐར་གྱི་བུའི་རིང་ཉར་ཚགས་ལེགས་པོ་བྱ་ཐུབ་ན་མི་རབས་ལྔ་ཡི་གཅེས་ནོར་ཡིན་པས།རྒན་པོ་གཡང་སྐྱབས་ལོ་རེ་བཞིན་གཟི་མིག་དགུ་དེ་ལ་འདང་ཇེ་ཆེ་ནས་ཇེ་ཆེར་འགྱུར་བཞིན་ཡོད།
ཁོས་ནམ་རྒྱུན་གཟི་མིག་དགུ་དེ་གོས་སེར་པོ་ཞིག་གི་ཁུད་དུ་གཅུད་ནས་མཆོད་སྒམ་ནང་དུ་སྦས་ཡོད་ཅིང་།ལོ་སར་དུས་མ་གཏོགས་ཁ་ཕྱེས་ནས་ལྟ་གི་ཡང་མེད།ལོ་སར་དུས་ད་གཟོད་བླངས་ཏེ་མཆོད་པར་བཤམས་ཤིང་། ལོ་སར་ཚར་དུས་ཡང་བསྐྱར་ཕྱིར་གཅུད་དེ་སྦས་འཇོག་པ་ཞིག་ཡིན།kI9智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
སྔོན་ཆད་ཁོས་གཟི་མིག་དགུ་དེའི་རིན་ཐང་དང་ཕན་ནུས། རྒྱུ་མཚན་སོགས་ཞིབ་ཕྲ་ཞིག་མི་ཤེས་མོད། གང་ལྟར་ཁོ་དེ་ལ་འདང་རྩིས་ཆེ་བའི་རྒྱུ་མཚན་ནི་ཁོའི་ཕ་རྒན་མ་འདས་གོང་བཤད་ན། གཟི་མིག་དགུ་དེ་སྔོན་ཆད་ཅིག་ལ། ཁོའི་ཕ་རྒན་གྱི་ཨ་མས་གངས་རིན་པོ་ཆེ་ཕྱག་གིས་སྐོར་དུས་སྐོར་ལམ་ནས་རྙེད་པ་ཞིག་ཡིན་ཏེ། ཁོ་མོས་བརྐྱངས་ཕྱག་འཚལ་ནས་ཕྱིར་སྐོར་མགོར་ཐོན་ལ་ཉེ་བའི་མཚན་ནུབ་ཅིག་ལ། མོས་སྔགས་པ་རྒན་པ་ལུས་ལ་གཟན་དཀར་རྐྱང་བ་གྱོན་པ། ལྷམ་མེད་པར་རྐང་རྗེན་དུ་འགྲོ་བ། རལ་བར་ཚི་དྲེགས་ཆགས་པ་ཞིག་གིས། མོའི་ལག་ཏུ་ཨུ་དམ་ཝ་རའི་མེ་ཏོག་དཀར་པོ་ལྟ་ན་སྡུག་པ། ཡིད་དུ་འོང་བ། འོད་ཟེར་འཕྲོ་བ་ཞིག་བཞག་རྗེས་གར་སོང་ཆ་མེད་དུ་གྱུར་བའི་རྨི་ལམ་ངོ་མཚར་བ་ཞིག་རྨིས་ཤིང་། ཕྱི་ཉིན་མོའི་སེམས་སུ་རྟེན་འབྲེལ་ཡག་པོ་ཞིག་ཏུ་སྒོམ་ནས་མུ་མཐུད་མདུན་དུ་ཡོང་བའི་ལམ་བར་ནས། ས་འབུར་ཞིག་གི་ནང་ན་ཕྱེད་ཙམ་ཕྱིར་མངོན་པ་མཐོང་སྟེ་རྙེད་པ་ཡིན་ལ། མོས་དད་པ་དག་སྣང་གིས་དངོས་གྲུབ་གནང་བ་ཡིན་པར་བསམ་ནས། སོམ་ཉི་ཅི་ཡང་མེད་པར་ཁ་བཏགས་དཀར་པོ་ཞིག་གི་ཁུད་དུ་གཅུད་དེ། ཡུལ་དུ་ཁྱེར་ཡོང་ཚུལ་གྱི་ངག་རྒྱུན་གསོན་པོ་དེ་རྒན་པོ་གཡང་སྐྱབས་ཀྱིས་གཏན་ནས་བརྗེད་མེད།
རྗེས་ནས་མོ་རང་ཆེས་དད་སའི་ཨ་ལགས་ཕྱག་རྡོར་ཚང་གིས་རབ་གནས་མཛད་ཅིང་། བྱིན་རླབས་བརྒྱབ་ཡོད་པས་རྟེན་བྱིན་ཅན་ཞིག་ཏུ་བསམ་ཡོད་པ་ཡིན།
ད་དུང་རྒན་པོ་གཡང་སྐྱབས་ཀྱིས་ངག་རྒྱུན་གཞན་ཞིག་ཀྱང་ཟ་ཟུར་ནས་ཐོས་མྱོང་པ་ནི། རིག་གསར་གྱི་རླུང་དམར་དྲག་ཏུ་འཚུབ་པའི་སྐབས་སུ། ཁོ་ཚང་གི་གཟི་མིག་དགུ་དེ་གདོན་རྫས་སུ་བརྩིས་ཤིང་། གཞུང་བཞེས་བྱ་དགོས་ཞེས་ཕུ་གློང་མདོ་གློང་བྱེད་དུས། ཁོའི་ཕ་རྒན་གྱིས་བྲེལ་བྲེལ་འཚབ་འཚུབ་ངང་། མ་གིའི་ལྷམ་དང་མཉམ་དུ་འཕངས་ཡོད་པའི་ཁོལ་མོ་རྙིང་རལ་ཅིག་ཡོད་པ་དེའི་ནང་དུ་སྦེད་བཞག་པས། དེ་ཚོའི་ལག་ཏུ་མ་ཆུགས་མོད། ཁོ་དང་ཁོའི་ཁྱིམ་མི་དག་དེའི་དོན་དུ་རང་རང་ས་ནས་ལུག་འཛིན་འཛིན་བྱས་ཏེ་དྲུད་ཅིང་།འཐབ་རྩོད་ཛ་དྲག་བྱས་ཤིང་། བཀག་ཉར་ཡུན་རིང་བྱས།
ཐ་ན་ཨ་ལགས་ཕྱག་རྡོར་ཚང་ལ་ཡང་། གཟི་དེའི་དོན་དག་ཅིག་དང་འབྲེལ་བ་ཡོད་ཚུལ་གྱི་མ་ཉེས་ཁ་ཡོག་གི་ཞྭ་མོ་ལྗིད་ཏིག་ཏིག་ཅིག་བསྐོན་ནས། འཐབ་རྩོད་བྱས་ཚུལ་གྱི་ཡིད་སྐྱོ་བའི་གཏམ་རྒྱུད་ཅིག་ཁོས་སྡེ་བའི་རྒན་པ་རྣམས་ཀྱི་ཁ་ནས་གོ་མྱོང་བ་ལས། ཁྱིམ་མིས་དངོས་སུ་ཁ་བརྡ་བཤད་མ་མྱོང་བ་འདྲ་ལ། ཡང་ན་ཁོས་བརྗེད་སོང་བ་ཡིན་ཡང་སྲིད། དེ་དུས་ཁོ་ནི་བསམ་མེད་ཀྱི་བྱིས་པ་སྣབས་ལུག་ཅིག་ཡིན་པས། དེ་དག་གནའ་གཏམ་ལྟ་བུ་ཞིག་ཏུ་བསམ་ཡོད། ཡིན་ཙང་ད་ལྟ་དྲན་པའི་གཞུ་མོ་ནང་དུ་བཀུག་སྟེ་ཕྱིར་འདང་རེ་བརྒྱབ་ནའང་གནའ་གཏམ་ཞིག་དང་འདྲ་མོད། བསམ་གྱིན་བསམ་གྱིན་དང་། དེའི་སྐབས་ཀྱི་ལོ་རྒྱུས་དག་ཐོས་ཀྱིན་ཐོས་ཀྱིན་རྒན་པོ་གཡང་སྐྱབས་ལ་ཤ་དང་རུས་པའི་གཏིང་ནས་ན་ཟུག་ཅིག་ལངས་ཀྱིན་ཡོད་པ་འདྲ།
ལོ་ཟླའི་རྒས་གཉེར་གྱི་རི་མོ་ཐོད་ལ་བབས་ཤིང་། སྐྲ་འདབས་སུ་སེ་མདའ་ལྷུང་དུས། ད་གཟོད་རྒན་པོ་གཡང་སྐྱབས་ཀྱིས་ཕ་མེས་སྔ་བའི་རིང་གི་གཟི་དེའི་སྐོར་གྱི་བཤད་རྒྱུན་མང་བོ་ཞིག་སེམས་ཀྱི་ཤོག་དཀར་ངོས་སུ་ཝ་ལེར་བྲིས་ཡོད་ཅིང་། དེའི་བག་ཆགས་ཀྱི་སྟོབས་ཀྱིས་ད་སྐབས་ཁོ་རང་ཡང་རིན་པོ་ཆེའི་རིགས་ལ་ཧ་ཅང་དགའ་ཞིང་། ལྷག་པར་དུ་གཟིའི་སྐོར་ལ་དེ་ལས་ཀྱང་དགའ། དེ་བས་ཁོས་རིན་ཐང་ཆེ་མིན་གྱི་གཟི་རིགས་དང་། གཡུ་རྙིང་འགའ་སོགས་ཕྲེང་སྐོར་གཅིག་ལ་ལོངས་པ་ཙམ་ཞིག་ཉར་ཚགས་བྱས་ཡོད་ལ། དེའི་ནང་གི་གཟི་མིག་དགུ་དེ་ཁོའི་སྲོག་ལས་ཀྱང་འགངས་ཆེ་བར་བསམ་སྟེ། སྲོག་ལྟར་གཅེས་ཤིང་འདང་ཆེ་བ་ཡིན།
ད་སྐབས་ཁོས་གཟིའི་སྐོར་གྱི་དཔེ་ཆ་འགའ་རེར་ཡང་བལྟས་མྱོང་ཞིང་། གཟིའི་སྐོར་གྱི་ངག་རྒྱུན་དང་གཏམ་རྒྱུད། རིན་ཐང་སོགས་ཀྱི་སྐོར་ནས་ཀྱང་ངོས་ཟིན་དང་ཁ་བརྡ་མང་བོ་བཤད་རྒྱུ་ཡོད་ཅིང་། ཁྱིམ་མི་ཚོས་དོ་སྣང་མ་བྱས་པ་མ་གཏོགས་ཁོས་ནམ་རྒྱུན་ཁ་ཏ་སློབ་གསོ་གཏོང་གིན་ཡོད།
ཉིན་ཞིག་དགོང་ཇ་འཐུང་ཞོར་ཁྱིམ་མི་གང་བོས་ལབ་གླེང་སྣ་ཚོགས་བྱས། རྒན་པོ་གཡང་སྐྱབས་ཀྱིས་ཀྱང་གཟིའི་སྐོར་གྱི་ཁ་བརྡ་ཞིག་བུ་ཕྲུག་ཚོར་ངེས་པར་དུ་བཤད་དགོས་བསམ་ནས། ཁོའི་ལོབས་ཕྱོགས་ལྟར་ལག་གཡས་པས་ཕྲེང་བ་བགྲེང་། ལག་གཡོན་པས་མེ་འདྲུ་བཟུང་སྟེ། གོ་ཁའི་ནང་དུ་མེ་ནུར་འགའ་གཤོངས་རྗེས། མདུན་གྱི་གོ་ཁར་འོང་ནུར་ཞིག་བྱས་ཤིང་།དཀར་ནག་འདྲེས་མའི་སྨ་ར་རིང་བོར་བྱིལ་བྱིལ་ཞིག་བྱེད་ཞོར། གཟིའི་སྐོར་གྱི་ཁ་བརྡ་འདི་ལྟར་བྱས། ཡ་་་་ཨ་རོགས་ཆ་བོ་་་་། སྤྱིར་གཟིའི་རིན་ཐང་དང་ཕན་ནུས་བཤད་ན། གཟི་ཞེས་པ་དེ་བོད་ཀྱི་ཆེས་གནའ་བོའི་རིན་པོ་ཆེའི་རིགས་ཤིག་ཡིན་ལ། གཟི་ཞེས་པ་གཡང་དང་དཔལ་ལ་གོ་དགོས། མི་དབང་ཐང་ཅན་ལ་མི་གཟི་བརྗིད་ཅན་དང་། གཟི་བྱིན་སོགས་མིང་ཚིག་གི་ངོས་ནས་བསམ་བློ་བཏང་ནའང་མིང་ཚིག་དཀྱུས་མ་ཞིག་མ་ཡིན་སྙམ། གཟི་འདིའི་འབྱུང་ཁུངས་ཀྱི་ཕྱོགས་ན་ལྟ་ཚུལ་མང་བོ་ཡོད་པ་རེད། ལ་ལས་རང་བྱུང་ཁམས་ལས་རང་གར་བྱུང་བའི་གཏེར་དངོས་རིགས་ཤིག་ཡིན་པར་འདོད་པ་དང་། ལ་ལས་མི་མ་ཡིན་གྱི་རྫུ་འཕྲུལ་གྱི་མཐུ་ལས་བྱུང་བ་ཡིན་པར་འདོད་པ། ཡང་ལ་ལས་གནའ་བོའི་བོད་མིའི་ཐུན་མོང་མ་ཡིན་པའི་འདུལ་སྦྱོང་གི་ལག་རྩལ་ལ་བརྟེན་ནས་ཆེད་དུ་བཟོས་པའི་རིན་ཆེན་གྱི་རྫས་ཁྱད་པར་བ་ཞིག་ཡིན་པར་འདོད་པ་སོགས་ལྟ་ཚུལ་མང་བོ་ཡོད་པ་རེད།
གང་ལྟར་གཟི་ནི་བོད་ཡུལ་མ་གཏོགས་སའི་གོ་ལའི་ཟུར་གཞན་ན་མཐོང་རྒྱུ་མེད་པའི་བོད་རང་གི་གདོད་མའི་ཁྱད་འཕགས་བླ་ལྷག་ཅན་གྱི་ནོར་རྫས་ཤིག་དང་། ཡང་གཅིག་བཤད་ན། བོད་རང་གི་ཁྱད་མཚར་གྱི་ཚན་རྩལ་མཚོན་པའི་རིག་དངོས་རྩ་ཆེན་ཞིག་རེད་ཟེར་ཀྱང་མི་ཆོག་པ་མེད་ལ། འདིས་བོད་མིའི་བཟོ་རྩལ་རིག་པ་དང་། ལུས་ཁམས་བདེ་སྲུང་རིག་པ། རྒྱན་ཆའི་རིག་པ། མཛེས་རྩལ་རིག་པ་སོགས་མཚོན་ཐུབ་ཟེར་ཀྱང་ཅིས་མི་ཆོག
ད་དུང་གཟི་ནི་རིན་ཆེན་རིགས་ཀྱི་སྨན་རྫས་ཀྱི་ནང་དུ་རྒྱུ་ཆ་མེད་དུ་མི་རུང་བ་ཞིག་ཡིན་པ་མ་ཟད།དེ་ལུས་ལ་འཆང་ན་སྟེང་གདོན་དང་གཟའ་ནད་སྲུང་བའི་ནུས་པ་ཡོད་ཅིང་།ཁྱིམ་ལ་གཡང་ཆགས་པའི་ཡོན་ཏན་ངོ་མཚར་སྨྲ་བསམ་བརྗོད་ལས་འདས་པ་ཡོད་པ་རེད།གཟི་ལ་བརྟེན་ནས་གཡང་ཆགས་པ་ནི་གཟིའི་མིང་ལ་བརྟག་ནའང་ཤེས་ཐུབ།
གཟི་འདི་ཉིད་གནའ་བོའི་བོད་མིའི་ལག་རྩལ་ལས་བསྐྲུན་པའི་དབང་དུ་བྱས་ན་ཡང་། མེས་པོ་གོང་མ་རྣམས་ཀྱི་ཧ་ལས་ཤིང་ངོ་མཚར་བ། ཕུལ་དུ་བྱུང་བའི་ལག་རྩལ་ཞིག་རེད། དེང་སྐབས་ཚན་རིག་ཇི་ལྟར་དར་ཡང་འདིའི་ཚབ་བྱེད་ཐུབ་པ་གཅིག་ཀྱང་ཡོད་མི་འདུགkI9智之阳网络 དབྱངས་གསལ་སློབ་ཁྲིད་ཐོན་ཁུངས་དྲ་བ 央赛教学资源网 康巴教学资源网
དེ་བས་རྗེས་རབས་དག་གིས་བོད་རང་གི་སྲོལ་རྒྱུན་རིག་དངོས་ཀྱི་རིན་ཐང་ཤེས་དགོས། ཤེས་དགོས་པའི་མི་ཚད་རྒྱུན་འཛིན་དར་སྤེལ་གཏོང་དགོས། རང་གི་རྩ་ཆེན་གྱི་རིག་དངོས་གཞན་ལག་ཏུ་ཤོར་གི་འཇུག་མི་ཉན། ནམ་ཞིག་གཞན་ལག་ཏུ་ཤོར་ཚར་དུས་ད་གཟོད་རྗེས་རབས་དག་གིས་རང་གི་སྲོལ་རྒྱུན་གྱི་རིན་ཐང་དང་། རིག་གནས་ཀྱི་རིན་ཐང་ལྡན་པའི་རྩ་ཆེན་གྱི་དངོས་རྫས་དག་ངོས་མི་ཟིན་ཅིང་། འབྱུང་ཁུངས་གང་ཡིན་མི་ཤེས་པའི་ཚད་དུ་སླེབས་འགྲོ་ནི་རེད། གཟི་ཞེས་པ་བོད་ནས་དར་བའི་ལོ་རྒྱུས་ཀྱང་ཤེས་དཀའ་བའི་ཚོད་དུ་སོང་ན། དེ་ནི་ངོ་མ་ཡིད་སྐྱོ་དགོས་ཤིང་སྐྲག་འདར་རྒྱག་དགོས་པ་ཞིག་མ་ཡིན་ནམ། འདི་ཚང་མའི་སེམས་ལ་ཆོངས།
འུ་ཚང་གི་ཁྱིམ་ཕུགས་ན་འདི་ལས་ལྷག་པའི་ཚེ་ནོམ་ཞིག་གཏན་ནས་མེད། རྒན་པོ་ང་ལ་ཡང་བུ་ཕྲུག་ཁྱོད་ཚོ་དང་འདྲ་བའི་འདང་ཞིག་ཡོད། ཕྱིན་ཆད་ཀྱང་གཞན་ལ་བཙོང་རྒྱུའི་ཧམ་སེམས་མ་སྐྱེ། བཙོང་བཞག་ན་དེའི་རིན་གོང་གིས་རབ་ཡིན་ན་ལོ་གཉིས་གསུམ་ཞིག་ལ་འདང་རྒྱོ་རེད། དེ་ནས་ཚར་འགྲོ་གི་རེད། ད་དེ་ལ་རྒྱུ་མཚན་ཅང་ཡོད་པ་མ་རེད། བདག་ཡག་པོ་བྱས་ཏེ་ཉར་ཚགས་བགྱིས་བཞག་ན། མིའི་ན་ཚ་དང་ཕྱུགས་ཀྱི་གོད་ཁ་བཟློག་ཐུབ་པས། འདི་ལས་ལྷག་པའི་ནོར་བུ་གཞན་དགོ་ནི་མ་རེད། ད་དེ་འདྲ་རེད། ནོར་བུའི་ནོར་ངོ་ཟིན་པར་གྱིས། ཞ་བུས་ཚོས་སེམས་ལ་ཟུངས། ཞེས་རྒན་པོ་གཡང་སྐྱབས་ཀྱིས་འདི་འདྲའི་དོན་སྙིང་དང་། རིན་ཐང་ཅན་གྱི་ཁ་བརྡའམ་ཁ་ཆེམས་མང་བོ་བཤད་པ་ཁོ་ཚོའི་སེམས་ན་ཡོད་མེད་སུས་ཤེས།
ངོ་མ་བཤད་ན་ཡང་། ཁྱིམ་གྱི་བང་མཛོད་དུ་ཉར་ན་གཡང་གཟི་ཞེས་ཁྱིམ་ཚང་དེ་ལ་གཡང་འཁོར་བ་དང་། ཕྱི་ཡི་ལོངས་སྤྱོད་ཆར་བཞིན་འཕེལ་བ། མི་སུ་ཞིག་གིས་གཟི་འདི་ཉིད་ལུས་ལ་འཆང་ན་གཟི་དཔལ་རྒྱས་པ་དང་། སྟེང་གདོན་དང་གཟའ་ནད་སྲུང་ཐུབ་པ་སྨན་གཞུང་དག་ཏུ་གསུངས་ཡོད་པ། ཡུལ་ལ་བཞག་ན་གཡང་འཁོར་ཞེས་པའི་བཤད་སྲོལ་ཡོད་པ་ཇི་བཞིན། རྒན་པོ་གཡང་སྐྱབས་ཚང་ལ་མཚོན་ན་ཡང་། རྒྱུ་འབྱོར་ལོངས་སྤྱོད་ཀྱི་ཐད་ནས་སྡེ་བའི་བཟང་ཕྱོགས་ཀྱི་གྲས་ཡིན་པ་དང་། མི་ལ་ན་ཚ་དང་ཕྱུགས་ལ་གོད་ཁ་སོགས་ཅི་ཡང་བྱུང་མ་མྱོང་བ་ནི།ཁོང་རྒན་རྒོན་གཉིས་ཀྱིས་ཀྱང་ནམ་རྒྱུན་གཟི་དེ་ལ་འབྲེལ་བ་ཡོད་པར་བསམ་གྱིན་ཡོད་ལ། དོན་དུ་ཡང་དེ་ལྟར་ཡིན་ན་ཐང་། ཀུན་གྱིས་ཀྱང་ཁོང་ཚང་ལ་གཡང་གཟི་ཞིག་ཡོད་པས་གཡང་འཁོར་བ་ཡིན་ཞེས་ཕན་ཚུན་ལབ་གླེང་སྣ་ཚོགས་རླུང་བསེར་བུ་དང་འགྲོགས་ཏེ་གང་སར་འཁུར་གྱིན་ཡོད།
རྗེས་ནས་རྒན་པོ་གཡང་སྐྱབས་ཚེ་ལས་འདས་ཁར་ཡང་གཡང་གཟི་དེར་བདག་ཡག་པོ་ཞིག་བྱོས་ཞེས་པའི་ཁ་ཆེམས་འཇོག་མྱོང་།དེ་ནས་བཟུང་ཁོའི་བུ་ཆེ་བ་སྲི་ཐར་གྱིས་རང་གི་སྐེ་ལ་བཏགས་ནས་རྒྱན་དུ་བྱས་ཤིང་།སྲུང་འཁོར་ལྟར་ཉིན་གཅིག་ལའང་འབྲལ་མྱོང་ལ།ཡར་མར་ཚོགས་ཐོག་ཏུ་འགྲོ་དུས་ཀྱང་ཕྱིར་མངོན་དུ་བཅུག་སྟེ་ངོམ་སོ་བྱེད་ཅིང་།ས་ཆ་ཡར་མར་འགའ་རེར་ཡང་གཟི་དེ་བཏགས་ནས་སོང་བས་མཐོང་མཐོང་ཐམས་ཅད་ཡ་མཚར་ཞིང་ཧེབ་ལངས་པར་བྱས།
ལེའུ་གཉིས་པ། གློ་བུར་བའི་སེམས་ཁྲལ།
ཞོགས་པའི་ཉི་ཟེར་ནི་གསེར་གྱི་ཁ་བཏགས་ཡུག་གཅིག་དང་འདྲ་བར། ཤར་གྱི་ཁྱུང་རྭ་ཞེས་པའི་རི་བོ་མཐོན་པོ་དེའི་ཟོམ་ནས་དལ་གྱིས་རྩྭ་ཐང་ལ་བསྲིངས། རྒན་པོ་གཡང་སྐྱབས་ཀྱིས་ནམ་རྒྱུན་ལྟར་བསང་ཞིག་ཕུད་དེ་ཁྱིམ་དུ་འཛུལ། བསང་དུད་སྔོན་མོ་གཡུ་འབྲུག་གྱེན་དུ་རྒྱུ་བ་བཞིན་ལྷོག་ལྷོག་འཕྱུར་ཅིང་། རིམ་བཞིན་ནམ་མཁའི་དབྱིངས་སུ་ཡལ་ཏེ་མི་སྣང་བར་གྱུར།
དེ་རྗེས་ཁོས་མཆོད་པ་བཤམས་ཤིང་། ཁ་ཏོན་འདོན་ཞོར།བོད་ལྭ་གཡང་ཤམ་དུ་གྱོན་ནས་སྒོ་ཕྱི་ཁྱིམ་བར་དུ་ཡར་འགྲོ་མར་འགྲོ་བྱེད་ཀྱིན་པར་བལྟས་ན། ཁོའི་སེམས་སུ་དོན་དག་གལ་ཆེན་ཞིག་ལོས་ཡོད་སྙམ་ལ། ཅི་ཞིག་ལ་སེམས་ཁུར་བྱེད་ཀྱིན་ཡོད་པ་དང་འདྲ། མ་གཞི་དེ་ནི་མདང་གི་རྨི་ལམ་དེའི་རྐྱེན་གྱིས་མ་ཡིན་ནམ། སྤྱིར་ཁ་དཔེར། ནམ་རིང་བོའི་རྨི་ལམ་སྟོང་བ། ཆུ་ཆེན་པོའི་འུར་སྒྲ་སྟོང་བ་ཞེས་རྨི་ལམ་ནི་བརྟག་བྱ་དང་སྣང་འཇོག་མེད་པ་ཞིག་ཏུ་ངོས་འཛིན་མོད། མདང་གི་རྨི་ལམ་དེ་ནི་རྒན་པོ་གཡང་སྐྱབས་ལ་མཚོན་ན་ཆེས་སེམས་ཁྲལ་ཞིག་དང་། ལུང་བསྟན་ལྟ་བུ་ཞིག་ཏུ་གྱུར་འདུག་པ་འདྲ།
དེ་ནི་མདང་ནུབ་ཁོས་ལོ་ངོ་སུམ་སྟོང་ལྷག་གི་ལོ་རྒྱུས་ཡོད་པའི་མི་རབས་གསུམ་གྱི་གཅེས་ནོར་གཟི་མིག་དགུ་དེ་བོར་སོང་བའི་རྨི་ལམ་ཞིག་འདི་ལྟར་རྨིས་སོང་སྟེ། ཁོ་རང་ལུང་བ་ནག་ལྡང་གི་ཕུ་མདོ་ན་ལུག་འཚོ་བཞིན་སྡོད་དུས། གློ་བུར་དུ་ལྟག་རྒྱབ་ནས་རླུང་ནག་འཚུབ་མ་ཞིག་གར་ཡོང་འདིར་ཡོང་མེད་པར་ཁོ་རང་ཡོངས་སུ་བཏུམས། ཁོའི་ལག་ཟུང་སྤོ་ཐོ་ཞིག་ལ་དམ་པོར་འཐམ་ཡང་མ་ཕན་པར་རླུང་ནག་འཚུབ་མའི་ཁུད་དུ་གཅུད་དེ་ཐག་རིང་ཐག་རིང་ཞིག་ཏུ་ཁུར་སོང་། ཁུར་ཁུར་ནས་རིག་མ་མྱོང་ཞིང་ངོས་མི་ཟིན་པའི་ལུང་མདོའི་གད་པ་ཞིག་གི་ནང་དུ་ལྷུང་། དེ་མུར་ཉི་མ་རི་རྩེ་ནས་ཕར་ཡལ་ཞིང་། མུན་ནག་གྲིབ་མས་ས་ཆེན་པོ་ཡོངས་སུ་ཁྱུར་མིད་གཏོང་ལ་ཉེ། ཁོས་ནམ་རྒྱུན་གཟི་མིག་དགུ་དེ་ལུས་ལ་འཆང་ན་གདོན་སོགས་ཐུབ་པའི་ཡིད་ཆེས་ཤིག་སེམས་སུ་བརྣགས་ཡོད་པས། དེ་མ་ཐག་ཁོས་རང་གི་སྐེ་ལ་ལག་སྙོབ་ཅིག་བྱས་པ་ན། རང་གི་གཟིའི་རྒྱུན་ཐག་ཆད་པོ་ཞིག་ལས་གཟི་མིག་དགུ་དེ་ལག་ཏུ་རེག་མ་བྱུང་། དེ་ནས་ཁོས་ཡར་རྒྱུག་མར་རྒྱུག་བྱས་ཏེ་ཇི་ལྟར་བཙལ་ཡང་མ་རྙེད་པར་སེམས་སྐྱ་མོ་ཐང་ལ་ལྷུང་བའི་སྐྱོ་གདུང་དྲག་པོས་བྲེལ་འཚབ་ཞིག་ལངས་ཏེ་གཉིད་ལས་སད།
གཉིད་ལས་སད་མ་ཐག་ཁོ་རང་དབང་མེད་པར་ཅུང་འདར་འདར་བྱེད་ཅིང་། སེམས་ཡང་ཨེན་ཙམ་འཚབ་བེ་འཚུབ་བེ་ཞིག་ཏུ་གྱུར་འདུག་ལ། རྨི་ལམ་ཡིན་པ་ཤེས་ཡང་དོན་དག་ཅི་ཞིག་འབྱུང་བའི་སྔ་ལྟས་ཤིག་ཨེ་ཡིན་ནམ་སྙམ་ནས། རེ་ཞིག་བསམ་གཞིག་གི་འདམ་དུ་བྱིངས་ཏེ་གཉིད་གཏན་ནས་ཁུགས་མ་བྱུང་། ཞོགས་པར་སྔ་མོ་ནས་ཡར་ལངས་ཤིང་། རྨི་ལམ་དེས་བསླངས་པའི་རྣམ་རྟོག་དེ་སེལ་ཆེད་བསང་ཕུད་དེ། ཁ་རོག་གེར་གསོལ་བ་བཏབ་ཅིང་སྐྱབས་འཇུག་ཞུས།
དེ་མུར་ད་དུང་ཡང་སེམས་བདེ་ལ་འབབ་མ་ཐུབ་པར། ཡ་གིའི་མཆོད་སྒམ་ནང་གི་གོས་སེར་བོས་བཏུམས་པའི་གཟི་མིག་དགུ་དེ་བླངས་ནས་ལག་པའི་ནང་དུ་ཕུར་ཕུར་འགའ་བྱས་ཤིང་། ནངས་ཇ་འཐུང་ཞོར་ཁོས་བཟའ་མི་གང་བོར་མདང་ནུབ་རྨིས་པའི་རྨི་ལམ་དེའི་སྐོར་ཇི་མ་ཇི་བཞིན་ཁ་བརྡ་བྱས། ཡིན་ཡང་ཁོང་རྒན་རྒོན་གཉིས་ཀ་མ་གཏོགས་བཟའ་མི་ཚོས་དེ་འདྲའི་དོ་སྣང་མ་བྱས་ལ། རྨི་ལམ་ལ་བརྟག་བྱ་མེད་ཚུལ་གྱི་གནས་ལུགས་འགའ་རེ་ཡང་བཤད་ཁུལ་བྱས།
རྒན་པོ་གཡང་སྐྱབས་མདང་གི་རྨི་ལམ་གྱིས་བསླངས་པའི་རྣམ་རྟོག་གི་ཚོར་བ་མག་མོག་གིས་ཐེ་ཚོམ་གྱི་དྲ་རུ་ཚུལ། དེ་ནས་ཁོས་རང་གི་བུ་སྲི་ཐར་དང་བཅས་པ་ལ་བཤད་རྒྱུར། ཡ་་་་སྤྱིར་རྨི་ལམ་ལ་བརྟག་བྱ་མེད་པའི་གནས་ལུགས་ཙམ་ངས་ཀྱང་ཧ་གོ་ནི་རེད། ཡིན་ཡང་རྒན་པོ་ང་མི་ཤེས་བཟས་རུང་བསམ་ཤེས་རེད། མི་ལོན་བཟས་རུང་ལོ་ལོན་རེད། འདང་ཇི་ལྟར་བརྒྱབ་རུང་། ཆུ་མ་ཡོང་གོང་གི་རགས་དང་། དགྲ་མ་ཡོང་གོང་གི་དོགས་ཟེར་བ་བཞིན་བདག་ཡག་པོ་བྱས་ན་བཟང་གི ད་སྒམ་ནང་དུ་སྦས་བཞགན་ཡང་དོན་དག་ཅི་འབྱུང་སུས་ཤེས། དེང་སང་ནངས་ཀའི་བྱ་སྤྱོད་པ་རིག་ནོ་འདི་རེད། ཡ་་་སྲི་ཐར་ཚེ་རིང་།་་་འདི་རྒྱུན་ཐག་བཀན་མོ་ཞིག་ལ་བརྒྱུས་ཏེ་ཁྱོད་ཀྱི་སྐེ་ལ་གདག་རྒྱུ་བྱོས། ཁྱོད་མ་བོར་ན་འདི་ཡང་འབོར་མི་སྲིད། ཧུན།་་་ད་ང་རྒས་འཁོགས་ཤིག་གི་སྐེ་ལ་བཏགས་ན་ཀུན་གྱིས་ཅི་ཟེར་རམ། ཞེས་བཤད་ཞོར་ཁོའི་ལོབས་ཕྱོགས་ལྟར།དཀར་ནག་འདྲེས་མའི་སྨ་ར་རིང་བོ་དེ་ལ་བྱིལ་བྱིལ་ལན་འགའ་བྱས་ཤིང་།བདག་ཉར་ལེགས་པོ་ཞོག་བྱ་ཆེད་གཟི་མིག་དགུ་དེ་རྒྱུན་ཐག་བཀན་མོ་ཞིག་ལ་བརྒྱུས་ཏེ་རང་གི་བུ་ཆེ་བ་སྲི་ཐར་གྱི་སྐེ་ལ་བཏགས།
ལེའུ་གསུམ་པ། ནོར་བུའི་ནོར་ཉམས་མ་ཆོད།
རྒན་པོ་གཡང་སྐྱབས་འདས་ནས་ལོ་ངོ་བཅུ་ཙམ་ཞིག་འགོར། བུ་བཞི་བ་དང་ལྔ་བ་སོགས་ཚང་མས་ཀྱང་རང་རང་སར་ཁྱིམ་ཚང་བཅས་ཏེ་འཚོ་ཚིས་ལ་འབད་ཀྱིན་ཡོད། འོན་ཀྱང་བུ་ཆེ་བ་སྲི་ཐར་ལ་ཉིན་རྒྱུན་རྫོང་ཐོག་ཏུ་རྒྱུག་རྒྱུའི་རིམས་ནད་ཅིག་འགོས་ཡོད་ལ། དེ་ནི་མ་གཞི་ཁོ་ལ་རྒྱལ་འཇོག་ཤོ་རྒྱག་གི་གདོན་ནད་ཅིག་གིས་ཟིན་ཚར་བ་ཡིན། རིམ་བཞིན་ཁོ་རྒྱལ་འཇོག་ཤོ་རྒྱག་གི་ནང་དུ་མགོ་འཐོམས་ཏེ། ཉིན་འགའ་རེར་ཡུལ་དུ་མི་ཐོན་པའི་དོན་དག་ཀྱང་ཐེངས་འགར་བྱུང་མྱོང་།
ཉིན་ཞིག་སྲི་ཐར་མི་ཉག་རྫོང་ཐོག་ཏུ་ཡོང་ཞིང་ །སྲང་ལམ་ན་འགྲོ་དུས། རྒྱ་མི་ཚོང་བ་འགའ་ལ་ཐུག དེ་ཚོས་ཁོའི་སྐེ་ལ་བཏགས་པའི་གཟི་མིག་དགུ་དེ་ལ་ཡང་ཡང་བལྟས་ཤིང་། རིན་གོང་གཏམ། ཁོས་ཁ་ནང་དུ་ཡོང་ཚོད་ཀྱིས་ཁྲི་བཅུ་ཡས་མས་ཤིག་བཤད་དེ་ཕར་བུད་སོང་། རྒྱ་མི་དེ་ཚོ་ཁོའི་རྗེས་དེད་དེ་ཡོང་ཞིང་། ཡང་དང་བསྐྱར་དུ་རིན་གོང་གཏམ་ཡང་། ཉིན་དེར་ཁོ་ཚོར་རིན་གོང་གི་ཕྱོགས་ནས་གྲོས་མ་ཡོང་བའམ་ཅི་ཡིན་མི་ཤེས་མོད་རང་རང་སར་ལོག་སོང་།
དེའི་ཕྱི་ལོར་རྒྱ་མི་ཚོང་བ་དེ་ཚོས་སྲི་ཐར་བཙལ་ནས་ཁོའི་ཡུལ་དུ་སླེབས་ཤིང་། ཁོས་བཤད་པའི་རིན་གོང་བཞིན་ཉོ་ཅི་ཐུབ་ཅིག་བྱས་མོད། ཁོ་ལ་དེ་ལས་ཆེ་བའི་ཧེབ་ཅིག་ལངས་ནས་བཙོང་མ་ཐུབ་པས་རྒྱ་མི་ཚོ་ཡིད་ཆད་ཀྱི་ངང་ནས་ཕྱིར་བུད་སོང་། དེ་ནས་བཟུང་ཉིན་རེ་བཞིན་སྲི་ཐར་ཚང་གི་གཟི་ཇོ་མཁན་གྱི་རྒྱ་བོད་གཉི་ཀའི་ཚོང་བ་བར་མི་ཆད་པར་ཡོང་ཞིང་། རིན་གོང་ཡང་གཅིག་ལས་གཅིག་མཐོ་བའི་ཚད་དུ་སླེབས། ཡིན་ཡང་ཁོས་ཐད་ཀར་དུ་བཙོང་བར་ཐེ་ཚོམ་སྐྱེས་ཏེ་རེ་ཞིག་འདང་རྒྱག་གི་ངང་དུ་ལུས་སོང་།
ཉིན་ཞིག་སྲི་ཐར་སྐོམ་པ་ཆུ་ལ་འཕྲད་པ་ཇི་བཞིན། སྒོར་ཧམ་གྱི་སྲེད་པའི་མེ་ལྕེ་དྲག་ཏུ་འབར་ཏེ། གཟི་མིག་དགུ་དེ་བཙོང་རྒྱུའི་ལྐོག་འཆར་འཐེན་ཞིང་། ཁྱིམ་མཚེས་དག་ལ་ཤེས་སུ་མ་བཅུག་ལ། ཤེས་ན་མྱི་ཁ་གཏོང་བར་སྐྲག་གིན་ཡོད་པ་འདྲ། དེ་ནས་ཉིན་འགའི་རྗེས་སུ་ཚོང་བ་རྒྱ་མི་སྨ་ར་ཅན་ཞེས་པ། གཟི་མིག་དགུ་དེ་ཡང་དང་བསྐྱར་དུ་ཟླ་རེ་བཞིན་གཏམ་མཁན་ཞིག་ཡོད་པ་དེ་ལ་བཙོང་རྒྱུའི་གྲོས་ཐག་རང་གིས་བཅད་དེ། ཁྱིམ་ཚང་ལ་ཤེས་སུ་མ་བཅུག་པར་བཙོངས་སོང་།
ཕྱི་ཉིན་ཁོའི་གདོང་ལ་འཛུམ་མདངས་སྣུམ་ཤིག་གེ་ཞིག་ལངས་ཞོར། སྒོར་ཐེག་ཚད་ཅིག་ཁུར་ཏེ་ཡུལ་དུ་ཡོང་ནས། གཟི་མིག་དགུ་དེ་བཙོང་ཚུལ་ཁ་བརྡ་བྱས་ཏེ་སྒོར་མོ་བསྟན་པས། ཁོ་ཚོའང་མིག་མདུན་གྱི་སྒོར་མོས་ཡད་ཚིམས་ཏེ་ཁོ་ལ་ལེ་བདའ་ཅི་ཡང་བྱས་མ་སོང་། དེ་ནུབ་ཁོས་གཟི་བཙོང་བའི་དོན་དག་ཡིད་ལ་བཟུང་ནས་ཉལ་བས་ཁོ་ལ་རྨི་ལམ་སྣ་ཚོགས་འཁྲུགས་ཤིང་། ཡིད་གཉིས་ཐེ་ཚོམ་ཡང་ཅུང་ཟད་སྐྱེས། རིམ་བཞིན་ས་ཐག་རིང་སྐད་ཆ་རྣ་ཟེར་བ་བཞིན་ཀུན་གྱིས་སྲི་ཐར་གྱིས་གཟི་མིག་དགུ་དེ་བཙོང་སོང་བའི་གཏམ་དེ་གཅིག་གིས་བཅུ་ལ་བཤད། བཅུ་ཡིས་བརྒྱ་ལ་བཤད་དེ་གང་སར་ཁྱབ།
སྐབས་དེ་ནས་བཟུང་ཁྱིམ་ཚང་གཞན་དག་གིས་ཀྱང་རང་ཁྱིམ་གྱི་གནའ་རྫས་རྩ་ཆེན་དང་། རིན་པོ་ཆེའི་རིགས་དག་གཞན་ལག་ཏུ་སྤྲོད་པའི་བྱ་ངན་གྱི་མགོ་བརྩམས་ཤིང་། ཕ་ཡི་ཅ་ལག་དགྲ་ལག་ཏུ་བཞག་སྟེ་བུ་འཁྱོངས་སོང་ཁུལ་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་གྱུར་ཞིང་། ཡོད་ཚད་སྒོར་མོ་ཁོ་ནར་བརྗེ་བའི་ངན་ལོབས། ཐ་ན་ལག་ཏུ་བགྲང་གིན་པའི་ཕྲེང་བ་ཡང་མཚམས་དེ་ནས་གཞན་ལ་བཙོང་བའི་ངན་དེ་སྲི་ཐར་ལ་མ་འབྲེལ་བ་ཞིག་གཏན་ནས་མེད་དོ།།
རྒྱུ་མཚན་ཅི་ཡིན་མི་ཤེས་མོད། དེ་ནས་བཟུང་སྲི་ཐར་ཚང་ལ་ན་ཚ་དང་གོད་ཆག་འགའ་རེ་བསྟུད་མར་བྱུང་ཞིང་། སྲི་ཐར་གཙོས་ཁོ་ཚང་གིས་ཀྱང་གཟི་བཙོང་བའི་དོན་དག་དེ་ལ་འབྲེལ་བ་ཡོད་ཚུལ་གྱི་རྣམ་རྟོག་གི་སྨུག་པ་རབ་རིབ་ཀྱིས་ཡིད་ཀྱི་རི་ལུང་ཐང་གསུམ་ཡོངས་སུ་གཡོགས་སོང་།
ལོ་འགའ་འགོར་ཞིང་གཟིའི་རིན་གྱི་སྒོར་མོ་ཡང་ཡོངས་སུ་བརླག་ཚར་སོང་། ད་ནི་ཁོས་ཕྱིར་འདང་བརྒྱབ་ཀྱིན་བརྒྱབ་ཀྱིན་ཕ་རྒན་གྱི་སྐད་ཆ་དག་འཕྲོ་རིམ་འཕྲོར་ཡིད་ཀྱི་མེ་ལོང་ངོས་སུ་གཟུགས་ཅན་བཞིན་ཝ་ལེར་མངོན། གསལ་ལེར་ཤར། ཕ་རྒན་གྱིས་བཤད་པའི་གཟིའི་རིན་ཐང་དང་། ལུང་བསྟན་ལྟ་བུའི་སྙིང་གཏམ་དག་གི་རིན་ཐང་ཡང་། ག་ལེར་རྟོགས། ཡུན་གྱིས་ཚོར། ཡིན་ཡང་ད་ནི་ཡོད་ཚད་འཕྱི་སོང་། ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ཉམས་མ་ཤེས་པས།འ གྱོད་པ་ཅི་ཙམ་སྐྱེས་ཀྱང་འཕྱི་སོང་། རིན་ཐང་རྨང་ནས་རྟོགས་ཀྱང་ཚར་སོང་།
ད་ནི་སྲི་ཐར་གྱིས་རང་སྡུག་རང་གིས་ཉོས་ཤིང་། འགྱོད་གདུང་གི་འདམ་དུ་ནུབ་སྟེ་བསམ་གཞིག་འདི་ལྟར་བྱས། ཁོའི་རྗེས་རབས་སམ་བུ་ཕྲུག་དག་གིས་ཁོ་ཚང་ལ་དེ་འདྲའི་རིན་ཐང་གཞལ་མེད་ཀྱི་གཟི་མིག་དགུ་ཞིག་ཡོད་མྱོང་བའི་གནའ་གཏམ་ལ་ཉན་པ་ལས། མིག་གི་དགའ་སྟོན་དུ་བཤམས་མ་ཐུབ་ལ། ཁྱིམ་གྱི་ཚེ་ནོམ་དང་། ཕུགས་ཀྱི་མནོག་སྐལ་དུ་ཡང་མངོན་མ་ཐུབ། ཐ་ན་གཟིའི་རིན་ཐང་ཡང་མི་ཤེས་པའི་མི་ཚད། དེའི་ཐོག་མའི་འབྱུང་ཁུངས་བོད་ཡིན་པ་སོགས་ཤེས་མི་སྲིད་པ་སོགས་ནི། ཅི་འདྲའི་སྲོལ་རྒྱུན་རིག་གནས་རིགས་ཤིག་གི་ཉམས་རྒུད་ཆེན་པོ་ཞིག་གི་སྔ་ལྟས་རེད་ཨང་། ད་དུང་བོད་མི་ཚང་མས་འདི་ལྟར་རིན་པོ་ཆེ་དག་གཞན་ལག་ཏུ་སྤྲད་ན། ནམ་ཞིག་ཡོད་ཚད་བཙོངས་ཚར་ཏེ་བོད་ན་གཟི་སོགས་མཐོང་རྒྱུ་མེད་ཅིང་། ནམ་ཞིག་ཕྱིའི་རྒྱལ་ཁབ་ཀྱིས་ཕྱིར་བཤམས་སྟོན་བྱ་སྲིད། ད་དུས་སྙིང་རླུང་སྟོད་དུ་འཚང་སྲིད་ལ། གྱོང་གུད་ཆེན་པོ་རེག་ཡོད་སྲིད། སོགས་འདི་ལྟར་བསམ་གྱིན་བསམ་གྱིན་བྱས་འགྱོད་དྲག་པོ་ཞིག་གིས་ཁོའི་ཡིད་སེམས་ལ་རྨ་ཁ་མེད་པའི་ན་ཟུག་སོས་མེད་ཅིག་བསླངས་སོང་ལ།རྨི་ལམ་གྱི་ཁྲོད་ནས་ཡོང་ཞིང་རྨི་ལམ་གྱི་ཁྲོད་ནས་ཡལ་བའི་གཟི་མིག་དགུ་དེ་འདི་ལྟར་རྩ་བ་ནས་ས་ལ་བརྡབས་སོང་བས།མི་ཚང་མས་ཀྱང་སྲི་ཐར་ལ་ལྐོག་ནས་མྱི་ཁ་སྣ་ཚོགས་གཏོང་གིན་འདུག དེ་ནི་སྲི་ཐར་གྱི་མི་ཚེ་འདིར་བྱུང་བའི་བློ་འགྱོད་བཟློག་ཏུ་མེད་པ་ཞིག་ཏུ་གྱུར་སོང་ངོ་།།
 
རྩོམ་སྒྲིག་པ། : lalong1985
མཉམ་སྤྱོད །     
    匿名评论
  • 评论
人参与,条评论