གཞེས་ཉིན་ནི་གནས་འགྲོ་བའི་ཉིན་མོ་རེད།
ཟླ་བ་ལྷ་མོ་ནི་མགོ་བོ་ཐུར་དུ་དུད་ཅིང་མུ་ཏིག་རྡོག་པོ་ཞིག་ས་རུ་འཐོར་བ་བཞིན་འཁུར་ངོས་ནས་མིག་ཆུ་དབང་མེད་དུ་བཞུར་བཞིན་འདུག མཚམས་རེར་ཤུག་རིང་ནར་ནར་རེ་བཏང་ནས་བྲང་གཞུང་དུ་ལག་མཐིལ་གྱིས་ཡང་ཡང་མནན་ནས་ལྐོག་ཏུ་ངུ་རྒྱངས་རེ་བྱེད་ཅིང་ཡོད། མོ་དང་མཉམ་དུ་ནར་སོན་པའི་རྩེད་ཡ་དང་དགོད་གྲོགས་གཅིག་པུར་གྱུར་བའི་ནུ་མོ་ཆུང་བ་ལྷ་མོས་ཟླ་བ་ལྷ་མོ་ཁྱེད་ལ་ཅི་ཞིག་བྱུང་སོང་ཟེར། ཟླ་བ་ལྷ་མོས་ཨ་མ་དང་ཨ་ཕ་གཉིས་ཀྱིས་གུས་མོ་ཆ་མེད་རྒྱུས་མེད་ཀྱི་དུད་ཚང་ཞིག་ཏུ་གནས་རྫོངས་བརྩིས་ཡོད། ང་དགའ་ས་ནི་སྨོན་ལམ་ཡིན་པ་སྡེ་བ་ཀུན་གྱིས་ཤེས། ངེད་གཉིས་ནི་ལོ་ཧྲིལ་བོ་དྲུག་གི་རིང་ལ་བརྩེ་གདུང་གི་རྨང་གཏིང་ནས་ཡོང་བ་ཡིན་པས། ཁ་ཁར་བྲལ་ནས་ཆ་མེད་རྒྱུས་མེད་ཀྱི་དུད་ཚང་ཞིག་ཏུ་འགྲོ་དགོས་ན། ང་མ་ཤི་དམྱལ་བ་ལྷུང་བ་ཅིའི་ཕྱིར་མིན། སྨོན་ལམ་ངེད་གཉིས་ལྷན་དུ་མ་རེད་ན། ཚེ་འདིར་མོ་རྐྱང་ལུས་སོང་ཡང་གཞན་གང་ལ་ཡང་མི་འགྲོ་ཟེར་ནས་སླར་ཡང་མིག་ཆུ་ཐར་ཐོར་བཏང་བྱུང་། ལྷ་མོ་འཚུབ་ཆ་ལངས་ཏེ་ཡར་འགྲེང་ཞོར་བཤད་རྒྱུ། ཨ་ཕ་དང་ཨ་མ་གཉིས་ཀྱིས་ཀྱང་ཁྱེད་ཀྱི་བདེ་སྐྱིད་བསམ་པ་རེད། ཨ་ཅེ་བསམ་གཏན་ལྷ་མོ་ཡང་རི་སྒོ་ཚང་ལ་འདིར་ལྟར་གནས་སོང་བ་མ་ཡིན་ནམ། ཕྱུག་གཡང་ཚང་ནི་ཁྱིམ་ཚང་ཕྱུག་པོ་ཞིག་ཡིན་པར་མ་ཟད་བཀྲ་ཚེའི་ཕ་དོན་མཐར་དང་ཨ་ཕ་གཉིས་ཚོང་གྲོགས་ཀྱང་རེད།
ཁྱེད་ཀྱི་སེམས་ནང་སྡུག་བསྔལ་དེ་འདྲ་ཆེན་པོ་ཡོད་དགོས་དོན་མི་འདུག ཅེས་ཟེར་ནས་གོམ་སྟབས་མྱུར་ལེན་བྱས་ཏེ་བུད་སོང་།
ཟླ་བ་ལྷ་མོས་དངན་པ་རིང་བོ་འགའ་འཐེན་ནས་ནམ་རྒྱུན་སྨོན་ལམ་དང་མཉམ་དུ་འཛོམ་སའི་སྨན་ཚང་གི་ཁང་རྒྱབ་ཀྱི་རི་འབུར་སྟེང་དུ་འགོས་ནས་མི་ཟུང་གཉིས་མདུན་གྱི་འཕྲེད་ལམ་དུ་ཅེར་ཏེ་ཡུན་རུང་དུ་སྨོན་ལམ་སྒུག་ཀྱང་ཐ་ན་བྱིའུ་ཡི་གྲིབ་མ་ཙམ་ཡང་མ་མཐོང་བས་སེམས་སྡུག་གི་མཆི་མ་ལྡབ་འགྱུར་གྱིས་བྲུག
འཇིག་རྟེན་འདིར་སྙིང་པོ་མི་འདུག་་་་ང་ཤི་ན་འདོད་ཀི་ཟེར་ནས་ལས་དབང་ལ་འཁང་ར་བྱས་ནས་ཁྱིམ་དུ་ལོག སྨོན་ལམ་ནི་
ཟླ་བསམ་གྱིས་བཤད་པའི་སྐད་ཆ་དེ་ཡིད་ལ་དྲན་ཐེངས་རེས་སྨོན་ལམ་གྱི་རེ་བའི་གཙང་བོ་དེ་དགུན་གྱི་གྲང་ངར་གྱིས་བསྡམས་པ་ལྟར་སེམས་པ་འཁྱག་སིབ་སིབ་ཏུ་བཏང་བས་ཡོང་མ་ཐུབ།
ཟླ་བསམ་གྱིས་འདི་ལྟར་བཤད།སྨོན་ལམ་སྣ་ཆེ་ཁྱེད་ངེད་ཚང་གི་ཟླ་བ་ལྷ་མོ་དང་འབྲེལ་འདྲིས་ཉུང་དུ་ཐོངས། ཁྱེད་འདྲ་མི་རྒྱུ་མེད་ཅིག་ངའི་བུ་མོ་ལ་མཛའ་རྒྱུ་མ་རེད། མོ་ཁྱེད་དང་ལྷན་དུ་འཚོ་བ་རོལ་ན། སྡུག་བསྔལ་མ་གཏོགས་བདེ་སྐྱིད་མེད། ཟེར།
གཞེས་ཉིན་ནི་གནས་འགྲོ་བའི་ཉིན་མོ་རེད།
ཟླ་བསམ་གྱིས་སྨོན་ལམ་ལ་བཤད་པའི་གཏམ་དེ་ཟླ་བ་ལྷ་མོའི་རྣ་ལམ་དུ་རིམ་གྱིས་མཆེད་བྱུང་།
ཟླ་བ་ལྷ་མོའི་རང་གི་ཕ་རྒན་ཟླ་བསམ་ལ་ཁྱེད་ཀྱིས་འདི་ལྟར་བཤད་དོན་ཅི་ཡིན།
ང་ཚེ་འདིར་སྨོན་ལམ་མཉམ་དུ་མ་རེད་ན་སུ་དང་ཡང་མི་འདུག་ཟེར་ནས་འུ་ཐུག་གི་ཉམས་ཤིག་ཤར་ནས་མགོ་བོ་སྨད་བྱུང་།
ཟླ་བསམ་གྱིས། བུ་མོ་འདི། གདོན་གྱིས་བཟུང་འདུག གཞེས་ཉིན་ཁྱེད་ཕྱུག་ཚང་གི་བུ་འབྲིང་བ་བཀྲ་ཚེ་ལ་གནས་འགྲོ་དགོས་རེད། སྨོན་ལམ་སྣ་ཆེ་དང་ཁྱེད་གཉིས་འབྲེལ་འདྲིས་ཡོད་ན་ཕྱུག་ཚང་གིས་གོ་ལོག་ཐེབས་རེད། ད་མི་བཤད། གནས་ལ་འགྲོ་རྒྱུ་གྲ་སྒྲིག་བྱོས་ཟེར་ནས་དུ་བ་སྔོ་ལྷོག་ལྷོག་རྔུབ་བྱུང་།
ཟླ་བ་ལྷ་མོས་སླར་ཡང་། ང་སྨོན་ལམ་མ་གཏོགས་གནས་གང་ལ་ཡང་མི་འགྲོ་ཨ་ཕ་ལོ་ལོ། གཅིག་ནི་དེང་སང་གཉེན་སྒྲིག་རང་དབང་ཡོད་རེད།ཕ་མ་ཡིན་ཡང་རང་གི་བུ་ཕྲུག་ལ་བཙན་ཤེད་གྱིས་མཉེན་སྒྲིག་ཏུ་འཇུག་པ་དང་བུ་ཕྲུག་ཚོང་རྫས་སུ་བརྩིས་ནས་རྒྱུ་ནོར་ཐོབ་པའི་ཆེད་དུ་གནས་ལ་བརྫངས་ན་ཁྲིམས་འགལ་རེད། གཉིས་ན་ང་ལོ་བཅུ་དགུ་ཡང་ལེན་མེད་པས་ཁྱིམ་མི་དང་ལྷན་དུ་འདུག་ན་ཕྱི་མི་འདུག མོ་ལོ་ཉི་ཤུ་ལེན་དུས་ང་སྨོན་ལམ་ལ་གནས་འགྲོ་རྒྱུ་ཡིན། ངེད་གཉིས་ཕན་ཚུན་བརྩེ་བའི་ཆུ་མིག་བརྡོལ་ཡོད། གསུམ་ཕྱུག་ཚང་གི་བུ་འབྲིང་བ་བཀྲ་ཚེ་ངེད་གཉིས་ལ་བརྩེ་དུང་མེད་པར་མ་ཟད། ཐ་ན་ཇ་ཁམ་གང་ཡང་ལྷན་དུ་འཐུང་མ་མྱོང་། ཨ་ཕ་ལོ་ལོ་ཟེར་ནས་ཞུ་བ་བྱས།
ཟླ་བསམ་དཔྲལ་བ་ནས་གཉེར་མ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཤིང་ངོ་ནག་རོག་གེར་གྱུར་ནས་ཁྱེད་ཀྱིས་ཕ་མའི་ཁ་ཡང་མི་ཉན་དམ། རང་གི་བུ་མོ་སུ་ལ་གནས་སྦྱིན་རྒྱུ་ནི་ཕ་མའི་ལག་ན་ཡོད་རེད། ངས་ཁྲིམས་ལུགས་མི་ཤེས། འདི་གནས་ནས་ད་བར་བརྒྱུད་ཡོང་བའི་སྡེ་བ་འདིའི་གོམས་སྲོག་རེད། ཁྱེད་སྨྱོས་སོང་བ་རེད་དམ་ཟེར་ནས། རྔུབ་བཞིན་པའི་དུ་བ་ཤེད་ཀྱིས་ས་རུ་འཕངས་ནས་ནང་སྒོ་ཁྲོག་སེ་བརྒྱབ་སོང་། ཟླ་བ་ལྷ་མོ་རྟབ་རྟབ་པར་གྱུར་ནས་ཡང་བསྐྱར་ཁ་ནས་གོམས་སྲོལ་ནི་མི་བཟོས་པ་མ་ཡིན་ནམ། ཅིའི་ཕྱིར་གོམས་སྲོལ་ངན་པ་ལ་བཟོ་བཅོས་རྒྱག་མི་ཆོག ང་རང་གི་གཉེན་སྒྲིག་རང་གིས་གོ་སྒྲིག་བྱེད་ཆོག་རེད་ཟེར་ནས་ངུ་རྒྱངས་ཐེངས་འགའ་བྱས།
གཞེས་ཉིན་ནི་གནས་འགྲོ་བའི་ཉིན་མོ་རེད།
སྨན་ཚང་གི་ཁྱིམ་མཚེས་གཡས་གཡོན་ཚང་མས་ཟླ་བ་ལྷ་མོས་ངུ་རྒྱངས་བྱས་པ་གོ་སོང་།ཅི་ཞིག་བྱུང་སོང་བསམ་ནས་སྡེ་དཔོན་མཐར་མཁོ་དང་གཞན་ཡང་སྡེ་བའི་བསམ་ཤེས་འགའ་བསླེབས་བྱུང་།ཟླ་བ་ལྷ་མོའི་ཨ་མ་ཆོས་ཉིད་ལྷ་མོས་བཤད་དོན་གཞེས་ཉིན་ཟླ་བ་ལྷ་མོ་གནས་ལ་འགྲོ་རན་རེད། འོན་ཀྱང་མོས་ཕ་མའི་ཁ་མ་ཉན་ནས་ཟླ་བསམ་དང་ཁ་རྩོད་རྒྱག་ནས་ངུ་རྒྱངས་བྱས་པ་རེད། འདི་ཚོ་ལ་གཤོག་པ་ཐོགས་སོང་བས། ཕ་མའི་བཀའ་ཡང་སྣང་མེད་དུ་གཡུག་ཀི ད་ཅི་བྱ་ཟེར་ནས། སྡེ་དཔོན་ལ་ཅི་ཞིག་བཤད་རོགས་གྱིས་ཞེས་པའི་བརྡ་ཞིག་འཕངས་བྱུང་། སྡེ་དཔོན་གྱིས་ཟླ་བ་ལྷ་མོའི་མགོ་ལ་བྱིལ་བྱིལ་ཐེངས་འགའ་བྱས་ཤིང་། ཕ་མ་གཉིས་ཀྱིས་ཁྱེད་ཀྱི་བདེ་སྐྱིད་བསམ་པ་རེད།རང་གི་བུ་མོ་མི་གཅེས་པའི་ཕ་མ་སུ་ཡོད། ཁྱེད་ཀྱིས་ཕ་མ་གཉིས་ཀྱི་ཁ་བླངས། གཞེས་ཉིན་ཕྱུག་ཚང་ལ་གནས་སོང་ ད་རུང་ཕ་མས་རང་གི་བུ་མོ་གནས་སྦྱིན་རྒྱུ་ནི་སྡེ་བ་འདི་ཡུལ་སྲོག་རེད་ཅེས་བཤད།
གཏམ་དེས་ཟླ་བ་ལྷ་མོའི་མིག་ཀོང་མཆི་མས་བརླན་ཞིང་གློ་དང་མཆིན་པའི་བར་ནས་ཟུག་རྔུ་ཤུར་ཤུར་དུ་ལྡང་བྱུང་། གནས་ལ་འགྲོ་བའི་དུས་ཚོད་ཇེ་མགྱོགས་ནས་ཇེ་མགྱོགས་རེད།ཟླ་བ་ལྷ་མོའི་སེམས་ཀྱི་སྡུག་བསྔལ་ཡང་ཆེ་ཆེར་སོང་ཡང་།
མགོ་ནག་སྐྱིད་སྡུག་གནམ་ལ་དབང་ཞེས་པ་ལྟར། གནམ་གྱི་བཀོད་བསྒྲིགས་དང་བསྟུན་དགོས་པས། ཚེ་འདིར་སྡུལ་བསྔལ་གྱི་རྒྱ་མཚོ་འཁྱིལ་སོང་ཡང་ངའི་ལས་ཡིན་རྒྱུ་རེད་ཟེར་ནས་འགྲོ་ལུགས་བསྒྲུབ།
གཞེས་ཉིན་ནི་གནས་འགྲོ་བའི་ཉིན་མོ་རེད། །
རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།