འདི་ནི་སྤྱིར་བཏང་གི་རྐུབ་སྟེགས་ཤིག་སྟེ། རྐུབ་སྟེགས་འདི་ནི་གསེར་གྱིས་བཟོས་པ་མིན་ལ་དངུལ་གྱིས་དཀྲིས་པའང་མིན། རྐུབ་སྟེགས་འདི་ལ་དགའ་མཁན་ནི་ཁོ་དང་ཁོ་ལྟ་བུའི་རིགས་ཏེ། རྐུབ་སྟེགས་འདི་ལ་བསྡད་ནས་ལོ་མང་འགོར་བའི་མི་ལ་ད་གཟོད་དྲག་མི་སྲིད་པའི་ནད་ཡམས་འགོས་ཡོད། ཐོག་མ་ནས་མཐའ་མའི་བར་དུ་རྐུབ་སྟེགས་འདི་ལས་མི་རེ་རེར་ནད་ཡམས་སྣ་ཚོགས་འགོས་བཞིན་ཡོད་ནའང་། མི་རྣམས་སྔར་བཞིན་རྐུབ་སྟེགས་འདི་ལ་དགའ་བ་ཚད་མེད་སྐྱེས་བཞིན་འདུག
རྐུབ་སྟེགས་རྒྱབ་བསྙེས་མ་འདི་ནི་འཕལ་ག་གང་ཞིག་འཕྲོད་བྱེད་ཀྱི་ཁྲིའུ་རྙིང་པ་ཞིག་སྟེ། མི་རྣམས་ཀྱི་འཕོངས་ཚོས་འདི་ལ་འཕྲོད་ཚེ་སྐད་ཅིག་ཉིད་དུ་ཡིད་ཁམས་བདེ་བར་གྱུར་འགྲོ།
ཛམ་ལྷ་ནི་གྲོང་ཁྱེར་ནས་བྱ་བ་བསྒྲུབས་ནས་ལོ་མང་འགོར་བའི་མི་དེའི་རིགས་ཡིན་ལ། ཁོས་གྲོང་ཁྱེར་གྱི་འཚོ་བ་རོལ་ནས་ལོ་མང་འགོར་ནའང་གྲོང་ཁྱེར་གྱི་འཚོ་བས་ཁོ་ལ་སུན་སྣང་གིས་གཙེས་ཤིང་སྡུག་བསྔལ་གྱི་རྨ་ཁ་ཡང་ཡང་སློང་བས་གྲོང་ཁྱེར་གྱི་འཚོ་བར་འབྲེལ་ཟམ་ཞིག་འཛུགས་རྒྱུ་ནི་ཁོ་ལ་མཚོན་ན་ཅི་འདྲའི་དཀའ་ཁག་ལྡན་པ་ཞིག་རེད་ཨང་།
ལས་ཁུངས་སྣ་མང་བརྗེ་དགོས་ཤིང་། བྱ་བ་སྣ་མང་སྒྲུབ་པ་ནི་གྲོང་ཁྱེར་གྱི་མིའི་འཚོ་བ་རོལ་སྟངས་ཤིག་སྟེ། གྲོང་ཁྱེར་གྱི་མིའི་འགྲོ་འདུག་སྤྱོད་གསུམ་དང་འབྲལ་ཐབས་མེད་པ་ཞིག་ཀྱང་རེད། རྒྱུ་རྐྱེན་དེ་དག་གི་དབང་གིས་ཛམ་ལྷའང་མིག་སྔའི་བར་དུ་ལས་ཁུངས་གསུམ་བརྗེས་ཤིང་། 2004ལོར་ཛམ་ལྷ་གྲོང་ཁྱེར་འདིར་སླེབས་ནས་ཐོག་མར་གློག་བརྙན་སྐད་སྦྱོར་གྱི་ལས་ཁུངས་ཤིག་གི་སྒོ་སྲུང་བའི་ལས་ཀ་གཉེར། ཁོར་སྒོ་འབྱེད་སྤྱད་ཀྱི་ལྡེ་མིག་ལག་ཏུ་ཐོབ་པ་ནས་བཟུང་རང་ཉིད་ཀྱི་དམིགས་ཡུལ་འགྲུབ་སོང་བའི་སེམས་ཚོར་ཞིག་སྐྱེས་ཞོར། རྗེས་སུ་ལས་ཞུགས་རྣམ་འགྱུར་སོགས་ཕྱོགས་གང་ཅིའི་ཐད་ནས་ཅུང་ལེགས་པས་ལས་ཁུངས་དེ་གའི་ཀྲུའུ་རེན་སྐྱ་བྷའི་རླངས་འཁོར་ཁ་ལོ་པར་གྱུར།
ཛམ་ལྷ་སྡོད་སའི་ལས་ཁུངས་དེའི་སྔོན་གྱི་མགོ་བའི་མིང་ལ་སྐྱ་བྷ་ཟེར། ནངས་མོ་ཞིག་ལ་ཁོས་ཀྲུའུ་རེན་སྐྱ་བྷར་འབྱོར་བའི་ཡི་གེ་ཞིག་དངོས་སུ་ཀྲུའུ་རེན་གྱི་གཞུང་སྒྲུབ་ཁང་དུ་བསྐྱལ་སོང་བས་ཀྲུའུ་རེན་གྱིས་ཀྱང་ཁོ་ལ་ལྟ་ཚུལ་ཡག་པོ་ཞིག་བཟུང་ཡོད། ཕར་བལྟས་ན་ཀྲུའུ་རེན་གྱི་ཁ་ལོ་པར་གྱུར་ཐུབ་པའི་ཐོག་མའི་རྨང་ཡང་དེ་ནས་ཚུགས་པ་ཡིན་འདྲ།
ལས་ཁུངས་འདིའི་དོན་དག་སྣ་མང་གི་ཕྱིར་དུ། ཀྲུའུ་རེན་ག་ས་ཀུན་ཏུ་ཆས་དགོས་ལ་ཀྲུའུ་རེན་གང་དུ་འགྲོ་དུས་ཁོས་གཡས་སྐྱོར་གཡོན་སྐྱོར་གྱིས་ཀྲུའུ་རེན་གྱི་ཁུག་མ་འཛིན་པའམ། ཡང་ན་ཇ་ཕོར་སྐྱོར་བ། ཆར་གདུགས་འཛིན་པ་སོགས་ཕྱོགས་གང་ཐད་ནས་ཀྲུའུ་རེན་སྐྱ་བྷར་ཞབས་ཞུ་གང་ལེགས་བསྒྲུབས་པས། ཀྲུའུ་རེན་སྐྱ་བྷ་ལས་འཁྱུར་ངལ་གསོ་མ་བྱས་པའི་སྔོན་ལ་ཁོའི་ལས་ཞུགས་གནད་དོན་ཐག་གིས་བཅད་དེ།ཁོར་ཡང་ལས་ཁུངས་དེའི་ནང་གི་ཆེས་སྤྱིར་བཏང་གི་ལས་བྱེད་པ་ངོ་མ་ཞིག་གི་མིང་བྱང་བསྩལ། དེ་ནི་ཀྲུའུ་རེན་སྐྱ་བྷའི་བཀའ་དྲིན་ཡིན་པ་བརྗེད་དུ་མེད། ཀྲུའུ་རེན་སྐྱ་བྷ་ལས་འཁྱུར་ངལ་གསོ་བྱས་པ་ནས་བཟུང་ཛམ་ལྷས་ནམ་རྒྱུན་ཉི་མ་རེ་རེ་སྟོང་བསམ་གྱི་བར་ནས་བསྐྱལ་ཞིང་ཐ་ན་འགྱུར་ལྡོག་ཅི་ཡང་མེད་ལ་འཕེལ་རྒྱས་ཀྱང་མེད་པར་སྔར་བཞིན་ཁུག་མ་ནག་པོ་དེ་དང་མདོག་འགྱུར་བའི་མིག་ཤེལ་ནག་པོ་དེ། རས་ལྭ་ནག་པོ་དེ་དག་གྱོན་ནས་དུས་ལྟར་ལས་ཚོགས་སུ་ཞུགས་རྒྱུ་ནི་ཁོའི་སྒྱུར་ཐབས་མེད་པའི་འོས་འགན་ཞིག་ཏུ་བསམས་ཡོད།
གྲོང་ཁྱེར་ནས་རང་ལ་དབང་བའི་ཁང་པ་ཞིག་ཉོ་རྒྱུ་ནི་ལས་སླ་མོ་ཞིག་མ་ཡིན་ཏེ། ཁོས་ཁང་རྩེག་མཐོན་པོ་ཞིག་གི་རྩེག་རིམ་གོང་མ་ནས་རང་དང་འཚམ་པའི་ཁང་པ་ཞིག་གླས་ཡོད། དེ་ནས་ཕ་ཡུལ་ལ་རྒྱང་ལྟ་བྱས་ཆོག མི་ཡུལ་ལ་སྤྱན་གྱིས་གཟིགས་ཆོག ཁོ་རང་རྣམ་ཀུན་ཁང་རྩེག་མཐོན་པོ་ཞིག་གི་སྟེང་ལ་འགོས་ཏེ་གཟུགས་བྱད་ཆུང་བའི་རྐང་འོག་གི་མི་ལ་བལྟ་རྒྱུར་དགའ་ཞིང་། ཁོས་དེ་ལྟར་བལྟས་ནས་ལོ་ངོ་ག་ཚོད་ཅིག་འདས་ཟིན་པའང་གསལ་ཆ་ཆེན་པོ་མེད་མོད། གཞན་གྱིས་ཁོ་ལ་བསྐྱིས་དངུལ་གཏའ་མར་བཞག་པའི་རྐུབ་སྟེགས་རྒྱབ་བསྙེས་མ་དེས་ཁོའི་མི་ཚེ་ཧྲིལ་པོ་ཡུན་གྱིས་བསྐྱལ།
གྲོང་ཁྱེར་གྱི་འུར་ཟིང་ལ་ནམ་ཡང་འཇགས་ཐབས་བྲལ་ནའང་། ཛམ་ལྷ་ནི་རང་གི་ཁང་མིག་ཆུང་ངུ་དེ་ནས་གཉིད་བདེ་མོ་ཁུགས་པའི་ཕག་པ་ཞིག་དང་ཀུན་ནས་འདྲ། ལྟོས་དང་། གྲོང་ཁྱེར་གྱི་བཞི་མདོ་ནི་མི་དང་མིའི་ཞལ་ངོ་གསལ་པོར་མཐོང་ཐུབ་པའི་སེམས་ཀྱི་རྒྱུ་ལམ་ཞིག་སྟེ། མིས་མི་ལ་བལྟས་ཤིང་། མི་མི་ལ་སྐྲག་ནས། མི་མི་ལ་འཛེམ་བཞིན། དམིགས་ཡུལ་འགྲུབ་སླ་བའི་མི་ནི་ཐེ་ཚོམ་མེད་པར་མདུན་དུ་སྤོ་ལ། དམིགས་ཡུལ་འགྲུབ་དཀའ་བའི་མི་ནི་ད་གཟོད་མཛུབ་མོ་གར་བསྟན་ཁོ་ནར་སྤོ། འཚོ་བ་སྡོམ་རྒྱ་བཞིན་འཐེན་པའི་བྲེལ་ལོང་གི་བར་གསེང་ནས་རང་ཉིད་ཀྱི་རྐང་པ་སྤོ་སའི་ས་ལག་མཐིལ་ཙམ་ཡང་རང་ཉིད་ལ་མི་དབང་ཞིང་གྲོང་ཁྱེར་ཆེན་པོ་རུ་གཞི་ནས་རང་ཉིད་ཇེ་ཆུང་ནས་ཇེ་ཆུང་དུ་འགྱུར་བཞིན་ཡོད་པ་རང་ཉིད་ཀྱིས་ཚོད་དཔག་བྱེད་ཐུབ།
ང་རང་ཐོག་དང་པོར་གྲོང་ཁྱེར་འདིའི་སྒོ་ཐེམ་འགྲིམ་དུས་ཐོག་མར་ངོ་ཤེས་པ་ནི་ཛམ་ལྷ་རེད། ཛམ་ལྷ་ངོ་ཤེས་དོན་ཡང་རང་གི་དགའ་ཕྱོགས་ལྟར་གྱི་སྐད་སྦྱོར་དང་སྙན་སྒྲོན་གྱི་ལས་རིགས་འདིའི་ཆེད་དུ་ཡིན་པ་འདྲ། ངས་ཤེས་དུས་ཛམ་ལྷ་དང་ཕྱུག་མཚོ་གཉིས་ཀ་བཟའ་འཐོར་བྱུང་ནས་ལོ་ངོ་མང་པོ་འདས་ཟིན། དེ་དུས་ང་རང་སློབ་ཆེན་གྱི་ལོ་རིམ་དང་པོའི་སློབ་མ་ཞིག་ཡིན། ཛམ་ལྷས་ད་བར་དུ་ང་ལ་སྐད་སྦྱོར་གྱི་ཕྱོགས་ནས་མཛུབ་སྟོན་གང་མང་གནང་བས། ཛམ་ལྷ་ནི་རང་གི་དགའ་ཕྱོགས་འདིའི་ལམ་སྟོན་གནང་མཁན་གྱི་དགེ་རྒན་ཐོག་མ་རུ་བགྲང་ཆོག
ཁ་སང་ཕྱི་དྲོར་ང་དང་དགའ་ཕྱོགས་གཅིག་པའི་སློབ་གྲོགས་རྡོ་རྗེ་ཡིས། “ཛམ་ལྷས་སྔོན་ཆད་རང་གི་ཆུང་མར་ཤིན་ཏུ་གཅེས་ལ། གཅེས་རྒྱུ་མང་དྲགས་པས་ཁོ་གཉིས་བཟའ་འཐོར་བྱུང་སོང”ཟེར། ངས“གཅེས་རྒྱུ་མང་དྲགས་ན་ཅིའི་ཕྱིར་བཟའ་འཐོར་འབྱུང་དགོས་སམ”ཞེས་དྲིས་ཚེ་སློབ་གྲོགས་རྡོ་རྗེས་ཡང་བསྐྱར“ཨ་ནེ་ཕྱུག་མཚོ་སྐྱེས་པ་གཞན་ཞིག་ལ་འགྲོགས་ནས་བྲོས་སོང་ཟེར། དོན་དུ་ཁོ་གཉིས་བཟའ་འཐོར་བྱུང་བ་མ་རེད། གཅིག་གིས་གཅིག་ལ་ཁྲེལ་མེད་བཅོས་པ་རེད། ཧ་ཧ་ཧ”ཞེས་འཆལ་དགོད་ཅིག་རྒྱག་ཞོར་སྒོ་ཕྱིར་ཆས། གང་ལྟར་ཀུ་རེའི་ཚུལ་གྱི་སྐད་ཆ་ཞིག་ཡིན་ནའང་འདྲ། ཁོ་ལ་རྒྱུས་ལོན་བྱེད་རྒྱུ་ནི་ཤིན་ཏུ་དཀའ་སྟེ། ཁོ་ལ་མ་གཞི་ནས་ནད་ཅིག་ཡོད་པ་ངས་སྔ་མོ་ནས་གོ་མྱོང་། ཡིན་ཡང་ནད་དེའི་འབྱུང་རྐྱེན་དང་ཚབས་ཆེ་འདུག་སོགས་གསལ་པོར་རྟོགས་མ་སོང་། ཉིན་འདི་གར་ཁོའི་ནད་རྙིང་དེ་ཡང་བསྐྱར་འཕར་ནས་ཏག་ཏག་སྨན་ཁང་དུ་འདུག་དགོས་བྱུང་མོད། ཡིན་ཡང་ཁོས་ཨུ་ཚུགས་ཀྱིས་ཉི་མ་རེ་རེ་འདི་ལྟར་འགོར་འགྱངས་བྱེད་བཞིན་འདུག མ་གཞི་ཁོ་ལ་ཁྲེལ་མེད་བཅའ་དོན་ཡང་ནད་འདི་ལ་འབྲེལ་བ་ཡོད་པ་ཨེ་ཡིན་ནམ།
ནམ་རྒྱུན་ལས་ཚོགས་གྲོལ་རྗེས་ཛམ་ལྷ་རྒྱ་གྲོང་དུ་ཉུལ་རྒྱུར་ཤིན་ཏུ་དགའ། ཁོ་རང་འཚང་ཁ་ཤིག་ཤིག་གི་མི་ཚོགས་ཀྱི་གསེང་དུ་འཚང་བཞིན། མི་དང་བར་ཐག་ཇི་ལྟར་ཉེ་ན་དེ་ལྟར་བདེ་འཇགས་ཡིན་ལ། ཇི་ལྟར་འུར་ཟིང་ཆེ་ན་དེ་ལྟར་ལྷིང་འཇགས་ཡིན་པའི་ཚོར་སྣང་སྐྱེས།
ད་ནངས་ཞོགས་པར་ཚང་མ་ལས་ཚོགས་སུ་ཞུགས་ཡོད་དུས་ཁོས་གཉིད་མ་སད་ཀྱིས་གཏམ་ཞིག་ལབ་བྱུང་། “ངས་ཐོག་མར་གསེར་གྱི་རྐུབ་སྟེགས་ཤིག་ཉོས། དེ་ཁྲབ་རྨོག་མནབས་པའི་མི་དེ་དག་གིས་ཕྲོགས་སོང་། དེ་ནས་ངས་དངུལ་གྱི་རྐུབ་སྟེགས་ཤིག་ཉོས། དེ་ནུབ་ལྭ་གྱོན་པའི་མི་དེ་དག་གིས་བརྐུས་སོང་། མཇུག་མཐར་ངས་ཤིང་གི་རྐུབ་སྟེགས་ཤིག་ཉོས། དེ་ཁ་ངོ་འཛུམ་པའི་གྲོགས་དག་གིས་གཡར་སོང་། ད་ནི་ང་ལ་རྐུབ་སྟེགས་མེད་པར་ཀྲོང་ངེར་ལངས་ཡོད། རྐུབ་སྟེགས། རྐུབ་སྟེགས། ང་ཡི་རྐུབ་སྟེགས། ཁྱེད་ཀྱི་རྐུབ་སྟེགས། འུ་གཉིས་ཀྱིས་རེག་མི་ཐུབ་པའི་རྐུབ་སྟེགས། མཚམས་རེར་ཁྱེད་ཀྱི་པང་ན་གཟི་འོད་འཕྲོ་བཞིན་འདུག མཚམས་རེར་ཁྱེད་ཀྱི་སྟེང་ན་སྐྱག་དྲི་འཐུལ་བཞིན་འདུག ང་རང་ལམ་ཐག་རིང་བོ་བརྒྱུད་ནས་ཁྱེད་ཀྱི་གམ་དུ་འབྱོར་ཡོད། ཁྱོད་ལ་འགུལ་རྒྱུ་མེད་དོན་ཅི། དོན་ངོ་མར་ཁྱེད་རང་འགུལ་ན་འགྲིག ཁྱེད་ཀྱི་རྣམ་ཤེས་ལ་བདག་པོ་རྒྱག་མཁན་མི་བུ་ག་ཚོད་ཡོད་དམ། ཁྱེད་ཀྱིས་རང་ཉིད་ཀྱི་རྐང་ལག་བཞི་བོ་ས་ལ་བཙུགས་ནས་དུད་འགྲོ་ཞིག་གི་སྐྱེ་བ་མི་ལེན་རོགས།”ཞེས་སྐད་ཅོར་ཆེན་པོས་མཚམས་རེར་རང་ལ་ལེ་བདའ་བྱེད་པ་དང་ལན་རེར་གཞན་ལ་འཁང་ར་བྱེད། སྐད་ཆ་དེ་ནི་མདང་དགོང་གི་རྨི་ལམ་དེ་དང་གཅིག་པ་གཅིག་རྐྱང་ཡིན་པས“འདི་ནི་རྨི་ལམ་རེད། འདི་ནི་རྨི་ལམ་རེད། ”ཅེས་བཤད་ཞོར་རང་གི་ལག་སྣེ་རུ་ཡོད་པའི་ལས་ཀ་དེ་དག་ལ་བྲེལ་མགོ་བརྩམས། ཁོ་དང་ཁོའི་ཉེ་འཁོར་ན་ཁོའི་རྨི་ལམ་ལ་ཡིད་ཆེས་མཁན་མེད་དེ་ཁོ་རང་གཅིག་པུ་ད་གཟོད་རང་གི་རྨི་ལམ་ལ་ཡིད་ཆེས་པར་བྱེད།
ཡུད་ཙམ་གྱི་རིང་ལ་མདང་དགོང་གི་རྨི་ལམ་དེའི་གཤོག་སྣེ་ལ་འཐམས་ཏེ་བློས་བསླངས་མང་པོ་བྱས་མཐར་སླར་ཡང་རང་གི་ཁྲིའུ་རྙིང་པ་དེའི་སྟེང་དུ་ག་ལེར་ལྷུང་།
ཞོགས་པ་ནས་ཕྱི་དྲོའི་བར་དུ་སྟོང་འདང་སྣ་ཚོགས་ལ་ཤོར་དྲགས་པའི་དབང་གིས་ད་ནི་ཁོ་རང་ཨ་ཐང་ཆད་དྲག་འདུག དུས་ཚོད་ཀྱི་མདའ་རྩེ་བར་མེད་དུ་འཁོར་གྱིན་འདུག གྲོང་ཁྱེར་གྱི་སྲང་ལམ་ན་རྒྱུ་བའི་མི་ཚོགས་ཀྱི་འདུ་ལོང་ཁད་ཀྱིས་ཞི་ཞིང་། གཞུང་ལས་ཁང་གི་མིའང་རིམ་གྱིས་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར། ཁོའི་ཁ་གཏད་ན་ནམ་རྒྱུན་ཇ་འཐུང་རྒྱུར་དགའ་བའི་ལས་གྲོགས་རྣམས་ཀྱིས་ཁྱིམ་གྱི་ལས་ཀ་ཙག་ཙིག་ནས་འགལ་ཟླར་གྱུར་པའི་དོན་དག་སྣ་མང་ལ་དཔྱད་པ་ཚ་བེར་ཞིག་བཏང་རྗེས་དུས་ཚོད་ཀྱི་སྔ་གཞུག་རྩོད་བཞིན་ཉིན་གཅིག་གི་ལས་ཚོགས་གྲོལ་བར་ངང་སྒུག་བྱས་ཡོད།
ལས་ཚོགས་གྲོལ་རྗེས་ལས་གྲོགས་རྣམས་བྲེལ་བྲེལ་འཚུབ་འཚུབ་ངང་གཅིག་རྗེས་གཅིག་གིས་མ་ཆོད་པར་གང་ཞིག་ལ་བྲེལ་བ་བཞིན་མིག་གི་མཐོང་ལམ་ནས་སྐད་ཅིག་ཉིད་དུ་ཡལ་བར་གྱུར། མཚམས་དེར་སྒེའུ་ཁུང་ལས་ཕྱི་རོལ་ལ་མིག་ཉུལ་ཙམ་བྱས་པའི་སྐད་ཅིག་མ་དེར་གཞུང་ལས་ཁང་ནས་ཁོ་རང་གཅིག་པུ་ལུས། ཁོ་རང་གཅིག་པུ་ལུས་དོན་ཡང་ཇ་ཕོར་བ་གང་གི་ཆེད་ཡིན་ཏེ།ཁོ་ལ་མཚོན་ན་ལྷིང་འཇགས་ཁྲོད་ཀྱི་ཇ་ཕོར་བ་གང་ནི་ཡིད་ཁམས་བདེ་བྱེད་ཀྱི་སྨན་མཆོག་ཅིག་ཏུ་རྩི་བཞིན་ཡོད། ཁོས་རང་ཉིད་ལ་ཆུ་ཁོལ་ཕོར་བ་གང་བླུགས་རྗེས་ཇ་ཕོར་ནང་གི་ག་ལེར་ལྡང་བའི་རླངས་པ་སྲབ་བུ་དེར་བལྟས་ཤིང་དེ་ནི་ཅི་འདྲའི་ཡིད་སྤྲོ་བའི་ཉམས་སྣང་ཞིག་རེད་ཨང་འདོད།
ཁོ་དང་མགོ་ཁྲིད་ཀྱི་གཞུང་ལས་ཁང་གི་བར་ལ་སྲ་ཞིང་མཁྲེགས་པའི་གྱང་ལེབ་ཅིག་གིས་བཅད་འདུག ཁོའི་སྐད་ཆ་དག་ནི་མགོ་ཁྲིད་ཀྱིས་མི་གོ་ལ་མགོ་ཁྲིད་ཀྱི་སྐད་ཆ་དག་ནི་ཁོས་དེ་བས་ཀྱང་མི་གོ རྣམ་ཀུན་མགོ་ཁྲིད་དེར་འཕྲད་ཐེངས་ཉུང་བས་ད་ནི་ཟླ་ཕྱེད་ཙམ་ལ་ཕན་ཚུན་ལ་ཁ་བརྡ་ཞིག་ཀྱང་བྱས་མྱོང་མེད་པ་འདྲ། དེ་རིང་གློ་བུར་དུ་ཆ་ཡོད་ཀྱི་མགོ་ཁྲིད་དེའི་གཞུང་ལས་ཁང་དང་། ལྷག་ཏུ་རྐུབ་སྟེགས་རྒྱབ་བསྙེས་མ་དེའི་སྟེང་ནས་རྫིག་ཉམས་ཀྱིས་འགྱིང་བའི་བཟོ་ལྟ་དེར་རགས་ལྟ་ཞིག་བྱ་བསམས་སོང་། དོན་དུ་རགས་ལྟ་དེའང་གོ་ས་ཞིག་ལ་སྙེག་འདོད་ཀྱི་ལེའུ་ཞིག་དང་ཅི་ཆ།
ཅུང་གཞོན་ཤ་རྒྱས་པའི་ཀྲུའུ་རེན་དབང་ཕྱུག་ནི་གསར་དུ་བསྐོས་པ་མ་ཡིན་པར་ད་ནི་ལས་གནས་འདི་བརྟན་སྲུང་བྱས་ནས་ལོ་གཉིས་གསུམ་ཙམ་འདས་ཟིན། དེ་བས་ཁོས་རེས་སྐྱིད་རེས་སྡུག་གི་རི་མོ་སྣ་ཚོགས་ཤིག་ལས་ཁུངས་འདིར་ཕབ་ཡོད་ལ་ཐོབ་ཤོར་གྱི་ལས་འབྲས་སྣ་ཚོགས་དག་ཀྱང་ལས་ཁུངས་འདིར་བཅོལ་ཡོད།
ཀྲུའུ་རེན་དབང་ཕྱུག་ལས་ཚོགས་ལ་ཞུགས་ཡོད་མེད་གང་ཡིན་རུང་རང་གི་གཞུང་ལས་ཁང་གི་སྒོ་དེ་དམ་པོར་བརྒྱབ་ཡོད། དེ་ནི་ཁོའི་རྒྱུན་ལྡན་གྱི་འཚོ་བའི་གོམས་སྲོལ་ཞིག་ཡིན་པ་འདྲ། མཚམས་རེར་ཡིག་ཆ་རེ་འགའི་སྟེང་ལ་མིང་རྟགས་ཤིག་འགོད་དགོས་དུས་མ་གཏོགས་ནང་དུ་ཡོད་མེད་ཀྱང་ཤེས་དཀའ་ལ། ཛམ་ལྷར་མགོ་ཁྲིད་སུ་དང་སུའི་མདུན་ནས་ཀྱང་དོགས་མི་བདེ་བའི་ཉམས་སྣང་ཞིག་རང་དབང་མེད་པར་ཐོན་ངེས། མགོ་ཁྲིད་མེད་པའི་ཇ་ཁ་ཆང་ཁ་ནས་ཕན་ཚུན་བར་ལ་འདྲ་མཉམ་གྱི་སྐད་ཆ་ཞིག་ལབ་ཀྱིན་ཡོད།
ལོ་ངོ་གཅིག་གི་སྔོན་ནས་ཀྲུའུ་རེན་དབང་ཕྱུག་གིས་ཁོ་དང་ཁོའི་ན་མཉམ་ལས་གྲོགས་ཚོར་མགྲོན་བསུ་ཞིག་གི་ཚུལ་དུ་ལྷན་འཛོམས་ཐེངས་ཤིག་བསྡུས། ལྷན་འཛོམས་དེའི་སྟེང་ནས་ཚང་མ་ར་བཟི་སྟེ་རང་རང་གི་སྙིང་གཏམ་ལྷུག་པོར་བརྗོད། སྨུག་ནག་པོའི་མཚན་མོར་དེར་ཡོད་ཀུན་གྱིས་དགའ་སྐྱོ་འདྲེས་མའི་སྙིང་གཏམ་ཕྱི་རུ་ཕྱུང་སྟེ་ལག་པའི་ནང་ལ་ལག་པ་དང་། སེམས་པའི་ནང་ལ་སེམས་པ་བཞག་ནས། མཚམས་རེར་སྙིང་སྟོབས་ཀྱི་ཟིལ་ཤུགས་མེ་ལྟར་འབར་ཏེ་དགོད་ཅིང་སྤྲོ་ལ། མཚམས་རེར་ཡིད་ཆེས་ཀྱི་དད་འདུན་གཅིག་ལ་གཏད་ནས་ངུ་ཡང་སྐྱེན། མཚན་མོ་དེ་ནི་ཅི་འདྲའི་ཡིད་འོང་གི་མཚན་མོ་ཞིག་རེད་ལ་ཆེས་མཐའ་མཇུག་གི་སྐྱེལ་མ་བྱེད་སྟངས་ཤིག་ཀྱང་ཅི་ལ་མིན།
མཚམས་དེར་སླེབས་དུས་གཞུང་སྒྲུབ་ཁང་ནང་སྟོང་འཇགས་སེར་གྱུར། ཛམ་ལྷར་དངངས་འཚབ་ཅིག་གིས་གཅིན་པ་གཏོང་འདོད་ཀྱི་ཚོར་བ་དྲག་པོ་ཞིག་འགོག་མེད་དུ་སྐྱེས། མྱུར་དུ་གསང་སྤྱོད་ཁང་ལ་བརྒྱུགས་ཏེ་ཕྱིར་ཡོང་ཁར་མིག་མདའ་མགྱོགས་མོ་ཞིག་གིས་ལྟ་ཙམ་བྱས་པ་ན་ཀྲུའུ་རེན་དབང་ཕྱུག་གི་སྒོ་སྔར་བཞིན་དམ་པོར་བརྒྱབ་འདུག
དེ་ནས་ཕྱིར་གཞུང་ལས་ཁང་དུ་ཐོན་མ་ཐག་གློ་བུར་དུ་རྒྱང་རིང་ནས་སྒྲ་ཞིག་གྲགས་བྱུང་། སྒྲ་དེ་ཁོ་དང་བར་ཐག་ཇེ་ཉེ་ནས་ཇེ་ཉེ་རུ་གྱུར། སུན་པོར་བཟོ་བའི་སྒྲ་དེ་ཡང་བསྐྱར་གྲགས་བྱུང་། སྒོ་དང་སྒེའུ་ཁུང་གི་བར་གསེང་བརྟོལ་ནས་ཁོའི་རྣ་ལམ་ལ་ཡང་དང་བསྐྱར་དུ་འཛུལ་ཡོང་།
ཕྱི་དྲོ་ཞིག་གི་དུས་ཚོད་འདི་ལྟར་གཟིར་རྗེས། ཛམ་ལྷས་དོན་དག་ཅི་ཡང་མ་འགྲུབ་པ་བཞིན་ཁེར་རྐྱང་གིས་རང་ཁྱིམ་ལ་ལོག་དགོས་བྱུང་། འགྲོ་ཁར་གཞུང་ལས་ཁང་ནས་མིག་གིས་གཡས་ལྟ་གཡོན་ལྟ་ཞིག་བྱེད་ཞོར་ཡུན་རིང་ལ་ལུས་པའི་ཇ་ཕོར་ནང་གི་ཆུ་ཁོལ་ལྷག་མ་དེ་ཧུབ་གང་འཐུང་རྗེས་གཞུང་སྒྲུབ་ཁང་གི་སྒོ་ཁྲོག་སེ་བརྒྱབ་སྟེ་བུད་སོང་།ཁོ་འགྲོ་ཞོར་དུ་སླར་ཡང་མིག་མདའ་མགྱོགས་མོ་ཞིག་གིས་ཀྲུའུ་རེན་དབང་ཕྱུག་གི་གཞུང་སྒྲུབ་ཁང་ལ་ལྟ་ཙམ་བྱས་པ་ན་ཀྲུའུ་རེན་གྱི་སྒོ་སྔར་བཞིན་དམ་པོར་བརྒྱབ་འདུག དེ་ནས་གོམ་པའི་འདེགས་འཇོག་ཁ་ཕྱོགས་མེད་པར་སྒྱུར་མགོ་བརྩམས། ཁོ་སོང་སོང་བའི་མཐར་ཁོའི་མཐོ་འབྲིང་སྐབས་ཀྱི་སློབ་གྲོགས་ཉི་མ་ལྷ་མོ་ཚང་དང་ཐག་མི་རིང་བའི་ར་སྐོར་ཞིག་གི་ནང་དུ་སླེབས་འདུག
དེ་ནས་སུ་ལ་སྒུག་པ་བཞིན་ཤིང་གི་རྐུབ་སྟེགས་ཤིག་ལ་བསྡད་ནས་དུ་བ་ཞིག་རྔམ་འཐེན་བྱེད་ཞོར“དེ་རིང་ང་ལ་ཅི་བྱུང་སོང་། གདོན་གྱིས་བཟུང་ཡོད་དམ། གར་འགྲོ་གར་འདུག་རང་གི་ལག་ན་མེད་པ་འདྲ”ཞེས་སྐད་ཆ་དེ་བཤད་མཚམས་བཞག་རྗེས་གྲོགས་པོ་རྒྱ་ལོར་ཁ་པར་ཞིག་གཏོང་མགོ་བརྩམས།
“འོ། རྒྱ་ལོས་གཟའ་འཁོར་སྔོན་མར་རང་གི་ཁྱིམ་མི་དག་ཁྲིད་ནས་སཱན་ཡར་ལྟ་སྐོར་དུ་བུད་སོང་བ་མ་ཡིན་ནམ། ལོ་རྒས་ཀི་རྒས་ཀི་དྲན་པ་ཇེ་མེད་རེད། ”
ཁོས་སྔར་བཞིན་དོན་དག་ཅི་ཡང་མ་འགྲུབ་པ་བཞིན་རང་ཁྱིམ་གྱི་བགྲོད་ལམ་དོག་མོ་དེ་དེད་ནས་ཁྱིམ་དུ་ལོག་སྐབས་ཁྱིམ་མཚེས་གཡས་གཡོན་གྱི་བར་ཁྱམས་ན་གསར་དུ་ཕྱེས་པའི་ཟ་ཁང་དག་གི་བྲོ་བས་ཁོ་ལ་ཞེ་མེར་བའི་ཚོར་བ་ཞིག་ངང་གིས་བསྐྱལ་ཡོང་། དེ་ནས་ཁོས“ཟ་ཁང་འདི་དག་ནི་ཕལ་ཆེར་བ་ཁ་ཆེ་པའི་ཟ་ཁང་ཏག་ཏག་རེད། ཁ་ཆེའི་ཟ་མ་ནི་གོང་སླ་ལ་སྟབས་བདེ་ཡིན་མོད། ཟ་རྒྱུན་རིང་དྲག་ན་ཡི་ག་ཆད་འགྲོ། གང་ལྟར་བྲོ་རྫས་ཀྱིས་བསླུས་པའི་ཟ་ཁང་འདི་དག་གིས་ང་རང་ད་བར་དུ་ཕག་ལྟར་གསོས་ཡོང་བ་རེད། ཞོར་དུ་ཟ་ཁང་འདི་དག་ལ་བཀའ་དྲིན་ཞིག་ཀྱང་ཞུ་དགོས་འདུག”ཞེས་ཆིག་ལབ་ཅིག་བརྒྱབ།
སང་ཉིན་གཟའ་མཇུག་ལ་འཁེལ་ཡོད་པས་ཛམ་ལྷས་ཅི་ཞིག་བསྒྲུབ་རྒྱུར་བསམ་བློ་ཡང་ཡང་བཏང་། ཁོ་ནི་མ་གཞི་ནས་མི་འདི་འདྲ་ཞིག་སྟེ་ངལ་གསོའི་ཉིན་ཡིན་རུང་ཉིན་གཅིག་ལའང་ཁྱིམ་ནས་སེམས་ལྷོད་ལ་བབས་ཏེ་ངལ་གསོ་བར་གོམས་མེད་པས་རང་གི་དགའ་ཕྱོགས་ལྟར་གྱི་བྱ་བ་ཞིག་མ་བསྒྲུབས་ཚེ་སེམས་ནས་དངངས་འཚབ་ཅིག་གིས་བསམ་དབང་འདུག་དབང་མེད་པར་གྱུར་འགྲོ། དེ་བས་སང་ཉིན་གྱི་བྱ་བ་དེ་རིང་ནས་སྟ་གོན་བྱེད་བཞིན་ཡོད།
ཁོས་འགྲོ་ཞོར་དུ་གོམ་པ་སྤོ་མཚམས་བཞག་སྟེ་ཁ་པར་འཆར་ངོས་སུ་ཅེར་ནས་ཡུན་རིང་འགོར། གློ་བུར་དུ་ཁ་ནས་གསལ་ལ་མི་གསལ་བའི་ཚིག་ལྡབ་ལྡིབ་འགའ་ཤོར།
“རེད། སང་ཉིན་རེད། སང་ཉིན་ནི་ངའི་མ་ལོ་དྲིན་མོ་ཆེ་འདས་སྐར་གྱི་ཉིན་མོ་ཡིན་པས། ཡིན་གཅིག་མིན་གཉིས་ཕ་ཡུལ་དུ་ལོག་སྟེ་བསྔོ་སྨོན་རེ་རྒྱག་དགོས།”
ཕྱི་ཉིན་ཞོགས་པར་སྐྱ་རེངས་ཀྱི་ཡོལ་བ་དལ་གྱིས་ཕྱེ་དུས། ཛམ་ལྷས་རང་གི་ཏཱ་ཀྲུང་རྟགས་ཅན་གྱི་རླངས་འཁོར་དེ་བསྐོར་ནས་ཕ་ཡུལ་གྱི་བྱང་ལམ་ཕྲ་མོ་འཕྲེད་ཀྱིས་བཅད། ཀྱག་ཀྱོག་གི་ལམ་ཕྲན་དང་རི་སྒང་འབའ་འབུར་བརྒྱུད་ནས་ཕ་ཡུལ་ལ་སླེབས་ཐེངས་རེར་ཁོས་མངར་སྐྱུར་ཁ་གསུམ་གྱི་འདས་སོང་གི་འཚོ་བ་དག་ཡང་བསྐྱར་དྲན།
ཁོ་ནི་འབྱོར་འཁོས་ཞན་པའི་ཁྱིམ་ཚང་ཞིག་ནས་སྐྱེས་ཤིང་། ཕ་མ་གཉིས་ཀའང་སྔ་མོ་ནས་ཚེ་ལས་འདས་ཟིན། རང་གི་མ་ལོ་ཚེ་ཐོག་ན་ཡོད་དུས་དྲིན་གཟོའི་ཚུལ་དུ་སྐོར་བ་རེ་རྒྱག་མ་ཐུབ་པ་དེ་ནི་ཁོས་ནམ་ཡང་ནོངས་འགྱོད་ཆེན་པོ་ཞིག་ཏུ་སེམས་བཞིན་ཡོད། དེ་དུས་མ་དྲིན་མོ་ཆེ་ཚད་ལྡན་གྱི་སྨན་ཁང་ཞིག་ཏུ་བསྟེན་ཐུབ་ཡོད་རྒྱུ་ན་ད་ལྟའང་ད་དུང་ང་ཚོའི་ཉེ་གམ་ན་དགའ་ལྷང་ལྷང་གིས་བཞུགས་ཡོད་ངེས། ཡིན་ཡང་མ་ལོ་འདས་རྐྱེན་གྱི་དོན་དེས་ཁོ་སྤུན་གསུམ་པོའི་མཛའ་བརྩེའི་བར་ལ་འགལ་ཟླའི་ཚ་རླབས་དྲག་པོ་ཞིག་འཕྱུར་བཞིན་གདའ། མ་དྲིན་མོ་ཆེ་སྨན་ཁང་དུ་སྡོད་དུས་ཛམ་ལྷ་ཐེངས་གཅིག་ལའང་སྨན་ཁང་དུ་སོང་མྱོང་མེད་ལ། ཕུ་བོ་ཚེ་དཔའི་དངུལ་བྱང་སྟེང་ལ་སྒོར་སྟོང་གཉིས་བརྒྱབ་པ་དེ་ཁོའི་སེམས་མཚོན་བྱེད་ཙམ་ཡིན་པ་འདྲ། སྐབས་དེར་ཁོ་རང་དངོས་གནས་བྲེལ་བ་ཆེ་བ་འདྲ་སྟེ་སྟོད་ནས་ཡོང་བའི་མགྲོན་པོ་དང་སྨད་ལ་འགྲོ་བའི་ཚོང་པ་དག་ནི་ཁོའི་གྲིབ་གཟུགས་ཁྲོད་ཀྱི་གྲོགས་པོ་བཟང་ཤོས་དག་ཡིན་པས་ཉིན་མོའི་ཟས་དང་མཚན་མོའི་གཉིད་ཀྱང་བརྗེད་ཀྱིན་ཡོད་པ་འདྲ།
ཉིན་ཞིག་ལ་ཁོའི་མཐོ་འབྲིང་གི་སློབ་གྲོགས་ཉི་མ་ལྷ་མོས་རང་གི་ཚ་བོ་ཁྲིད་ནས་སྐལ་བཟང་མེ་ཏོག་རིག་གནས་སློབ་གསོའི་གླིང་ལ་བོད་ཡིག་གསབ་ཁྲིད་བྱེད་དུ་འགྲོ་དུས་ཛམ་ལྷས་འགྱིག་ཤོག་ནག་པོ་ཞིག་གི་ནང་ལ་ལུག་ཤ་ཤ་ཁོག་ཅིག་འཁྱེར་ནས་བྲེལ་བྲེལ་འཚུབ་འཚུབ་ངང་སྔོན་གྱི་ཀྲུའུ་རེན་སྐྱ་བྷ་ཚང་གི་ར་སྐོར་ཕྱོགས་སུ་འགྲོ་བཞིན་པ་མཐོང་། ཛམ་ལྷ་ནི་མི་ལ་འདྲིས་སླ་མོད། མཐོ་འབྲིང་སྐབས་ནས་བཟུང་སྐྱོན་ཞིག་ཡོད་པ་ནི་མི་ངོ་ཤེས་ཤིག་ལ་འཕྲད་དུས་མྱུར་མོར་གཞའ་འགྲོ་ལ། དེ་རིང་ཡང་ཁོའི་མཐོ་འབྲིང་སྐབས་ཀྱི་རང་གཤིས་ངོ་མ་དེ་ག་ལེར་མངོན་སོང་། ཉི་མ་ལྷ་མོ་ཚང་དང་ཐག་མི་རིང་བའི་ར་སྐོར་དེའི་ནང་ན་ཀྲུའུ་རེན་སྐྱ་བྷ་བཞུགས་ལ།ཀྲུའུ་རེན་སྐྱ་བྷ་དང་ཉི་མ་ལྷ་མོ་གཉིས་ནི་ལས་ཁུངས་ཀྱི་བཀོད་སྒྲིག་ལྟར་ཏང་གི་སློབ་ཁྲིད་ཅིག་གི་སྟེང་ནས་ངོ་ཤེས་པ་རེད། ཉི་མ་ལྷ་མོ་ནི་ཛམ་ལྷའི་ཟླ་གཅིག་གི་མཐོ་འབྲིང་གི་སློབ་གྲོགས་རེད།
ཕ་ཡུལ་གྱི་ནམ་མཁའ་དང་ཕ་ཡུལ་གྱི་རྩྭ་ཐང་ལ་དགའ་བའི་ཛམ་ལྷ་ད་ཡང་ཕྱིར་རང་གི་གནས་མལ་ལྟ་བུའི་གྲོང་ཁྱེར་ལ་མི་ལོག་ག་མེད་བྱུང་། མཁའ་རི་ཉག་ཁ་བརྒྱུད་ནས་ཡོང་དུས“ཀི་ཀི་བསྭོ་བསྭོ་ལྷ་རྒྱལ་ལོ། ལྷ་རྒྱལ་ལོ། ཁྱོད་ཡོད་དུས་མཆོད་ཀི་ཡོད། མེད་དུས་གླེང་གི་ཡོད། མ་ཤེས་པ་ལ་སྐོར་ལོག་མ་བྱེད། མ་གོ་བ་ལ་ཕྲག་དོག་མ་བྱེད”ཅེས་སྐད་གསང་མཐོན་པོས་རླུང་རྟ་མང་པོ་དགུང་ལ་སྤུར་བཞིན་རང་གི་ལས་དོན་ལ་སྨོན་ལམ་ལན་གཅིག་བཏབ་རྗེས་སྔར་བཞིན་ཕ་ཡུལ་གྱི་གཞུང་ལམ་དེ་དེད་ནས་འདུ་འཛི་རྒོད་པའི་སྒྱུ་མའི་གྲོང་ཁྱེར་གྱི་ཕྱོགས་ལ་སྒྱུར་མགོ་བརྩམས། འདི་ནི་ལས་དབང་གི་བཀོད་སྒྲིག་ཡིན་ལ་བསོད་ནམས་ཀྱི་བགོས་སྐལ་ཞིག་ཀྱང་ཡིན།
ད་ལྟ་ཕྱིར་འདང་རེ་བརྒྱབ་ན། ཀྲུའུ་རེན་དབང་ཕྱུག་གིས་ང་ཚོར་མགྲོན་བསུ་བྱེད་པ་དེ་ནི་ཁ་མ་གྲགས་པར་སྐྱེལ་མ་བྱེད་སྟངས་ཤིག་རེད་ལ་དངོས་གནས་ངོ་གནོང་དགོས་པ་ཞིག་ཀྱང་རེད།
གཟའ་ཟླ་བའི་ཞོགས་པར་ལས་གྲོགས་ཚོ་གཞུང་སྒྲུབ་ཁང་གི་བར་ཁྱམས་ནས་བརྡ་སྦྱོར་ཞིག་ལ་རུབ་འདུག ཁ་སང་གི་བརྡ་སྦྱོར་དེའི་སྟེང་ནས་ཡང་བསྐྱར་སྒྲོག་བཞིན་ཡོད་པ་འདྲ། ཛམ་ལྷའི་མིང་ནི་ཐིག་ཕྲེང་གཉིས་པའི་གཡས་ཀྱི་གོང་མ་དེ་རེད། ད་ནི་ཁོ་ཚོ་གཞི་ནས་ལས་འཁྱུར་ངལ་གསོ་ཡི་དུས་ལ་བབས་བྱུང་། ཡིན་ཡང་ཛམ་ལྷ་གཅིག་པུས་ད་བར་དུ་འགོར་འགྱངས་བྱས་མཐར་ད་ནི་རང་གི་འདུག་སྟེགས་ལྷག་མ་དེའང་གཞན་གྱིས་ཕྲོགས་སོང་བ་ནང་བཞིན་གཞན་ལ་བཙན་གྱིས་སྤྲོད་དགོས་པ་མ་ཡིན་ནམ། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།