ལོ་འཁོར་གཅིག་གི་བགྱི་བའི་དབུ་ཁྱུད་བྲིས་ཉིན་ནས་བཟུང་སྟེ། འཇིག་རྟེན་གྱི་དཀར་ངོགས་འདི་ནས་རང་ཉིད་ཀྱིས་འཆད་འདོད་པ་དང་།སྒྲུབ་འདོད་པ་སོགས་མདོར་དྲིལ་ན།རང་ཉིད་ཀྱི་འདོད་པ་ལྟར་གྱི་ལས་ཕྲན་ཚེགས་རེ་ལ་དུས་ཚོད་བསྟིམས་ཤིང་།ད་ནི་དུས་ཚོད་ཅེས་པའི་གདགས་གཞི་འདིས་རང་སེམས་ལ་བྱི་དོར་བྱེད་བཞིན།བསམ་དབང་དྲན་དབང་མེད་པར་མཐོང་མེད་འཛིན་རེག་བྲལ་བའི་སྟོབས་ཤུགས་དེས།ལོ་འཁོར་གཅིག་གི་རྫོགས་ཚིག་བཀོད་དེ།ཉིན་མཚན་གྱི་བརྗེ་རེས་བར་ནས།འཚོ་བའི་ཕྱི་ནང་གི་གོ་རིམ་བར་ནས། མདུན་སྐྱོད་ཀྱི་གོམས་འགྲོས་བར་ནས། གསར་རྙིང་གི་འཕེལ་འགྱུར་བར་ནས། སྐྱེ་རྒ་ན་འཆིའི་གོ་རིམ་ཞིག་གི་སླད་དུ། ཉིན་ནས་གཟའ་འཁོར། ཟླ་ནས་ལོ་འཁོར། མུ་ནས་མུ་རུ་མདུན་དུ་བསྐྱོད་ཅིང་། ང་ཚོའི་ཡིད་ཀྱི་ཚིགས་མལ་དེར་ཅི་ཞིག་གི་གསལ་བརྡ་དང་སྟ་གོན་བྱེད་པའི་ངེས་ཤེས་ཀྱང་འདྲོངས་ནུས།
ལོ་འཁོར་ནི་འཕྲུལ་འཁོར་གྱི་ལྷུ་ལག་ཅིག་ཡིན་པར་བལྟས་ཚེ། མི་གང་ཞིག་ད་དུང་ལྷུ་ལག་དེའི་སོ་འཁོར་གྱི་ཚིགས་མལ་གང་ན་བཙིར་སྒྲ་དང་བཅས་མདུན་སྐྱོད་ཀྱི་གོམ་འགྲོས་ནི་ཀོས་ཐག་ཅན་དུ་འཁུམས། ཡིན་ཏེ། ལ་ལ་ནི་འཕྲུལ་འཁོར་གང་དེའི་དམིགས་འབེན་གྲུབ་སྟེ། ལྷུ་ལག་དེའི་སོ་འཁོར་སོ་སོ་རང་གནས་སུ་སྡོད་པའི་སྐད་ཅིག་མ་དེར་ཐོན་ཡོད་ཨང་།
ཡུས་ཏེ། ལོ་འཁོར་གཅིག་གི་ལམ་ཕྲན་སྟེང་། འཇིག་རྟེན་འདིའི་གྲུ་ཟུར་རེ་རེ་ན་བསྐུངས་པའི་ཚེ་སྲོག་དང་། ཐ་ན། ཕྲ་ཕུང་། ཆ་རྡུལ་ལམ་མ་རྡུལ། རྡུལ་ཕྲ་རབ་ཀྱང་རྟག་བརྟན་ཐེར་ཟུག་གཅིག་མིན་པར། དུས་ཚོད་ཀྱི་མདའ་ཁབ་དང་འགྲོགས་ཏེ་འཕེལ་འགྱུར་འབྱུང་བཞིན་པ་ནི་རླུང་ལྟར་གྲགས་པའི་གཏམ་དུ་ཟད་མོད། དེ་བས། ཞིབ་ཏུ་བསམས་ན། དེ་ནི་འཇིག་རྟེན་འདིའི་ཆོས་ཉིད་ཅིག་ཡིན་པའང་བསྒྲུན་དུ་མེད་པའི་གནས་ལུགས་སུ་འཁུམས། འོ་ན། དེ་དག་གིས་ཀྱང་ལོ་འཁོར་ཧྲིལ་པོའི་ལམ་སྣ་འདི་ག་ནས་གང་ཞིག་ལ་ཕྱོགས་སྡོམ་གནང་སྟེ། དམིགས་འབེན་དང་འཆར་གཞི་གང་དེའི་ཆེད་དུ་ཕྱོགས་མཚམས་གང་ཞིག་ལ་ཆས་སམ། འོན་ཏེ། མི་སྒེར་རེ་རེ་དང་། ཡང་ན། སྡེ་ཁག་གམ་ཚོགས་པ་གང་དེས་འཚོ་བའི་ཉིན་སྲིབ་དང་སྦྱིབས་ཏེ།རང་རང་གི་ལོ་འཁོར་ཧྲིལ་པོའི་འཆར་གཞི་དང་དམིགས་འབེན།འགན་འཁྲི་དང་རེ་འདུན་སོགས་འགྲུབ་ཡོད་མེད་ཀྱི་ཕྱོགས་སྡོམ་བྱེད་སྟངས་ཁྱོན་ནས་མི་འདྲ་སྟེ།ལ་ལས་རང་སེམས་རྩིང་པོས་ཕྱོགས་སྡོམ་ག་ལེ་བ་ཙམ་ལས་མི་བྱེད་ཅིང་། ཡང་ན། ལ་ལས་རང་སེམས་རྣལ་དུ་ཕབ་སྟེ་ལོ་འཁོར་གཅིག་གི་ཐོབ་ཤོར་ལ་ཕྱོགས་སྡོམ་ཚགས་སུ་ཆུད་པ་ཞིག་བྱེད་ངེས་ཏེ།ཡང་གཅིག་བཤད་ན། ལ་ལས་རེའུ་མིག་དང་ཡིག་ཆ་གང་རུང་ཞིག་ལ་བརྟེན་ཏེ་ཕྱོགས་སྡོམ་བྱེད་ཅིང་།ཞིབ་ཏུ་བསམས་ན།མི་ག་ལ་བ་ཞིག་ལ་འཆར་གཞི་དང་དམིགས་འབེན་ཡོད་མེད་དེ་རང་སེམས་ཀྱི་མེ་ལོང་ངོས་སུ་གསལ་གྱི་ལེར་གསལ་བར་ཁས་འཆེ།བསམ་བློའི་གཞུ་མོ་ནང་དུ་བཀུག་སྟེ། ཞིབ་བུར་བསམས་ན། འཇིག་རྟེན་གྱི་དཀར་ངོགས་ན་འཚོ་བཞིན་པའི་དཔོན་པོ་དང་། དེ་དང་གྲིབ་མ་བཞིན་དུ་འགྲོགས་པའི་ངོ་སྲུང་བ། སྤྱི་ཚོགས་ལས་རིགས་ཁག་གི་དང་བླངས་པ། འབྲོག་པ། ཞིང་པ། བཟའ་ཚང་། མི་སྒེར་རེ་རེས་ཕྱོགས་སྡོམ་བྱེད་སྟངས་དང་།ལོ་འཁོར་གཅིག་དང་། ཐ་ན། ཚེ་རབས་གཅིག་གི་རྫོགས་ཚིག་འགོད་སྟངས་ཀྱང་ཁྱོན་ནས་མི་འདྲའོ། །
དུས་ཚོད་ཅེས་པའི་སྟོབས་ཤུགས་འདིས། ང་དང་ང་ལྟ་བུ་འབུམ་ཕྲག་ལྷག་ལམ་བུ་སོ་སོར་བསྐྱེད་ཅིང་། དེའང་། འཆི་བདག་ལ་རྩིས་སྤྲོད་བྱེད་པའི་མངོན་ལྐོག་གང་རུང་གི་སྤྱི་འགྲོས་ཤིག་གམ་ཆོས་ཉིད་ཅིག་ཏུ་སྒོམ་བཞིན་ཡོད་པ་མ་ཡིན་ནམ།
གང་ལྟར། ངས་ཀྱང་དུས་ཚོད་ཅེས་པའི་སྒུལ་ཤུགས་འདིའི་ཟབ་ས་གང་རུང་ནས། “རང་ལམ་རང་འཚོལ”ཞེས་པའི་ངག་རྟ་དེ་ལུས་པོ་ཞེས་པའི་གཟུང་བྱ་འདིའི་དོན་ལྔ་སྣོད་དྲུག་གང་རུང་དུ་ལྷན་པ་ལྟར་ཡང་ཡང་སྦྱར་ཏེ། ད་ནི་གཟོད་ནས་རང་མཚན་གཅིག་པུ་གྲུབ་འདུག ཡིན་ཏེ། དེའང་ཞིབ་ཏུ་བསམས་ན། “དུས་ཚོད་དང་ལམ།”གཞན་ཡང་། མི་ཚེའི་བཤུལ་ལམ་རིང་མོར་སིམས་པའི་དགའ་སྐྱོ་ཆགས་སྡང་། དེ་བས་ཀྱང་། རང་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པའི་མེས་པོའི་ཕ་ནོར་རྩ་ཆེན། རུས་གསེང་ན་སྤོས་ཆུ་བཞིན་མཆེད་ཀྱིན་པའི་འོ་དྲི་དང་མར་རྩམ་སྣུམ་པོ་དེའི་སྟོབས་ཤུགས་ཀྱིས། དུས་ཚོད་དང་ལམ་བུའི་སྣོལ་མཚམས་གང་ནས། རྐང་པའི་རྡོག་སྣེ་ཐོགས་མ་ནུས་ཀྱང་། སྔར་བས། ཟིལ་ཤུགས་དང་བརྗི་བརྗིད་ཀྱི་ངར་ཁ་ལུད་མྱོང་ཨང་།
དུས་ཚོད་དང་ལམ། ཡང་ན་མཐོ་སྒང་འདིའི་ཉི་འོད་དང་རླུང་བུས་ངའི་འཚོ་བའི་གོ་རིམ་ལ་ཕྱི་ནང་མེད་པར་བྱབས་ཁྲུས་མཛད་ཅིང་། འཚོ་བའི་སྲུབས་ཀ་གང་རུང་ནས་དམིགས་འབེན་དང་འཆར་གཞི་གང་དེའི་དོན་དུ་ཅི་ཞིག་གི་འབོད་བརྡ་བཏང་བའང་ཉུང་གྲངས་མིན། ཡིན་ཏེ། དྲང་མོར་བཤད་ན། ལོ་འཁོར་ཧྲིལ་པོའི་མཚམས་ཚིགས་གང་ནས་རྐྱེན་གང་དང་གང་གིས་རང་ཉིད་ལ་གསལ་བརྡ་བཏང་བ་མིན་ནམ། དོན་དུ་དེ་ལྟར་དུ་སྙད་ཆོག ཡིན་ནའང་། ལན་རེར་སྔུན་དང་།ལན་རེར་གཞུག་ན་ཐག་ཐག་གི་སྒྲས་མཚོན་པའི་སྟོབས་ཤུགས་དེས་སྒུལ་གྱིན་པའི་ང་རང་། མཐོ་སྒང་འདིའི་གུད་དུ་ཆགས་པའི་གྲོང་ཁྱེར་གང་དེར་བསྟིམས་ཤིང་། མི་ཚོགས་ཀྱི་ཁྲོད་ནས་རང་ཉིད་ཀྱི་འགྲོ་ལམ་གཤགས་ཏེ་མདུན་བསུས་པའང་ཉུང་གྲངས་མིན། འོ་བདེན་ཏེ། ཏག་ཏག་སྐབས་དེར། ངའི་བྲང་གཞུང་ན་རྣམ་ཀུན་བཏང་སྙོམས་སུ་གནས་པའི་སྙིང་ཆུང་འདིའང་། རྦ་རླབས་ལྟར་འཕྱོ་འཇགས་ཀྱིས་བྲལ། དེ་ལྟར། མི་ཚོགས་ཀྱི་ཁྲོད་དུ་འཚངས་ཏེ།རང་ཉིད་ཀྱི་རྐང་པའི་རྡོག་སྣེའང་ཅི་ཞིག་གི་དོན་དུ་མདུན་དུ་བསྐྱོད་ཅིང་། སྐད་ཅིག་མ་དེར། ངས་ཕྱོགས་བཞི་མཚམས་བརྒྱད་དུ་བལྟས་ཙ་ན། སྐྱེས་རྒན་གཞོན་ཚང་མའང་ང་དང་འདྲ་བར།རང་ཉིད་ཀྱི་ལམ་བུ་རང་གིས་གཤགས་ཏེ། མི་ཚོགས་ཀྱི་ཁྲོད་ནས་དཔྲལ་བའི་རྔུལ་ཆུ་འབྱིད་ཀྱིན་མི་ཚོགས་ཀྱི་ཁྲོད་དུ་ལུ་གུ་རྒྱུད་དུ་འཚངས་ཏེ། དོན་ཅི་ཞིག་གི་དོན་དུ་མདུན་དུ་སྐྱོད་ཀྱིན་མཆིས། དེའང་། ཞིབ་ཏུ་བསམས་ན། ལ་ལའི་ལམ་ག་ནི་མཆོད་རྟེན་དང་དགོན་པའི་སྐོར་ལམ།ཡང་ན།མཆོད་མེའི་འོད་ངོགས་ཀྱི་རྡོ་གཅལ་དེ་ཙམ་ཡིན་ལ།ལ་ལའི་ལམ་ག་ནི་མཁའ་ལམ་ཡིན་ངེས། ལ་ལའི་ལམ་ག་ནི་ཁང་རྩེག་མཐོན་པོ་གང་དེའི་རྒྱ་ཁྱོན་འབའ་ཞིག་གིས་ཆོད་པའི་བར་སྟོང་ཞིག་ཡིན་ངེས། ལ་ལའི་ལམ་ག་ནི་གྲོང་ཁྱེར་གང་དེའི་སྲང་ཤུར་རེ་རེ་ན་མངོན་ལྐོག་དང་། རྫུ་བག་རྣོན་པོས་གཅུད་པའི་ཁང་མིག་ཆུང་ངུ་རེ་ཡིན་པར་འདྲོངས། དེ་བས། ནམ་གུང་ཡས་མས་སུ་རྐང་པའི་རྡོག་སྣེ་ཕྱིར་རང་ཁྱིམ་ཞེས་པའི་གནས་མལ་དེར་ལོག་སའི་བར་ཐག་ངེས་ཅན་གྱིས་ཆོད་པའི་ལམ་ཚད་དེ་ལས་འདའ་མི་ནུས་པའི་ལམ་ག་དེ་ག་ཙམ་ཡིན་ངེས། ཡང་གཅིག་བཤད་ན། ལ་ལའི་ལམ་ག་ནི་རྫ་སྨུག་པོའི་གསེང་དང་རྩྭ་ཐང་ཡིན། ལ་ལའི་ལམ་ག་ནི་ནགས་ཀློང་སྟུག་པོའི་གསེང་དང་ཞིང་ཆུང་གྲུ་བཞིའི་རྒྱ་ཁྱོན་དེ་ཡིན། ངས་དེ་ལྟར་ལན་རེར་རང་སེམས་སྙི་མོ་འདིར་དྲི་བས་གླན་ཏེ་མདུན་དུ་བསྐྱོད་ལ། དེ་དག་ཀྱང་། དོན་གང་ཞིག་གི་སླད་དུ་ཡིན་པའང་། ངས་སེམས་སུ་ཉར་ཏེ་ལོ་ཟླ་ག་ཙམ་འགོར་ཡོད་པའང་དྲན་པའི་གཏིང་ངོགས་སུ་དཔྱངས་འདུག
གང་ལྟར། ལོ་ཟླ་ནི་གཙང་པོ་བཞིན། དལ་འགོར་དང་སྔ་ནུར་ཕྱི་འགྱང་མེད་པར་མདུན་ནས་མདུན་དུ་རྒྱུག
དེ་ལྟར། ང་རང་མི་ཚོགས་ཀྱི་ཁྲོད་དུ་འཚངས་ཏེ་ལོ་ཟླ་ག་ཙམ་འགོར་ཀྱང་། མཐར་རང་ཁྱིམ་ཞེས་པའི་གནས་མལ་ག་ལ་བ་དེའི་ཕྱོགས་སུ་ཆས་ཀྱིན་ཡོད་ངེས།
ལོ་འཁོར་གཅིག་གི་དུས་མཐའི་ཚིགས་མལ་དེར་སླེབས་དུས། མི་ཚོགས་འབུམ་ཕྲག་ལྷག་ཕྱིར་རང་ཁྱིམ་ཞེས་པར་ཞེད་སྣང་འབའ་ཞིག་གམ། དུངས་པ་ཞིག་གིས་ཕྱིར་ལྡོག་གིན་ཡོད་ཨང་སྙམ། དེ་ཡང་། དུས་ཚོད་ཅེས་པའི་མཐོང་མེད་འཛིན་རེག་བྲལ་བའི་སྟོབས་ཤུགས་དེའི་རྐྱེན་ནམ། ཡང་ན་གཞན་དག གང་ལྟར། ལམ་ཚད་མི་འདྲ་བ་དུ་མའི་ངོ་བོར་གྲུབ་སྟེ་ཕྱིར་རང་ཉིད་ཀྱི་ཐོག་མའི་ལམ་ལ་ཆས་སའི་བསྟི་གནས་དེར་ལྡོག་གིན་ཡོད་ཨང་། །
རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།