གཙང་ཞོགས་སྤྲིན། དངོས་མིང་ལ་ཆོས་དབྱིངས་རྒྱ་མཚོ་འབོད། སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། དཀར་མཛེས་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། 《གངས་དཀར་རི་བོ》བོད་ཡིག་དུས་དེབ་ཀྱི་རྐང་འཛིན་རྩོམ་པ་པོ། ལི་ཐང་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་པ། བྲག་མགོ་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། ལི་ཐང་རྫོང་ན་རོའི་ཁྱིམ་རིག་གནས་སློབ་གསོ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་བཅས་ཡིན། ༡༩༩༥ལོར་དཀར་མཛེས་ཁུལ་བྲག་མགོ་རྫོང་གཙང་སྟོད་སྡེ་བར་སྐྱེས། ༢༠༡༤ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན། ད་ལྟ་ལི་ཐང་རྫོང་གྲོང་རྡལ་ཆ་ཚང་སློབ་ཆུང་བཞི་པ་རུ་དགེ་རྒན་གྱི་བྱ་བ་གཉེར་བཞིན་ཡོད།
སྔ་གཞུག་ཏུ་སྒྲུང་གཏམ་དང་འབོལ་རྩོམ། སྙན་ངག བསྒྱུར་རྩོམ་སོགས་བརྩམས་ཆོས་མང་ཙམ་ཞིག《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《ཟླ་ཟེར》དང《མི་རིགས》《གངས་དཀར་རི་བོ》《ཤྭ་སྐྱ》《རི་བོ་ཉི་ཟླ》《སྤང་ལྗོངས》《ཁམས་ཁུལ་གྱི་རྩོམ་པ་པོའི་བརྩམས་ཆོས་གཅེས་བཏུས》《ཁམས་པའི་ཚགས་པར》《བོད་ལྗོངས་ཉིན་རེའི་ཚགས་པར》《མཚོ་སྔོན་བོད་ཡིག་གསར་འགྱུར》《གཞིས་ཀ་རྩེ་ཉིན་རེའི་ཚགས་པར》《རྔ་བའི་གསར་འགྱུར》《རྨ་ལྷོ་བོད་ཡིག་ཚགས་པར》《ཀན་ལྷོའི་གསར་འགྱུར》《ཤེལ་ཆུ》《བྱ་ཁྱུང》《ཀྲུང་གོ་བོད་ཀྱི་དྲ་བ》《བཙན་པོ་དྲ་བ》སོགས་སུ་སྤེལ་མྱོང་ལ། སྒྲུང་ཐུང《ཤ་ཡུ་མོ་ཤེའུ》ལ༢༠༡༩ལོའི《གངས་དཀར་རི་བོ》བོད་ཡིག་དཔར་མའི་ལོ་མཇུག་བྱ་དགའ་ཐོབ།
༈ ནད་ཡམས།
ཆོས་དབྱིངས་རྒྱ་མཚོ། དཀར་མཛེས།
གཅིག
སྨན་པ་ཀྲང་ལགས་ཀྱིས་ལས་མཚམས་བཞག་སྟེ་འཚབ་འཚུབ་ངང་ཁྱིམ་དུ་སླེབས་དུས། ཏག་ཏག་དགོང་མོའི་ཆུ་ཚོད་དགུ་པ་རེད་འདུག ཁོ་མོ་ལས་སྣོན་བྱས་ཏེ་འཕྱི་པོ་ཆགས་སོང་ནའང་། ཁྱིམ་ལ་སླེབས་དུས་ལུས་སེམས་གཉིས་ཀར་དྲོད་ཁོལ་འཁྱིལ་ཡོང་བ་ནི་རང་གི་བུ་མོ་ཆུང་ཆུང་བདེ་འཚམ་ངང་ཁྱིམ་ན་ཡོད་པས་ལོས་ཡིན་ཏེ། ཁྱིམ་སྒོ་ཕྱེས་མ་ཐག་བུ་མོ་བརྒྱུགས་ཡོང་སྟེ་ཨ་མ་ཞེས་ཁོ་མོའི་པང་ལ་འཁྱུད་བྱུང་།
“ཨ་མའི་གཅེས་ཕྲུག ཕོ་བ་ལྟོགས་སོང་ངམ།” སྨན་པ་ཀྲང་ལགས་རང་ཁྱིམ་དུ་སླེབས་མ་ཐག་རྒྱབ་ཁུག་དང་ལག་ཐོགས་ཁ་པར་སོགས་ཅོག་ཙེའི་སྟེང་གཡུག་སྟེ་ལག་ཁྲུས་ཁང་དུ་ཕྱིན་སོང་། ཁོ་མོའི་རྒྱབ་གཟུགས་ལ་བལྟས་ན་ཤིན་ཏུ་ཐང་ཆད་པའི་ཉམས་འགྱུར་ཞིག་མངོན་འདུག་མོད། འོན་ཀྱང་། ཁོ་མོས་ད་དུང་དགོང་ཟས་ལས་དགོས་ཏེ“གཅེས་ཕྲུག ཁྱོད་ཀྱིས་དགོང་ཟས་སུ་ཅི་ཞིག་ཟ་འདོད་བྱུང”ཞེས་འདྲི་ཞོར་ལག་པ་འཁྲུད་བཞིན་འདུག
ཁོ་མོས་ལག་པ་བཀྲུས་ནས་འགྲུལ་ཁང་དུ་སླེབས་དུས། ཏག་ཏག་ཅོག་ཙེའི་སྟེང་གི་ཁ་པར་གྲགས་བྱུང་། ཁ་པར་ཡོང་མཁན་ནི་ལས་གྲོགས་སྨན་པ་ཞིག་རེད་འདུག་སྟེ། ཁོ་མོས་དོན་དག་ཅི་ཡིན་སྙམ་བཞིན་ཁ་པར་ལ་དལ་བུར་ཉན།
“སྨན་པ་ཀྲང་ལགས། ཁྱེད་རང་ལམ་སེང་སྨན་ཁང་དུ་ལོག་དགོས་འདུག འདིར་ནད་པ་ཚབས་ཆེན་ཞིག་བྱུང་བས། ང་ཚོས་ཐག་གཅོད་བྱེད་ཐབས་མི་འདུག”
“ཡ་ཡ། གོ་སོང་། ང་མགྱོགས་མྱུར་ངང་སླེབས་ཡོང་།”
སྨན་པ་ཀྲང་ལགས་ནི་གྲོང་ཁྱེར་དེའི་སྨན་ཁང་ཆེ་ཤོས་ཀྱི་སྨན་པ་སྐད་གྲགས་ཅན་ཞིག་ཡིན་ཏེ། སྨན་པའི་ལས་ཀར་ཞུགས་ནས་མི་ལོ་ཉི་ཤུ་ལྷག་འགོར་བའི་རིང་ལ་ནད་པ་ཚབས་ཆེན་མང་པོ་ཞིག་གི་སྲོག་སྐྱོབ་མྱོང་ལ། གསོ་རིག་གཞུང་ལུགས་ཀྱི་ཐད་ལ་བྱང་ཆུབ་པ་ཞིག་ཡིན་པར་མ་ཟད། སྨན་དཔྱད་ལག་ལེན་གྱི་ཕྱོགས་ལའང་དཔྱིས་ཕྱིན་པ་ཞིག་ཡིན་ཏེ། སྨན་པའི་ལས་ཀ་གཉེར་ནས་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་རིམ་པ་མི་འདྲ་བའི་བྱ་དགའ་གང་མང་ཞིག་ཐོབ་མྱོང་། དེ་ལས་ཀྱང་སྨན་པ་ཀྲང་ལགས་ནི་གཤིས་ཀ་འཇམ་ཞིང་བྱམས་སྙིང་རྗེ་ལྡན་པའི་སྨན་པ་ཞིག་ཡིན་པས། ནད་པ་སུ་ཡིན་ཡང་ཁོ་མོའི་གན་དུ་སྨན་ལ་བརྟེན་ནས་ནད་གསོ་བར་སྤྲོ།
ཁ་པར་དེས་ཁོ་མོ་དཀའ་ཁག་ཚད་མེད་ཅིག་ལ་གཏད་བྱུང་སྟེ། ཐ་ན་བུ་མོར་དགོང་ཟས་ཞིམ་པོ་ཞིག་ཀྱང་ལས་ཁོམ་མེད་པར་སླར་ཡང་སྨན་ཁང་དུ་འགྲོ་དགོས་བྱུང་། འོན་ཀྱང་། མཚན་གུང་འདིར་ཁོ་མོས་བུ་མོ་གཅིག་པུ་ཁྱིམ་ནས་བསྐྱུར་ཏེ་འགྲོ་མ་ཕོད་པས། ཡང་བསྐྱར་ཁྱིམ་མཚེས་ཚང་ལ་བཅོལ་བ་ལས་ཐབས་བཀོད་གཞན་མ་རྙེད།
གཉིས།
སྨན་པ་ཀྲང་ལགས་སྨན་ཁང་དུ་སླེབས་དུས། ལས་གྲོགས་སྨན་པ་ཚང་མ་སྒོ་བསྟེན་སྨན་ཁང་དུ་རུབ་སྟེ་ཚ་ཚ་འུར་འུར་དང་ཟང་ཟིང་ལང་ལོང་དུ་གྱུར་འདུག དངོས་འབྲེལ་ནད་པ་དེ་ནི་ཧ་ཅང་ཚབས་ཆེན་ཞིག་རེད་འདུག་སྟེ། ལུས་ཧྲིལ་བོར་འབྲུམ་བུས་ཁེངས་ཏེ་ལྟ་མི་བཟོད་པ་དང་། མཚམས་ཆད་མེད་པར་ཁྲག་བསྐྱུགས་ཏེ་འཕག་འཚག་རྒྱག་པ་ལས། རང་གི་ན་རྐྱེན་དང་ནད་བབ་སོགས་སྐད་ཆ་ཅི་ཡང་ཤོད་ཐུབ་ཀྱི་མི་འདུག དེར་འདུས་པའི་སྨན་པ་གཅིག་གིས་ཀྱང་ནད་རྟགས་ངོས་ཟིན་མེད་ཅིང་། ཐ་ན་ནད་པའི་གན་དུ་བཅར་ནས་ཐད་ཀར་ལྟའང་མི་བཟོད་པར་འདུག
སྨན་པ་ཀྲང་ལགས་ཀྱིས་སྨན་སྤྱོད་ཁ་ཐུམ་ཞིག་གྱོན་ཏེ་ཐད་ཀར་ནད་པའི་གན་དུ་ཕྱིན་ཅིང་ནད་བརྟག་བྱེད་མགོ་བརྩམས། ནད་པ་དེས་ཡུན་རིང་འཕག་འཚག་བྱས་འཕྲལ་དབུགས་ཡོངས་སུ་ཆད་སོང་མོད། འོན་ཀྱང་། སྨན་པ་ཀྲང་ལགས་དང་བཅས་པའི་སྨན་པ་རྣམས་ཀྱིས་ནད་ཡམས་ཚབས་ཆེན་ཞིག་ཏུ་ངོས་འཛིན་བྱུང་བ་ལས་དེ་སྐྱོབ་པའི་ཐབས་ལམ་ནི་རྩ་བ་ནས་མ་རྙེད། ཁོང་ཚོས་ཤེས་རྟོགས་བྱུང་བ་ནི་ནད་ཡམས་དེ་ཆམ་པ་ལྟ་བུའི་ཕན་ཚུན་ལ་འགོ་སླ་མོ་ཞིག་སྟེ། ཐ་ན་མཁའ་དབུགས་བརྒྱུད་ནས་ཀྱང་ཕ་རོལ་པོར་འགོ་མཆེད་བྱེད་ཐུབ་པ་དང་། དེའི་ཡོང་ཁུངས་ནི་རི་སྐྱེས་སྲོག་ཆགས་གང་རུང་གི་ལུས་སྟེང་ནས་མཆེད་ཡོང་བ་གསར་རྙེད་བྱུང་བ་ཙམ་རེད།
ནད་པ་དེའི་དབུགས་ཆད་ནས་ཡུན་རིང་མ་འགོར་བར། སླར་ཡང་དེ་མཚུངས་ཀྱི་ནད་པ་གཅིག་སླེབས་བྱུང་ལ། དེ་ནས་གཅིག་འཕྲོར་གཉིས་མཐུད་དེ་ནད་པའི་གྲངས་ཀ་ཇེ་མང་ནས་ཇེ་མང་དུ་ཕྱིན་ཅིང་། ནད་པ་རེ་རེ་བཞིན་གྱིས་རེ་བའི་མིག་ཟུང་སྨན་པ་རྣམས་ལ་ཅེར་ནས་བསྡད་ན་ཡང་། སྨན་པ་རྣམས་ཀྱིས་ནི་སྔར་བཞིན་ནད་དུག་དེའི་གཉེན་པོ་མ་རྙེད་པར་འུ་ཐུག་ཐབས་ཟད་ཅིང་ཕངས་སེམས་དང་བཅས་ཏེ་ནད་པ་རེ་རེ་བཞིན་ཕྱི་མའི་ཡུལ་དུ་འགྲོ་བར་སྐྱེལ་མ་བྱེད་དགོས་བྱུང་།
དངོས་འབྲེལ་ནད་དུག་དེ་ནི་ཧ་ཅང་ཚབས་ཆེན་ཞིག་ཡིན་ཏེ། ནད་དུག་དེ་སུ་ཞིག་གི་ལུས་སྟེང་དུ་འགོས་ན་ཆུ་ཚོད་དྲུག་ཅུ་རེ་བཞི་མི་འགོར་བར་ཤི་འགྲོ་བཞིན་འདུག མཚན་མོ་ཧྲིལ་བོ་གཅིག་ལ་སྨན་ཁང་དེར་ནད་པ་བརྒྱ་ལྷག་བྱུང་ན་ཡང་། ཕྱིར་ཉིན་ནམ་གསལ་དུས་དེ་དག་ལས་ཉི་ཤུ་ལྷག་མ་གཏོགས་ཕལ་ཆེར་ཚང་མ་ཕྱི་མའི་ཡུལ་དུ་འགྲིམ་ཚར་ཞིང་། ལྷག་མ་རྣམས་ཀྱང་གཅིག་རྗེས་གཉིས་མཐུད་བྱས་ཏེ་སྔོན་མ་ཚོའི་རྗེས་སུ་འགྲོ་བ་ལས་ཐབས་བཀོད་གཞན་མེད་དོ།།
སྨན་པ་ཚོས་ཡུན་རིང་ལ་བརྟག་དཔྱད་དང་ཞིབ་འཇུག་བྱས་མཐར། ཁོང་ཚོས་ཐབས་ལམ་ཉག་གཅིག་རྙེད་པ་ནི་ནད་དུག་དེ་ཉིད་ཀྱི་འགོས་ཚད་ཚོད་འཛིན་བྱེད་པ་སྟེ། ནད་དུག་དེ་ཉིད་འགོས་ཟིན་པའི་མི་རྣམས་གཞན་དང་འབྲེལ་འདྲིས་བྱེད་དུ་མི་འཇུག་པའམ། མི་རང་རང་སོ་སོས་རང་ཉིད་ལ་བདག་སྲུང་བྱས་ཏེ་མི་མང་ཚོགས་སར་མི་འགྲོ་བར་གནས་སྐབས་སུ་རང་ཁྱིམ་ནས་འདུག་པ་དེ་ཡིན། མི་མང་མཉམ་དུ་མ་ཚོགས་ན་ནད་དུག་དེ་ཉིད་ཀྱི་འགོས་ཁྱབ་རང་བཞིན་ཡང་ཇེ་ཆུང་དུ་འགྲོ་ཞིང་། མཐར་ནད་དུག་འགོས་ཟིན་པ་རྣམས་མ་གཏོགས་གཞན་པ་དག་སྐྱོབ་ཐུབ་པ་རེད།
དེ་བས། ཁོང་ཚོས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་ནད་ཡམས་དེའི་ཚབས་ཆེན་རང་བཞིན་དང་སྔོན་འགོག་ཐབས་ལམ་སོགས་ཉེར་མཁོའི་ཤེས་བྱ་རྣམས་མང་ཚོགས་ལ་ཁྱབ་བསྒྲགས་བྱས་པ་ཤིང་། གནས་སྐབས་སུ་མི་ཐམས་ཅད་རང་ཁྱིམ་ནས་བསྡད་དེ་ཕྱི་རོལ་དུ་མི་འགྲོ་བ་དང་། གལ་ཏེ་མ་སོང་ཐབས་མེད་ཡིན་པའི་དབང་དུ་བཏང་ན། ངེས་པར་དུ་ཚད་ལྡན་གྱི་ཁ་ཐུམ་གྱོན་དགོས་པ་སོགས་ནན་སྐུལ་བྱས། འོན་ཀྱང་། མི་རྣམས་ཀྱི་ཁྲོད་ན་སྨན་པ་ཚོའི་ངག་བཞིན་མི་རྩི་བ་དང་དེའི་ཚབས་ཆེན་རང་བཞིན་མི་ཤེས་མཁན་མང་པོ་ཞིག་ཡོད་དེ། སྔར་བཞིན་སྣང་དོགས་ཅི་ཡང་མེད་པར་ཕྱི་རོལ་དུ་འགྲོ་བ་དང་། ཟ་འདུ་དང་ཆང་འདུ་སོགས་མཉམ་འཛོམས་རྒྱུན་ཆད་མེད་པར་བྱེད་ཅིང་། རང་ཉིད་ལ་ནད་དུག་དེ་འདྲ་ཞིག་འགོ་མི་སྲིད་སྙམ་པའི་ཨུ་ཚུགས་བྱས་ཏེ། ཐ་ན་ཁ་ཐུམ་ཚད་ལྡན་ཞིག་གྲ་སྒྲིག་མི་བྱེད་མཁན་ཡང་ཤིན་ཏུ་མང་བས། སྨན་པ་རྣམས་ནི་སྔར་ལས་ཀྱང་དངངས་འཚུབ་ཆེ་བར་གྱུར་ཏེ་ཅི་བྱ་གཏོལ་བྲལ་དང་འུ་ཐུག་ཐབས་ཟད་ཀྱི་གནས་སུ་འདུག ཚུལ་དེ་ལ་བལྟས་ན། སྨན་པ་རྣམས་ཀྱི་ལྷག་བསམ་དང་སྙིང་རྗེ་མཐོང་ཡོང་ལ། ཁོང་ཚོར་ལྷ་རྗེ་དང་གོས་དཀར་ཅན་གྱི་ལྷ་ཡི་ཕོ་ཉ་སོགས་བཏགས་པར་ཡང་རྒྱུ་མཚན་ལོས་ཡོད་སྙམ།
གསུམ།
དེ་ལྟར་སྨན་པ་རྣམས་ཀྱིས་ཉིན་མཚན་གཉིས་ཀར་བྲེལ་འཚུབ་བྱས་ཏེ་ཐ་ན་ཟ་མ་འགྲངས་ཚད་ཅིག་ཀྱང་རག་གིན་མེད་མོད། སྔར་བཞིན་འཁང་ར་དང་སྡུག་ཡུས་ཅི་ཡང་མེད་པར་ལས་བྲེལ་གནང་སྟེ། ལུས་ཧྲིལ་བོ་དཀའ་སྡུག་གི་རྔུལ་ཆུས་བརླན་འདུག་ལ། སྨན་པ་ཀྲང་ལགས་ནི་དེ་ལས་ཀྱང་བྲེལ་འཚུབ་ཆེ་སྟེ། ནད་པ་གསར་པ་སླེབས་དུས་སྔར་བཞིན་ནད་བརྟག་བྱེད་དགོས་པར་མ་ཟད། ནད་དུག་གསར་པ་འདི་ཉིད་ལ་ཞིབ་འཇུག་ཡང་ཡང་བྱས་ནས་དེ་བཅོས་ཐབས་དང་འགོག་ཐབས་སོགས་འཚོལ་དགོས་ལ། སྐབས་དང་སྐབས་སུ་སྨན་ཁང་གི་དབུ་ཁྲིད་རྣམས་དང་མཉམ་དུ་ནད་ཡམས་གསར་པ་དེའི་སྐོར་གྱི་ཚོགས་འདུར་ཡང་ཞུགས་དགོས།
ཕྱི་དྲོ་དེར། སྨན་པ་ཀྲང་ལགས་ཚོགས་འདུར་ཞུགས་ནས་སྐད་ཆ་བཤད་བཞིན་པའི་སྐབས་དེར། གློ་བུར་དུ་མཆན་ཁུག་ལས་ཁ་པར་གྲགས་བྱུང་། ཁོ་མོས་རྟབ་རྟབ་པོར་ཁ་པར་བླངས་ནས་བལྟས་པ་ན་ཁྱིམ་མཚེས་ཚང་གི་ཁ་པར་ཨང་གྲངས་ཡིན་འདུག་ཅིང་། གློ་བུར་དུ་རང་གི་བུ་མོ་ཁོ་ཚང་ན་བཞག་ཡོད་པ་ཡིད་ལ་དྲན་ནས། སྐད་ཆ་བཤད་མཚམས་བཞག་སྟེ་ཐད་ཀར་སྒོ་ཕྱིར་ཁ་པར་ཉན་དུ་བུད་སོང་།
“ཨ་མ། ཁྱོད་གང་ལ་བུད་སོང་།” སྨན་པ་ཀྲང་ལགས་ཀྱིས་ཁ་པར་ལ་ཉན་མ་ཐག ཕ་རོལ་ནས་གཉོམ་དུང་དུང་གི་བུ་མོའི་སྐད་ངག་ཐོས་བྱུང་།
“གཅེས་ཕྲུག ཨ་མ་ད་རུང་སྨན་ཁང་དུ་ཡོད། ཉིན་འདི་དག་གི་རིང་ལ་ང་ཚོའི་གྲོང་ཁྱེར་དུ་ནད་ཡམས་ཚབས་ཆེན་ཞིག་བྱུང་ཡོད་པས། སྨན་ཁང་དུ་ནད་པ་རྒྱུན་ཆད་མེད་པར་སླེབས་བཞིན་འདུག ཨ་མས་དེ་དག་རེ་རེ་ལ་སྨན་བཅོས་བྱེད་དགོས་པ་རེད།” སྨན་པ་ཀྲང་ལགས་ཀྱིས་རང་གི་བུ་མོར་གསལ་བཤད་ཀྱི་ཚུལ་དུ་དེ་ལྟར་བཤད་རྗེས། སླར་ཡང་ཧ་ཅང་ནན་ཏན་གྱི་ཚུལ་དུ“གཅེས་ཕྲུག ཨ་མ་ཕྱིར་མ་ཐོན་བར་ཁྱིམ་མཚེས་ཨ་ནེ་ཚང་དུ་ཡག་པོ་སྡོད། ད་ཐེངས་ཀྱི་ནད་ཡམས་འདི་ནི་ཕན་ཚུན་ལ་འགོ་སླ་བའི་ནད་དུག་ཚབས་ཆེན་ཞིག་ཡིན་པས། ངེས་པར་ཁྱིམ་ནས་འདུག་པ་ལས་ཕྱི་རོལ་དུ་འགྲོ་མི་རུང”ཞེས་བཤད།
“འོ་ཡ། ཨ་མ། ངས་གོ་སོང་། ཁྱོད་མགྱོགས་མྱུར་ཕྱིར་ཡོང་རོགས།” བུ་མོའི་སྐད་ཆ་དེས་སྨན་པ་ཀྲང་ལགས་ལ་སེམས་གསོ་ཆེན་པོ་ཞིག་ཐེབས་ནའང་། ལམ་སེང་ཕྱིར་བུ་མོའི་འགྲམ་དུ་འགྲོ་ཐབས་ནི་རྩ་བ་ནས་མེད་པས། གློ་བུར་དུ་མིག་མཐའ་མཆི་མས་བསྐོར་བྱུང་།
“ཡ་ཡ། ཨ་མའི་གཅེས་ཕྲུག ཨ་མ་ཅི་མགྱོགས་ངང་ཕྱིར་སླེབས་ཡོང་། དེའི་ཚེར་ཁྱོད་ཀྱིས་ཨ་ནེའི་ཁར་ཡག་པོ་ཉན་དགོས།” སྨན་པ་ཀྲང་ལགས་ཀྱིས་ངག་འདར་བཞིན་བཤད་རྗེས་ཁ་པར་སྒོ་གཏན་བྱུང་།
སྨན་པ་ཀྲང་ལགས་ཉིན་མཚན་དབྱེར་མེད་དུ་ལས་ཀར་གཡེང་ནས་སྨན་ཁང་དུ་གཟའ་འཁོར་གཅིག་ཙམ་ལ་ལུས་སོང་ནའང་། སྔར་བཞིན་སྨན་ཁང་གི་ལས་ཀ་ཤིན་ཏུ་མང་བས་ཕྱིར་བུ་མོར་ལྟ་སར་འགྲོ་ཁོམ་མེད། དེ་བས། ཁོ་མོས་ལས་ཀའི་བར་གསེང་ནས་གོ་སྐབས་ཅུང་ཙམ་རེ་བཙལ་ཏེ་བུ་མོར་ཁ་པར་རྒྱག་པ་ལས་ཐབས་བཀོད་གཞན་མ་རྙེད་དོ།།
དངོས་འབྲེལ་ཐེངས་དེའི་ནད་ཡམས་ནི་གཡུལ་འཁྲུག་ཆེན་པོ་ཞིག་དང་འདྲ་བས། ནམ་ཞིག་ལ་མཇུག་རྫོགས་ཐུབ་སུས་ཀྱང་ཚོད་དཔག་བྱེད་ཐབས་མེད་ཅིང་། སྨན་པ་རྣམས་ནི་གཡུལ་འཁྲུག་དེའི་ཁྲོད་ཀྱི་དམག་དཔོན་ལྟ་བུ་ཡིན་པས། ནམ་ཡང་རང་ས་བཟུང་ནས་འདུག་དགོས་པ་ལས་ཕྱིར་བཀྱེད་གོམ་གང་བྱས་ནའང་ཕམ་ཁ་ལས་ཅི་ཡང་མེད། དེའི་རྐྱེན་གྱིས། སྨན་པ་ཀྲང་སོགས་ཀྱིས་རང་དོན་རྒྱབ་ཏུ་བསྐྱུར་ནས་མི་སེར་དང་སྤྱི་ཚོགས་ཀྱི་བདེ་ཐང་གི་ཆེད་དུ་གཡུལ་འཁྲུག་འདིར་ཞུགས་བཞིན་ཡོད་ཅིང་། སེམས་ཀྱི་སྡུག་བསྔལ་དང་ལུས་ཀྱི་དཀའ་ཚེགས་གང་ལའང་མི་འཛེམ་པར་ཉིན་མཚན་གཉིས་ཀར་རང་གནས་བསྲུང་སྟེ་རང་འགན་དང་དུ་ལེན་བཞིན་ཡོད་པས། ཁོང་ཚོའི་དཀའ་སྤྱད་སྡུག་རུས་ཀྱི་སྙིང་སྟོངས་དང་བདག་བས་གཞན་གཅེས་ཀྱི་བྱང་སེམས་སོགས་ནི་ཅི་འདྲའི་རླབས་ཆེ་ཞིང་མིག་དཔེར་འོས་པ་ཞིག་མ་ཡིན་ནམ།
༢༠༢༠ལོའི་ཟླ༢ཚེས༡༠ཉིན་རང་ཁྱིམ་ནས་གྲུབ།
རྩོམ་སྒྲིག་པ། འབུམ་པ་རྒྱལ།