བདག་གི་ཁང་པ་ཁུ་སིམ་མེར་དུས་རྟག་ཏུ་ཁེར་ཧྲེང་དུ་འགྲེང་ཞིང་། སྒོ་མོ་གཏན་དུ་བརྒྱབ་ཡོད། དེ་ལ་ཆེ་ཆུང་མཚུངས་པའི་སྒོ་གཉིས་མ་གཏོགས་མེད་དེ། གཅིག་ནི་རྨི་ལམ་ལ་ཕྱོགས་ཤིང་། གཞན་གཅིག་ནི་འཆི་བ་ལ་ཕྱོགས་ཡོད། ཆེས་ཐོག་མར་ང་རང་གླིང་ཕྲན་དེར་འབྱོར་དུས་ས་དང་གནམ་མ་གཏོགས་གང་ཡང་ངོ་ཤེས་ཀྱིན་མེད། རྒྱུ་མཚན་དེའི་དབང་གིས་ཉིན་མོར་རྟག་པར་ཁྲོམ་སྲང་དུ་འཁྱམས་ཏེ་མི་གཞན་གྱི་མིག་མདངས་ལས་རྒྱབ་ལྗོངས་མི་འདྲ་བའི་གཏམ་རྒྱུད་སྣ་ཚོགས་བཀླགས་པ་ཡིན། མཚན་མོར་རང་ཉིད་གཅིག་པུ་སྒེའུ་ཁུང་གི་གམ་དུ་བསྡད་དེ《ང་དང་ང་ཡི་མེས་རྒྱལ》ཞེས་པའི་གཏམ་རྒྱུད་ཁྲོད་ཀྱི་མི་སྣ་དང་བྱུང་རིམ་རེ་རེ་བཀླགས་པ་ཡིན།
ང་ཨ་རིའི་རྒྱལ་ས་ཝ་ཧྲིན་ཐོན་ལ་འབྱོར་དུས་ཏག་ཏག་ནམ་གུང་གི་ཆུ་ཚོད་གསུམ་པར་སླེབས། གློག་འོད་ཆེམ་ཆེམ་འཕྲོ་བའི་གྲོང་ཁྱེར་གྱི་འདུ་འགོད་དང་གྲོག་ཚང་སློག་འདྲའི་མི་ཚོགས་ཀྱི་འགྲོ་འོང་། གྲལ་འགྲིག་ཅིང་ཁ་དོག་སྣ་ཚོགས་འཛིན་པའི་འཕྲུལ་ཆས་ཀྱི་དུང་སྒྲ། བརྗིད་ཆགས་ཀྱི་ཁང་བརྩེགས་རེ་རེ་དང་སྲང་ལམ་གྱི་བཟོ་བཀོད། ཁྱད་མཚར་བའི་གནའ་བོའི་ལོ་རྒྱུས་ཀྱི་ཤུལ་བཞག་རིག་དངོས། དེ་དག་གི་ཁྲོད་ནས་བདག་གི་མིག་ལམ་དུ་མངོན་པ་ནི་གདོང་མདོག་དང་སྐྲ་ལོ་མི་གཅིག་ལ། གོམ་འགྲོས་རབ་ཏུ་མགྱོགས་པའི་མི་ཚོགས་ཤིག་རེད། ཕྲག་པས་ཕྲག་པར་བརྡར་ཞིང་དབུགས་ཀྱི་གཏོང་ལེན་ཁག་པའི་བར་ནས་སྐྱེས་པ་ཞིག་གིས་ང་ལ་འཛུམ་ཞིག་བསྟན། ཁོས་བུ་མོ་ཆུང་ཆུང་ཞིག་རྒྱབ་ཏུ་ཁུར་ཡོད་ལ། ལག་ཏུ་འཁོར་སྒམ་ཆུང་ཆུང་ཞིག་ཀྱང་དྲུད་ཡོད། ངའི་སྣང་ངོར་ཆེས་མངོན་གསལ་དུ་ཤར་བ་ནི་ཁོའི་ཞལ་རས་སུ་བབས་པའི་གཉེར་རིས་ཀྱི་ཤུར་མོ་རེ་རེ་དང་ཀོང་ལ་ལྷུང་བའི་མིག་ཟུང་ཆ་གཅིག་པོ་དེ་རེད། བར་སྐབས་ཤིག་ལ། སྐྱེས་པ་དེས་སྙིང་ཉེ་བའི་ཉམས་ཀྱིས་ངས་ད་དུང་ཧྥ་རན་སིར་བསྐྱོད་པའི་གནམ་གྲུའི་པ་སེ་ཉོ་དགོས་ཞེས་བཤད། ཆུ་ཚོད་སྐར་མ་ཁ་ཤས་ཀྱི་རྗེས་སུ་ཁོང་གཉིས་གླ་གཏོང་རླངས་འཁོར་ཞིག་ཏུ་བསྡད་དེ་ང་དང་རིང་དུ་གྱེས། ངས་རང་ཉིད་ཀྱི་རྡོག་མགོར་ལྟ་བཞིན་སླར་ཡང་མདུན་ནས་མདུན་དུ་བསྐྱོད་པ་ཡིན། ལམ་འགྲམ་གྱི་གློག་སྡོང་དང་རང་དབང་གིས་ས་རུ་ལྷུང་བའི་ཤིང་ལོ། གྲིབ་གཟུགས་ལས་བསྐྱེད་པའི་གཟུགས་རིས་སྣ་ཚོགས་ཏེ། ཟུར་གསུམ་མ་དང་སྒོར་དབྱིབས། ཟླ་གམ་གྱི་དབྱིབས། མཐར་ཤིང་ལོ་དེ་དག་རླུང་གིས་སྒུལ་ཙམ་སྒུལ་ཙམ་བྱས་ཏེ་བར་སྣང་དུ་བསྐྱོད་ཅིང་། སླར་ཡང་ཕྱོགས་ཆ་མེད་པར་གཞུང་ལམ་དུ་ཟགས་ཡོང་། བྲེལ་བྲེལ་འཚབ་འཚུབ་ངང་ལམ་འགྲམ་ནས་སྤུང་རྒྱག་བྱེད། བདག་གི་རྐང་པ་དང་ལོ་མའི་གཙུབ་བརྡར་ལས“ཧྲིག་ཧྲིག”གི་སྒྲ་ཞིག་བར་མེད་དུ་མཆེད་ཅིང་། གློག་འོད་ཀྱི་འོག་ཏུ་ཆག་གྲུམ་ཤོར་བའི་ཤིང་ལོ་རེ་རེ་ནི་ཅི་འདྲའི་ཉམ་ཐག་པ་ལ་ཨང་། ཡུད་ཙམ་འགོར་རྗེས་གདོད་མའི་ཚོས་གཞི་དང་དབྱིབས་གཟུགས་སོགས་ཀྱི་ཤུལ་ཙམ་ཡང་ལྷག་མི་འདུག
གློ་བུར་དུ་སྨག་ཇེ་ནག་ཏུ་ཕྱིན་ཏེ་གློག་འོད་ཀྱང་གསལ་ལ་མི་གསལ་བ་ཞིག་ཏུ་སྣང་། གྲིབ་གཟུགས་རིང་ཐུང་གཉིས་ངའི་ལྟག་རྒྱབ་ནས་མངོན་ཆུང་གིས་འཛུམ་ཞིང་། ཡང་གློ་བུར་གློ་བུར་དུ་ལམ་འགྲམ་གྱི་གློག་སྡོང་གི་རྒྱབ་ཏུ་ཡིབ་སྟེ་སུ་ཞིག་གི་གོམ་སྒྲ་ལ་ཉན་བཞིན་པ་དང་འདྲ་བར་འཇམ་ཅག་གེར། བདག་གི་མིག་ལམ་དུ་གདོང་ཁེབས་གྱོན་པའི་སྐྱེས་པ་ཞིག་གིས་བུ་མོ་ཆུང་ཆུང་ཞིག་ཁྲིད་ཡོད་ལ། བུ་མོ་ཆུང་ཆུང་དེས་ཙི་ཏོག་གི་དབྱིབས་ཀྱི་དོར་མ་ཞིག་དང་འཇུར་རྟ་ཆུང་ཆུང་ཞིག ཕྱེ་ལེབ་ཀྱི་གཟུགས་སུ་སྣང་བའི་སྟོད་ལྭ་ཕུར་ལོ་ཞིག་གཡང་ལུགས་སུ་གྱོན་ཡོད། སྐབས་དེར་བདག་གིས་ཆེར་གསལ་པོར་མཐོང་ཐུབ་པ་ནི་ལག་པ་ཆེ་ཆུང་གཉིས་དམ་པོར་འཇུས་ཡོད་པ་དེ་རེད།
ཁུ་སིམ་གྱི་མཚན་ངོགས་དེར་གྲིབ་གཟུགས་ཆེ་ཆུང་གཉིས་ཀྱིས་ངའི་རྗེས་སྙེག་ལ། ང་ཡང་འཇིགས་སྣང་དང་སེམས་ཁྲལ་ཆེན་པོས་མདུན་ནས་མདུན་དུ་བསྐྱོད་ཙ་ན། གཙང་འགྲམ་ཞིག་ཏུ་སླེབས་ཤིང་གནས་དེ་ནས་མགྲོན་ཁང་ཞིག་བཙལ་བ་ཡིན། མགྲོན་ཁང་གི་སྟེགས་བུའི་སྟེང་དུ་སྡོད་མཁན་གྱི་ཞབས་ཞུ་མས་ཁང་པའི་སྒོ་ཕྱེས་བྱུང་། མོས་ང་ལ་དགོངས་པ་མ་ཚོམས། ངས་བུ་མོ་དམུས་ལོང་ཞིག་གི་གཏམ་རྒྱུད་ལ་མཉན་ནས་ཁྱེད་ལ་འཛུམ་མདངས་སྟེར་མ་ཐུབ། དཀྱེལ་ཡངས་གནང་རོགས་ཞེས་བཤད། ཡང་མོས་པ་སངས་སྒྲོལ་དཀར་ཞེས་པ་ཅི་འདྲའི་མིང་མཚར་པོ་ཞིག་རེད་ཨང་ཞེས་བཤད། ངས་གླས་པའི་ཁང་པ་ཆུང་ཆུང་དེར་བུད་མེད་གཅིག་དང་སྐྱེས་པ་གཉིས་བསྡད་ཡོད་ཅིང་། ཁོང་ཚོས་ང་ནང་དུ་འཛུལ་མ་ཐག་སྐུ་ཁམས་བདེ་མོ་ཞེས་འཚམས་འདྲི་བྱས་རྗེས། མ་བགྲོས་གཅིག་མཐུན་གྱིས་སོ་སོ་མཚམས་སྦྱོར་མདོར་བསྡུས་རེ་བྱས་སོང་། ང་ཅུང་དོགས་མི་བདེ་བའི་ངང་ནས་མགྲོན་ཁང་གི་ཕྱི་ལོགས་སུ་བུད་པ་ཡིན། ཡང་ཅང་མ་འགོར་བར་ཁང་པ་ཆུང་ཆུང་དེར་བུད་མེད་ཅིག་སླེབས་བྱུང་། མོའི་མིག་གཉིས་ཆེས་ཆེར་བགྲད་ཅིང་། ཐོད་པ་དང་སྨིན་མའི་ཁ་མཚམས་སུ་བབས་པའི་གཉེར་རིས་ལས་ཅུང་རྒས་མདོག་ཤོར་མོད། མཆུ་སྒྲོས་དང་སོར་རྩེ་རུ་བྱུགས་པའི་ཚོས་གཞིར་འོད་མདངས་རྣམ་པར་བཀྲ་ལ། ཀོ་ཁུག་དམར་པོ་དེ་ཕར་གཡུག་ཚུར་གཡུག་བྱེད་བཞིན་ཁང་ཆུང་དེར་འཛུལ་སོང་། མོར་སྒེག་ཉམས་དོད་ཅིང་སྣང་དོགས་ཅི་ཡང་མེད་པར་མགྲོན་ཁང་གི་དྲ་མའི་གམ་དུ་བསྡད།
“ཨ་ཙི། ཞབས་ཞུ་མ། ངས་མགྲོན་ཁང་འཚོལ་གྱིན་ཡོད།”ངས་དེ་ལྟར་ལབ་པ་ཡིན།
“འདི་མགྲོན་ཁང་རེད།” མོས་དགོད་བཞིན་དུ་དེ་ལྟར་བརྗོད།
“འོ་ན་མི་གཞན་དག་གང་དུ་ལོག་གི་རེད།”ངས་ཧ་ལས་པའི་སྒོ་ནས་དེ་ལྟར་དྲིས་པ་ཡིན།
“ཁོང་ཚོ་ཁྱེད་རང་དང་མཉམ་པོར་སྡོད་དགོས་རེད།”མོས་དེ་ལྟར་ལན་བཏབ།
“ཨ་ཙི། འགྲིག་མི་འདུག ”ངས་དེ་ལྟར་ངག་ནས་ཐལ།
“ག་རེ་བྱུང་སོང་།”མོས་ནན་ཏན་གྱིས་དྲིས་པ་ལ།
“ཁོང་ཚོའི་གྲས་སུ་བུད་མེད་གཉིས་འདུག”ངས་དེ་ལྟར་ལབ་པ་ན།
“བུད་མེད་ཨེ།”མོས་དེ་ལྟར་ལྡོག་འདྲི་ཞིག་བྱས་སོང་།
“ཧ་ཧ། འདི་ནི་མཉམ་འདུས་མགྲོན་ཁང་རེད།”ཞབས་ཞུ་མས་དེ་ལྟར་ལབ།
“མཉམ་འདུས་མགྲོན་ཁང་ཞེ་ན།”ངས་མཚར་སྣང་དང་བཅས་ཏེ་དྲིས་པ་ཡིན།
“ན་ཚོད་དང་རིགས་རུས་ཕོ་མོ་སོགས་དབྱེ་བ་གང་ཡང་ཡོད་པ་མ་རེད།”མོས་དེ་ལྟར་བཤད།
“ཡ་མཚན། ང་གཅིག་པུ་སྡོད་བསམ་པ་ཡིན།”ངས་ཚོད་ཚོད་ལ་དེ་ལྟར་ངག་ནས་ཤོར་སོང་།
“དགོངས་དག མཚན་ལམ་གྱི་མགྲོན་ཁང་ཕལ་ཆེར་འདི་རེད།”མོས་དེ་ལྟར་བཤད།
“འོ་རེད། གོམས་འདྲིས་དེ་འདྲ་ཡོད་མྱོང་མེད།”ངས་དེ་ལྟར་བཤད།
“དགོངས་དག ཉིད་ལ་ཞབས་ཞུ་འདིའི་རིགས་མི་འཚམས་ཚེ། མྱུར་དུ་ཅ་དངོས་ཁང་པའི་ཕྱི་ལོགས་སུ་སྐྱེལ་རོགས།”མོས་དེ་ལྟར་བཤད།
ཕྱིས་སུ་ང་གཙང་འགྲམ་གྱི་མཉམ་འདུས་མགྲོན་ཁང་དེར་སྡོད་རྒྱུའི་སེམས་ཐག་བཅད་པ་ཡིན། སྐྱེས་ཁོངས་པར་ཀི་སི་ཐཱན་ནས་ཡིན་པའི་གཞོན་ནུ་དེས་ཉལ་ཁྲིའི་གྱང་ངོས་སུ་རི་མོ་འབྲི་བཞིན་ཡོད་ལ། སྐྱེས་ཁོངས་ཧྥ་རན་སི་ནས་ཡིན་པའི་བུད་མེད་དེས《རང་དབང་གི་ལྗོངས་རྒྱུ་བ》ཞེས་པའི་སྙན་དེབ་ཅིག་ཀློག་བཞིན་མཆིས། སྐྱེས་ཁོངས་ཧིན་རྡུ་ནས་ཡིན་པའི་བུད་མེད་དེས་གདོང་ལ་མཛེས་བཟོ་བྱེད་ཅིང་། མོས་སྟོད་ལ་ནུ་མའི་འོག་ཏུ་སླེབས་པའི་ཕུ་ཐུང་ཤ་འབྱར་ཞིག་དང་དེའི་འོག་ཏུ་ནུ་རྟེན་ཡང་གྱོན་ཡོད་པ་འདྲ་སྟེ། རས་ལུང་གཉིས་ཀྱི་དཔུང་བ་ལ་བཀལ་ཏེ་ནུ་མ་མཐོ་རུ་བཏང་ཡོད་ལ། བུད་མེད་དེར་རྣམ་འགྱུར་ཤིན་ཏུ་ཆེ། ཚིག་གཅིག་སྨྲ་བའི་བར་ལ་ཡང་མིག་གིས་གཡས་ནས་གཡོན་དུ་བལྟ། མགྲིན་པ་གཡས་སྐྱོག་གཡོན་སྐྱོག་བྱེད། འགྲོ་བའི་ཚེ་རོ་སྟོད་རོ་སྨད་སྐེད་པ་ཐམས་ཅད་གཅུ་ཞིང་རྩྭ་ལོ་གཡོ་བ་དང་འདྲ། སྨིན་མ་ནག་ཅིང་རིང་བ་མ་ཟད་ཅུང་འཁྱིལ་ནས་ཡོད། གདོང་ཆུང་ཞིང་དཔྲལ་ཞེང་ཕྲ་བ། སྣ་མཐོ་ཞིང་མིག་གཉིས་ཀོང་བ། ཕར་བལྟས་ཚོད་ཀྱིས་སྒེག་ཉམས་ཆེས་ཆེར་དོད་ཡོད། སྐྱེས་ཁོངས་འཇར་པན་ནས་ཡིན་པའི་གཞོན་ནུ་དེས་《མཚོ་ཐོག་གི་འཇིག་རྟེན》ཞེས་པའི་གློག་བརྙན་ཞིག་ལ་བལྟས་ནས་ཡོད།
ཁོང་ཚོས་རང་རང་གི་འདོད་མོས་ལྟར་ལས་ཀ་གཉེར་གྱིན་ཡོད་ལ། ངས་ཀྱང་མཐར་ཕྱིན་མཉམ་པར་ཁ་ཤས་ལ་བལྟས་ནས་བསྡད་པ་ཡིན། ཁོང་ཚོས་ཕན་ཚུན་ལ་ཀུ་རེ་རྩེད་ལ། འདྲིས་ཆེ་བའི་རྣམ་འགྱུར་ལས་ང་ལ་སྐད་ཅིག་མའི་བདེ་སྣང་ཞིག་སྟེར།
ཏག་ཏག་ང་གཉིད་ལ་ཉེ་བའི་སྐབས་སུ་བུ་མོ་ཆུང་ཆུང་ཁུར་མཁན་གྱི་སྐྱེས་པ་དེ་ཡང་གཙང་འགྲམ་གྱི་མགྲོན་ཁང་དེར་སླེབས། ཁོའི་ལུས་སེམས་ཉོབ་ཅིང་དུབ་ལ། སྐྱོ་སྣང་ཆེན་པོས་ངའི་འཁྲིས་ཀྱི་ཉལ་ཁྲི་སྟོང་པ་དེའི་སྟེང་དུ་བསྡད། དེ་ནས་ཁང་པ་ཆུང་ཆུང་དེར་སྡོད་མཁན་ཚོའི་འགྲོ་ལུགས་ལྟར་རང་ཉིད་མཚམས་སྦྱོར་མདོར་བསྡུས་ཤིག་བྱས། ཨ་རི་ནས་ཧྥ་རན་སིར་བསྐྱོད་པའི་གནམ་གྲུ་ཆེས་མཐའ་མ་དེ་སྐར་ཆ་ཁ་ཤས་ཀྱི་རྗེས་སུ་ལུས་སོང་། ང་རི་བོ་ཧི་མ་ལ་ཡའི་ཕ་རོལ་གྱི་སྦལ་ཏི་སི་ཐཱན་ནས་ཐོན་པ་ཡིན། ཡུན་རིང་ཞིག་ལ་ཨ་རབ་ལྷོ་ཕྱོགས་ཀྱི་གྲོང་གསེབ་ཅིག་ཏུ་གནས་སྡོད་བྱས་པ་ཡིན། ཕྱིས་སུ་ངས་དེ་གར་ཡུལ་སྐོར་དུ་ཡོང་མཁན་གྱི་བུད་མེད་ཅིག་དང་ཆང་ས་བརྒྱབ་སྟེ་ཧྥ་རན་སིར་ཁྱིམ་གཞི་སྤར་བ་ཡིན། དེ་ནི་ངའི་མི་ཚེའི་ནང་གི་ཆང་ས་ཐེངས་གཉིས་པ་ཡིན། ཆང་ས་ཐེངས་དང་པོ་ནི་སྦལ་ཏི་སི་ཐཱན་ནས་བརྒྱབ་པ་ཡིན། སྐབས་དེར་ང་ལོ་བཅོ་ལྔར་སླེབས་མ་ཐག་ཡིན། སྦལ་ཏིའི་ལུང་པ་ཁ་ཤས་སུ་རང་གི་ཆང་ས་རྒྱག་སའི་མི་དེ་ཕ་མ་གཉིས་ཀྱིས་བཀོད་སྒྲིག་བྱེད་ཀྱིན་ཡོད། ངའི་ཆུང་མ་དེ་ཡང་ཕ་མས་བཙལ་བ་རེད། ཆང་ས་ཐེངས་གཉིས་པ་རྒྱག་དུས་ཏག་ཏག་ང་ལོ་ན་སོ་གཉིས་ལ་སོན་གྲབས་ཡིན། སྐབས་དེར་ངས་ཨ་རབ་ཏུ་ཟ་ཁང་ཆུང་ཆུང་ཞིག་གཉེར་གྱིན་ཡོད། གཙོ་བོ་ང་རང་སྦལ་ཏི་རུ་སྡོད་སྐབས་ཟ་རྒྱུར་དགའ་བའི་ཟས་རིགས་ཁ་ཤས་གཡོས་སྦྱོར་བྱས་པ་ཡིན། ཤ་འབྲས་དང་གྲོ་མ་འབྲས་ཚོས། ལུག་ཤའི་ཐུག་པ་དང་འོ་ཇ་མངར་མོ། ནས་ཆང་དང་ཤ་མོག་བཅས་ཡིན། དེ་ནས་ལོ་ངོ་གཉིས་ཀྱི་རྗེས་སུ་བུ་མོ་པ་སངས་སྒྲོལ་དཀར་བཙས། ཡིན་ན་ཡང་། མོས་བཙས་མ་ཐག་ནས་མིག་གཉིས་ཀྱིས་གང་ཡང་མི་མཐོང་། རྒྱུ་མཚན་དེའི་དབང་གིས་ངའི་དུས་ཚོད་མང་ཆེ་ཤོས་བུ་མོ་དང་མོས་དབང་པོ་གཞན་པར་བརྟེན་ནས་འཚོ་བཞིན་པའི་འཇིག་རྟེན་ལ་ཕུལ་བ་ཡིན། ཁྱད་མཚར་པ་ཞིག་ལ། ཟླ་འགའི་ཡར་སྔོན་ཞིག་ལ་བདག་གི་རྨི་ལམ་དུ་བུ་ཆུང་ཞིག་འཁོར་ཡོང་། འབབ་ཚུགས་སུ་ཁོ(ངའི་སྟེང་དུ་མཛུབ་མོས་བསྟན་ནས་དེ་ལྟར་བཤད།)མཐོང་མ་ཐག་ངའི་རྨི་ལམ་དུ་འཁོར་བའི་མི་དེ་དང་ཅི་འདྲའི་མཚུངས་ཨང་། སྐད་ཆའི་མཇུག་མ་སྐྱོང་གོང་ཉལ་ཁྲིའི་སྒང་གི་བུ་མོ་ཆུང་ཆུང་དེ་སྐད་ཤུགས་ཆེན་པོས་ངུས་བྱུང་། བལྟས་ཚོད་ཀྱིས་འཇིགས་སྐྲག་སྐྱེ་བཞིན་པ་འདྲ་སྟེ། རྐང་པ་གཉིས་བར་མེད་དུ་གནམ་ལ་གཡུག་ཅིང་། སོར་མོས་རང་དབང་མེད་པར་རང་ཉིད་ཀྱི་གདོང་པ་དང་སྐྲ་ལོར་ཟིན་ཅི་ཐུབ་བྱེད། ཁོས་སེམས་ཆུང་སྒོས་མོའི་མགོ་ལ་བྱིལ་བྱིལ་ཐེངས་འགའ་བྱས་རྗེས། བུ་མོ་གཉིད་ལས་སད་དེ་ཡུད་ཙམ་ལ་ཁུ་སིམ་མེར་གྱུར། དེ་ནས་སྐྱེས་པ་དེའི་གདོང་ལ་འོ་ཞིག་བྱས་རྗེས་སླར་ཡང་གཉིད་དུ་ཡུར་སོང་།
ནམ་ལངས་མེད་མོད། ང་སྡོད་སའི་གཙང་འགྲམ་གྱི་མགྲོན་ཁང་དེར་ལོ་ན་བདུན་ཅུ་ཡས་མས་ཀྱི་བགྲེས་སོང་ཞིག་སླེབས་བྱུང་། ཕར་བལྟས་ཚོད་ཀྱིས་མི་ཞིག་འཚོལ་གྱིན་པ་འདྲ་སྟེ། ཁོ་ཁང་པའི་ནང་འཛུལ་མ་ཐག་ཕར་འགྲོ་ཚུར་འགྲོ་ལན་འགའ་བྱས་རྗེས། ངའི་རྒྱབ་ལོགས་ཀྱི་གྱང་ངོས་སུ་ཁེན་ནས་ཡུད་ཙམ་ལ་ཧད་ནས་བསྡད། ཁོའི་ལུས་ཐང་ཆད་ཅིང་ཤ་སྐམ་པ་དང་། ཁ་ཤ་ལ་སེར་ཁ་དོད་ཅིང་སོ་སྒོ་གཉིས་ཀྱང་ཟད་ནས་ལྷུང་ལ་ཁད་དུ་གདའ། གློག་འོད་ཀྱི་འོག་ཏུ་ཁོའི་གྲིབ་གཟུགས་ནི་ཤིན་ཏུ་རིང་ལ། ཁེར་རྐྱང་དང་སྡུག་ཡུས་ཀྱི་མནར་བའི་ཉམས་སྣང་ཞིག་ངང་ངམ་ཤུགས་ཀྱིས་མངོན་ཡོད། ཡ་སོ་དང་མ་སོའི་བར་དུ་བཙུར་བའི་མཆུ་སྒྲོས་སུ་རང་ཤུགས་ཀྱིས་སྐྱོ་ཉམས་ཤིག་དང་དཀར་པོར་གྱུར་པའི་སྨ་ར་ལ་བད་ཀྱིས་བཟུང་ནས་དཀར་སིང་ངེ་མཐོང་། སྐྲ་ལོ་འཛིངས་ཤིང་སྨིན་མ་སྟུག་པས་བལྟས་མ་ཐག་དངོས་གནས་སྐྱི་གཡའ་བ་ཞིག་རེད། ཁོས་ང་མཐོང་མ་ཐག་ཁ་ཤ་ལྷབ་ལྷུབ་ཏུ་འགུལ་ཞིང་མིག་ནས་མཆུ་མ་ཁྲོམ་ཁྲོམ་དུ་བཞུར་བ་ལས་སྐད་ཆ་ཚིག་གཅིག་ཀྱང་མ་ཤོད།
ངས་ཅི་ཡིན་འདི་ཡིན་མེད་པར་བུ་མོ་ཁུར་མཁན་གྱི་སྐྱེས་པ་དེར་ལྟ་ཙམ་ལྟ་ཙམ་བྱས་པ་ན། བགྲེས་སོང་དེས་སྔར་བཞིན་ངའི་སྟེང་དུ་ཅེར་ནས་ངུ་བཞིན་འདུག བུ་མོ་ཁུར་མཁན་གྱི་སྐྱེས་པ་དེ་ཡང་ག་ལེར་གཉིད་ལས་སད། ཁོས་བགྲེས་སོང་དེ་མཐོང་མ་ཐག་མིག་ཅེར་རེ་ཧད་དེ་བསྡད། ཡིན་ཡང་བགྲེས་སོང་དེས་སྔར་བཞིན་མིག་ཙམ་ཡང་མི་རྡེབ་པར་ངའི་སྟེང་དུ་ཅེར་འདུག
“ང་སྦལ་ཏི་སི་ཐཱན་ནས་ཡིན། མི་མང་ཆེ་ཤོས་ཀྱིས་གནས་དེར་བོད་ཆུང་བ་ཞེས་འབོད། ངའི་བྱིས་དུས་ཕལ་ཆེར་གནས་དེ་ནས་བསྐྱལ་པ་ཡིན། ངའི་ནང་མིས་ང་ལ་ཀྲི་ཀྲི་ཞེས་འབོད་ཅིང་། ཁྱིམ་མཚེས་ཁ་ཤས་ཀྱིས་གསང་སྟབས་ཀྱིས་ང་ལ་སྐྱེས་ཁོངས་མི་གསལ་བའི་གཏམ་རྒྱུད་ཅིག་བརྗོད་མོད། ཆེས་བརྗེད་དུ་མེད་པ་ནི་ངའི་མིང་ལ་ཀྲི་ཀྲི་ཐོགས་དོན་ནི་ངའི་རྣམ་ཤེས་ཆུ་ལོག་གི་ཁྲོད་ནས་རྙེད་པ་རེད་ཅེས་པ་དེ་རེད།” མཚན་ངོགས་དེར་ཚོད་ཚོད་ངས་གཏམ་རྒྱུད་ཅིག་ཡིད་ལ་འཁོར་བྱུང་།
“སྦལ་ཏིའི་ཡུལ་ནི་ཨེ་ཤའི་དབུས་རྒྱུད་དུ་གནས་པའི་མདོ་དབུས་མཐོ་སྒང་གི་ནུབ་སྣེའི་མཚམས་ཏེ་རི་བོ་ཧི་མ་ལ་ཡའི་ནུབ་སྡེ་དང་རི་བོ་ཁཱ་ལ་ཁུ་ནུའི་ནུབ་སྣེའི་བར་དུ་གནས་ཡོད། དུས་རབས་བཅུ་གཅིག་པའི་ནང་དུ་ཁཱ་ལ་ཁུ་ནུའི་རི་རྒྱུད་ཀྱི་འཁྱག་རོམ་ཆེན་པོ་ཞིག་བརྡིབས་ཏེ་སྦལ་ཏིའི་ཁུལ་དུ་ཆུ་ལོག་གི་གནོད་འཚེ་ཆེན་པོ་བྱུང་། ཆགས་འཇིག་དེར་རྐྱེན་བྱས་ནས་ཡུལ་མི་མང་པོ་རྐྱེན་ལམ་དུ་ཤོར་བ་དང་གྲོང་སྡེ་མང་པོ་སྟོངས་པས། སྦལ་ཏི་དང་བོད་དབུས་བར་གྱི་འགྲོ་ལམ་འགག་སྟེ་ཡུལ་གཉིས་ཀྱི་འབྲེལ་ཐག་རིམ་གྱིས་ཆད་པ་རེད། ”ལྷ་སྒྲུང་ལྟ་བུའི་གཏམ་རྒྱུད་དེ་ནི་ཨ་མྱེས་ཀྱི་ཡས་མེས་ཚོས་ཁོང་ལ་གསུངས་པ་ཡིན་ཟེར།
ང་ལོ་ན་བརྒྱད་ཙམ་སོན་པའི་སྟོན་མཇུག་ཅིག་ལ། ངེད་ཚོ་གནས་སྤོ་བརྒྱབ་པ་ཡིད་ལ་དྲན། སྐབས་དེར་སྤོ་བོས་དགའ་ཚོར་ཆེན་པོས་ཕ་ཡུལ་དུ་ལོག་དགོས་ཞེས་ཟེར་མོད། སྐབས་དེར་ང་ལ་མཚོན་ན་ཕ་ཡུལ་ཞེས་པར་གོ་བ་ཅི་ཡང་མ་བྱུང་། ངེད་གཉིས་མེ་འཁོར་འབབ་ཚུགས་སུ་འབྱོར་ཞིང་། ངའི་སེམས་སུ་གྲོང་ཚོའི་ནང་གི་རྩེད་རོགས་ཚོ་འཁོར་ཏེ། འབབ་ཚུགས་ཀྱི་རྐུབ་སྟེགས་འོག་ཏུ་ཡིབ་ནས་ཁོང་གི་རྗེས་བསྙེགས་མེད། ཕྱིས་སུ་འབབ་ཚུགས་སུ་ཕྱག་ལས་གནང་མཁན་ཞིག་གིས་ང་ལམ་འགྲོ་བ་བཟའ་ཚོ་ཞིག་ལ་སྤྲད་པ་ཡིད་ལ་དྲན། སྐབས་དེར་ས་རུབ་ཅིང་། ང་ལ་ཁ་ཕྱོགས་དང་དུས་ཚོད་ཀྱིས་ངེས་གཏན་གང་ཡང་མེད། དེ་ནས་བཟུང་ངས་རྟག་པར་རྨི་ལམ་འཁྲིགས་ཤིང་སྐྱེས་པ་རྒན་གཞོན་གཉིས་ཀྱིས་ང་འཚོལ་གྱིན་པ་རྨིས་ཤིང་། ཡང་མཚམས་རེར་ངས་སྐྱེས་པ་རྒན་གཞོན་གཉིས་རྙེད་ཅི་ཐུབ་བྱེད་ཀྱིན་པ་རྨིས་ཡོང་། ཕྱིས་སུ་མི་ཞིག་གིས་རྟག་པར་ང་ལ་འཕྲིན་ཡིག་གཏོང་མོད། འོན་ཀྱང་ཡིག་ཤུབས་ངོས་སུ་སྡོད་གནས་དང་འབྲེལ་ལམ་སོགས་གང་ཡང་བྲིས་མེད་པར་མ་ཟད། འཕྲིན་ཡིག་སྐུར་མཁན་དང་སྦྲག་སྐྱེལ་མཁན་གཉིས་པོ་ཤིན་ཏུ་ལྐོག་གྱུར་ཅིག་སྟེ། འཕྲིན་ཡིག་རེ་རེར་ས་རུབ་ཚེ་ད་གཟོད་ངའི་ཉལ་ཁང་གི་དྲ་མའི་ངོས་སུ་བཀལ་འདུག མཚམས་རེར་འཕྲིན་ཡིག་གི་ནང་དུ་ལྟེབས་ཆག་ཤོར་བའི་དངུལ་ལོར་ཁ་ཤས་ཀྱང་གསེབ་ཡོད། ཁྱད་མཚར་བ་ཞིག་ལ་ཡིག་ཤུབས་ཀྱི་ནང་ལོགས་སུ་ལག་པ་ཆེ་ཆུང་གཉིས་དམ་པོར་འཇུས་པའི་པར་རིས་རེ་འཇོག་གིན་འདུག་ཅེས་ལབ་པ་ན། བུ་མོ་ཁུར་མཁན་གྱི་སྐྱེས་པ་དེས་ཚུར་ཡོང་ནས་མགོ་བོ་བདག་གི་བྲང་གཞུང་དུ་བསྔས་ཏེ་ཡུན་རིང་གི་བར་དུ་མིག་ཆུ་བཏང་། ཁོས་མི་ལོ་ཉི་ཤུ་འགོར་སོང་ཞེས་ཤུམ་ཤུམ་དུ་ངུས་སོང་།
《ལྷའི་ཁྱོ་ཤུག་གི་གཏམ་རྒྱུད》ཅེས་པའི་བྱིས་སྒྲུང་ནང་དུ་བུ་མོ་སྐྱ་རིས་མ་ནམ་གུང་གི་ཆུ་ཚོད་བཅུ་གཉིས་ཐོག་ཡིན་གཅིག་མིན་གཉིས་ཡུལ་ལ་ལོག་དགོས། དེ་མ་གཏོགས་མི་ཡུལ་གྱི་མི་དཀྱུས་མ་ཞིག་ཏུ་ལོག་འགྲོ་ཞེས་བྲིས་འདུག ཡིན་ན་ཡང་། དངོས་ཡོད་འཚོ་བ་དང་བྱིས་སྒྲུང་གཉིས་སོ་སོ་རེད། ངའི་གཏམ་རྒྱུད་ནི་ཨ་མའི་ཁྲག་གི་ཁྲོད་ནས་བཞུར་ཡོང་བའི་ནད་དེ་ནས་མགོ་རྩོམ་དགོས། ལོ་ཉི་ཤུ་ཡི་གཞུག་ནས་རྨི་ལམ་དང་འགྲོགས་ཏེ་འཇིག་རྟེན་གཞན་ཞིག་ལ་འགྲོ་དགོས། སྒྱུག་མོ་འདས་པའི་ལོ་དེར་ཨ་མའི་སེམས་སུ་རང་ཉིད་ལོ་ཉི་ཤུ་ཡི་བགེགས་ལས་ཐར་ངེས་ཀྱང་སྲིད་སྙམ་ཡོད། མ་བསམ་ས་ནས་མོ་རང་ལོ་བཅུ་དགུར་བུད་པའི་ལོ་དེར་ངའི་མིག་མདུན་ནས་བལྟས་བལྟས་རིག་རིག་ལ་འདས་སོང་། དེ་ནི་ང་འགྲོ་སའི་ལམ་བུ་ཞིག་ཀྱང་ཡིན། སྔ་མོ་ནས་གཏན་འཁེལ་བྱས་ཟིན་པའི་ལམ་ཞིག་རེད། རྒྱུ་མཚན་དེའི་དབང་གིས་ཡོད་ཚད་འཆི་བར་ཕྱོགས་ཤིང་། འཆི་དགོས་པ་མཐའ་དག་སྔར་གསོན་ཡོད་པའི་ངེས་པ་མ་མཆིས།
ཟླ་བཅུ་པའི་ཚེས་བཅུ་ཉིན་གྱི་ཞོགས་པར། སྟོན་རླུང་གིས་བདག་གི་སྐྲ་ལོ་ཡང་ཡང་བསྒུལ་ཅིང་། སར་ལྷུང་བའི་ལོ་མའི་ཚོགས་ཀྱིས་ངའི་བར་སྣང་ནས་ལྡིང་སྐོར་རྒྱག ཆུ་ཚོད་བཅུ་པ་ཡས་མས་སུ། ཉི་གཞོན་གྱི་འོད་ཟེར་གང་སར་འཕྲོས་ཤིང་། མི་རྣམས་རེ་བས་ཁེངས་པའི་མཐར་ཕྱིན་ཐེམ་སྐས་སུ་འཛེགས། གློ་བུར་ཨང་རྟགས་སོ་བརྒྱད་པ་ཁ་བ་རྣམ་རྒྱལ་ཞེས་བོས་མ་ཐག་ངའི་ལག་པ་འདར་ཞིང་དབང་རྩ་སྦྲིད་དེ་ལུས་ཧྲིལ་པོར་ཚ་བ་རྒྱས་པའི་ཁར། དབུགས་ཀྱི་རྒྱུ་བ་ཡང་ཇེ་དལ་དུ་ཕྱིན་ནས་སྨྲ་བ་རྡབ་རྡིབ་ཏུ་གྱུར། ང་ཧུར་ཐག་གིས་བསླབ་གནས་ཞྭ་མོའི་མདུན་དུ་བཅར་དུས་རྨི་ལམ་གྱི་མཐའ་མ་ཡང་མཇུག་རྫོགས་ལ་ཉེ། ཡིན་ཡང་གཏམ་བཤད་ཀྱི་ཚན་པ་ཆེས་རྗེས་མ་དེ་ཤུགས་ཀྱིས་གྱེར་བ་ཡིན། “ལོ་ཟླའི་གཉེར་རིས་བབས་པའི་ཨ་ཕའི་ཞལ་རས་ནི། ངའི་མི་ཚེ་གང་པོར་སོང་མི་ཚར་བའི་འབའ་འབུར་གྱི་སྒང་གཤོང་ཡིན། དུས་ཀྱི་ཁ་བས་བྲན་པའི་ཨ་ཕའི་སྐྲ་ལོ་ནི། ངེད་མིང་སྲིང་གཉིས་ཀྱིས་ཉིན་མཚན་དུས་དྲུག་ཏུ་བཀླག་མི་ཚར་བའི་དངུལ་གྱི་རྟོགས་བརྗོད་ཡིན།”
རྩོམ་སྒྲིག་པ། ཀླུ་མོ་མཚོ།