གལ་སྲིད་བདག་ལ་གཞན་སེམས་མྱུལ་ཐུབ་པའི་ཁྱད་ནུས་ཤིག་ཡོད་ཚེ། གཏམ་རྒྱུད་འདིའི་ཁྲོད་ཀྱི་མི་སྣ་རེ་རེའི་སེམས་ངོར་འཛུལ་ཏེ་གསེར་གྱི་མཆོད་རྐོང་རྐུ་མཁན་ནི་མི་འདི་རེད་ཅེས་བསྒྲགས་ན། བཙུན་པ་མགོ་ཆེ་དང་ཤིང་བཟོའི་བུ་གཉིས་ཀྱིས་འཁོན་འགྲས་དེ་འདྲ་བྱེད་མི་དགོས་ལ་བཙུན་པ་མགོ་ཆེའི་ངན་མཚང་དེ་དག་ཀྱང་སྡེ་མི་ཚང་མའི་རྣ་ལམ་དུ་བསྐྱལ་མི་དགོས། འོན་ཀྱང་། ད་ནི་སྡེ་ཚང་གང་པོ་ཚ་ཚ་འུར་འུར་ཅིག་ཏུ་བཏང་ཡོད་རྐྱེན། ངེས་པར་ཆོས་སྐྱོང་སྲུང་མའི་མདུན་ནས་མནའ་བསྐྱལ་བ་མ་གཏོགས་ཅིས་ཀྱང་གོ་ཆོད་མི་སྲིད། ཡང་ཀློག་མཁན་ཁྱེད་ཀྱིས“གཏམ་རྒྱུད་ཅིག་ལས་རྐུན་མ་འཚོལ་བ་ནི་ལས་སླ་མོ་རེད། ཁོས་བཙལ་ཆོག”ཟེར་ན། ངས་ཁྱོད་ལ་གཏམ་རྒྱུད་འདིའི་བརྒྱུད་རིམ་གསལ་པོར་གླེང་ཆོག
འབྲོག་དགོན་གྱི་འདུ་ཁང་ཞིག་གསོ་བྱས་པའི་ཉིན་དེ་ནས་བཟུང་། ནམ་རྒྱུན་ནངས་མོའི་སྐྱ་རེངས་མ་ཤར་སྔོན་དུ་སྐྱེ་དགུ་ཡོད་དོ་ཅོག་གི་རྨི་ལམ་དཀྲོག་མཁན་ནི་ཀ་ཅུ་ནས་འོངས་པའི་ཤིང་བཟོ་ཕ་བུ་གཉིས་ཡིན་ཡང་། ཉིན་དེའི་ནངས་མོར་ཀུན་གྱི་རྣ་ལམ་དུ་ཐོག་མར་བརྒྱུད་ཡོང་བ་ནི་བཙུན་པ་མགོ་ཆེ་ཡིས་ལྷ་རྔ་ཆེམ་ཆེམ་དུ་རྡུང་ཞོར་སྐད་ཆེན་པོས“རྐུན་མ་འཛུལ་སོང་། རྐུན་མ་འཛུལ་སོང་།” ཟེར་བའི་སྒྲ་དེ་རེད། རྐུན་མ་ཟེར་བའི་མིང་ཐོས་མ་ཐག དགོན་པ་གཡས་གཡོན་གྱི་མི་རྣམས་མ་བགྲོས་རང་མཐུན་གྱིས་ཚོགས་ཡོང་།
ལུག་རྫི་འབུམ་སྐྱབས་ཀྱིས་བཙུན་པ་མགོ་ཆེ་བསང་ཁྲིའི་གཡས་གཡོན་དུ་ཕར་འགྲོ་ཚུར་འགྲོ་བྱེད་པ་མཐོང་སྟེ། དེར་ཡོང་བའི་མི་དག་ཚང་བརྩིས་ཤིག་བྱས་རྗེས་ཧ་ཅང་གུས་བཀུར་གྱིས“ཨ་ཀི་ལགས། དགོན་པ་གཡས་གཡོན་གྱི་མི་དྲུག་པོ་ཐོན་ཡོད། དོན་དམ་ཅི་ཞིག་བྱུང་སོང”ཟེར་བར། བཙུན་པ་མགོ་ཆེས་གོམ་པའི་སྤོ་མཚམས་བཞག་སྟེ“སྤྱིར་ན་འཇིག་རྟེན་འདིར་སངས་རྒྱས་ཆོས་ལུགས་དར་བ་བཟང་།ལྷག་ཏུ་བོད་རང་ཕྱོགས་ལ་དར་བ་བཟང་། སངས་ཆོས་བོད་ལ་དར་བ་ནས་དགེ་བཅུ་དང་མི་དགེ་བཅུའི་ཁྲིམས་གཏན་འཁེལ་བྱས་ལ་དེའི་ཁྲོད་མ་བྱིན་པར་ལེན་པ་ལ་རྐུ་བྱ་ཞིང་། བརྐུ་བའི་ཉེས་དམིགས་ངས་མ་བཤད་ཀྱང་ཁྱོད་ཚོར་ཁྲིགས་ཁྲིགས་ཡིན། སྔོན་བོད་རྒྱལ་བཙན་པོའི་རང་ཡིན་ནའང་ཆོག དེང་རྒྱལ་ཁབ་གསར་པའི་ཁྲིམས་གང་དུ་ཡང་རྐུན་པོ་ལ་ཉེས་ཆད་ཇི་ལྟར་གཅོད་པ་ཚང་མར་གསལ་ནི་རེད། དེའི་རྐྱེན། མདང་སུ་ཞིག་འདུ་ཁང་ནང་འཛུལ་ཏེ་ཡབ་རྗེ་བླ་མའི་རིང་ནས་བཞག་པའི་གསེར་གྱི་མཆོད་ཀོང་དེ་ཁྱེར་བ་ཡིན།”ཞེས་ཧ་ཅང་རྫིག་རྫིག་གིས་དེར་འཛོམས་ཀྱི་མི་རྣམས་ལ་བལྟས་པར།ཚང་མས་རང་ས་ནས་ཤབ་ཤུབ་རེ་བཤད་པ་དང་ཕན་ཚུན་གྱི་གདོང་ལ་ཅེར་བ་ལས་ཅི་ཡང་བཤད་རྒྱུ་མ་ཤེས། ཡང་བཙུན་པ་མགོ་ཆེ་ཡིས“དུས་ད་ལྟ་ཉིད་དུ་ཕྱིར་སྤྲོད་ན་དོན་དག་ཡོད་ཚད་གསང་རྒྱ་བྱས་ཆོག གལ་སྲིད་ཕྱིར་མི་སྤྲོད་ཟེར་ན་སྡེ་བ་ཡོངས་ལ་བསྒྲགས་པར་མ་ཟད་ཆོས་སྐྱོང་སྲུང་མའི་མདུན་ནས་བསང་མཆོད། ཞབས་ལ་གཏུགས། མནའ་བསྐྱལ། དམོད་ཚིག་སྤྱོ། དུས་སྙིགས་མར་ཐོན་རུང་ལས་རྒྱུ་འབྲས་ལོས་ཡོད། རྣམ་སྨིན་ཞིག་འཁོར་དུས་འགྱོད་ཀྱང་འཕྱི་སོང་།”ཞེས་ཧ་ཅང་དྲག་ཤུལ་གྱིས་བཤད་པ་ན། ལུག་རྫི་འབུམ་སྐྱབས་ཀྱིས་ཁ་ཤ་ལྷབ་ལྷབ་ཏུ་འདར་བཞིན“ཨ་ཀི་ལགས། ངའི་སྙིང་འདི་རིལ་མ་འདྲ་ལས་མེད། ཁྱེད་ཀྱི་གཏམ་དེ་ཐོས་མ་ཐག་སྙིང་རིལ་མ་འདི་ཡང་གས་ལ་བྱེད། ངོ་མ་དྲང་མོར་བཤད་ན། འདུ་ཁང་ནང་ཡབ་རྗེ་བླ་མའི་རིང་ནས་བཞག་པའི་མཆོད་ཀོང་ཞིག་ཡོད་པ་དེ་རིང་ཐོག་དང་པོར་ཐོས་པ་ཡིན། རང་གི་ཕ་རྒན་དྲིན་ཆེན་གྱི་སྔས་མགོའི་བླ་མ་ཡང་སྐྱབས་མགོན་ཁོང་ཚང་ཡིན་པས་མཆོད་ཀོང་དེ་ངས་བརྐུས་ནི་ཡིན་ན། ཕ་དྲིན་ཆེན་གྱིས་ཕྱི་མི་ཡུལ་ནས་མིག་བཙུམ་ག་ལ་ཐུབ། ལྷག་ཏུ་མདང་ནུབ་ལུག་ཁྱུ་ར་ནང་དུ་བཅུག་རྗེས། སྦྲ་ནང་ནས་སྒོ་ལ་གོམ་གང་སྤོས་ཡོད་ན་དཀོན་མཆོག་གསུམ།”ཞེས་བདེན་བདེན་ཞིག་བཤད་རྗེས་ག་ལེར་ཙོག་པ་ན། སྔགས་པ་ཀླུ་རྒྱལ་གྱིས“སྣབས་ལུག སྐད་ཆ་དྲང་མོར་བཤད་དགོས། དོ་ཚུགས་སྡེ་བའི་སྟོང་མཆོད་བཟུང་བའི་ཉིན་དེར་ཨ་ཀི་དགེ་ལེགས་ཀྱིས་གསེར་གྱི་མཆོད་ཀོང་དེའི་གནས་ཚུལ་བརྗོད་དུས་ཁྱོད་རང་ཁོའི་འཁྲིས་སུ་ཡོད་པ་མིན་ནམ”ཞེས་བཤད་པར། ལུག་རྫི་འབུམ་སྐྱབས་ཀྱིས་དྲན་པ་གསོས་པ་ལྟར“འོ། དེ་བདེན། ”ཞེས་ངོ་སྐྱེངས་པའི་རྣམ་འགྱུར་ཅིག་དང་མཉམ་དུ་མགོ་བོར་འཕྲུག་འཕྲུག་བྱས།
རེ་ཞིག་འགོར་རྗེས། རྒན་པོ་བསོད་ནམས་ཀྱིས་དུ་བ་གཅིག་ལ་མེ་སྒྲོན་ཞོར་ཁ་གྲག་བྱུང་།“འཇིག་རྟེན་རྙིང་པའི་སྐབས་སུ་སྡེ་ཚང་གང་པོར་ལྟོགས་སྡུག་གི་མནར་དུས་ང་ཧྲིན་ཁྲན་ཏོས་ཏོས་ཀྲང(生产队队长)ཡིན། སྤྱིར་ན་དཔོན་པོ་ཚང་ལ་དབང་ཆ་ཡོད། དེའི་སྐབས་སུ་གཞུང་གི་འབྲུ་མཛོད་ནང་ལྐོག་ཏུ་ལག་རིང་ཞིག་བསྲིངས་ཡོད་ཚེ། མགོ་དཀར་མིས་མགོ་ནག་མི་བསྐྱལ་མི་དགོས། ངའི་བུ་ཆུང་སྙིང་གི་ཁྲ་རིལ་དེའང་མི་ཡུལ་འདི་དང་འབྲལ་ག་ལ་དགོས། ”ཞེས་མིག་མཐར་མཆི་མ་འཁྱིལ་ཞིང་ཡུད་ཙམ་ལ་ཕ་གའི་རི་སྒང་ལ་ཅེར་ནས་བསྡད་པར། ཁོའི་གན་གྱི་རྒན་པོ་བཟོད་པས་གློ་ལུ་ཞིག་བརྒྱབ་རྗེས་རྒན་པོ་བསོད་ནམས་ཀྱི་ཕྲག་མགོར་འཇུ་ཞོར“འཇིག་རྟེན་རྙིང་པའི་ནང་དུ་སྡུག་མ་གཏོགས་སྐྱིད་ཅིག་གང་ནས་མཐོང་། ད་མང་པོར་འདང་མ་རྒྱག”ཞེས་སེམས་གསོའི་ཚུལ་གྱི་སྐད་ཆ་དེ་བཤད་ཞོར་བཙུན་པ་མགོ་ཆེའི་ཕྱོགས་སུ་བལྟས་ཏེ“དོན་ཅི་ཞིག་བྱུང་ཡང་སྔ་རིམ་ཞིག་དང་ཕྱི་རིམ་ཞིག་ཡོད། ཐོག་མར་ཁྱོད་ཀྱིས་དོན་དག་འདིའི་མགོ་མཇུག་གསལ་པོ་ཞིག་ཤོད་དང་། ཡབ་རྗེ་བླ་མ་ཚང་ནི་འོ་སྐོལ་སྡེ་བའི་མགོན་དང་སྐྱབས་ཡིན། ཁོང་ཚང་གི་ཤུལ་དངོས་ཤིག་ཁྱེར་ནི་ཡོད་ཚེ་རྐུན་པོ་དེ་སེམས་རྡོ་ཅན་དང་ཕྱག་དྲུག་ཅན་གྱི་སྲིན་པོ་ཞིག་ཡིན་སྲིད”ཅེས་བཤད་པར། བཙུན་པ་མགོ་ཆེ་ཡིས “ནམ་རྒྱུན་ལོ་རེའི་ཟླ་འདིའི་ནང་གསེར་གྱི་མཆོད་ཀོང་དེ་བླངས་ནས་མཆོད་མེ་ཞིག་སྒྲོན་གིན་ཡོད། ཟླ་སྔོན་མར་ཨ་ཀི་དགེ་ལེགས་ལྷ་སར་ཕྱིན་ཁར་ང་ལ་ནན་སྐུལ་གྱིས་ཟླ་འདིའི་ཚེས་བཅོ་ལྔ་ཉིན་ལ་ངེས་པར་གསེར་ཀོང་ནས་མཆོད་མེ་ཞིག་སྒྲོན་དགོས་ཟེར། དེའི་རྐྱེན་མདང་ནུབ་ངས་མཆོད་ཀོང་དེ་བླངས་ནས་གཙོ་སྐུའི་མདུན་དུ་མཆོད་ཡོད། ད་ནངས་སྐྱ་རེངས་མ་ཤར་སྔོན་དུ་ཕྱིར་ལེན་དུ་ཡོང་བ་ཡིན། འོན་ཀྱང་། འདུ་ཁང་གི་སྒོ་ཟྭ་བཅག་འདུག མཆོད་ཁྲིའི་སྟེང་གི་མཆོད་ཀོང་གར་སོང་མི་འདུག ད་རྐུན་མས་ཁྱེར་ནི་མིན་ན་སུས་ཁྱེར་རམ།”ཞེས་བཤད་རྗེས་སྤྱན་ཟུང་གི་མིག་སྐྱག་དག་ཕུད་ཕུད་ཅིག་བྱས། རྒན་པོ་བཟོད་པས་འགྲམ་སྟེང་གི་སྨྲ་ར་དག་ལ་སོར་བཏོག་བྱེད་བཞིན“ངོ་མ་དེ་འདྲ་ཞིག་ཡིན་ན། རྐུན་པོ་དེའི་ཡ་ཁོག་གི་སྙིང་དེ་ལྕགས་ཀྱིས་བཟོས་ཡོད་པ་ཁོ་ཐག་རེད། སྤྱིར་ན་རང་རེའི་ཆོས་སྐྱོང་སྲུང་མ་བཙན་པོ་ཡིན། གསང་སྔགས་ཤིག་བཟླས་ཚེ་ཁྱོད་ནམ་འཕང་གཅོད་པའི་བྱ་རྒོད་ཡིན་རུང་འཕུར་ས་ཞིག་གང་ན་ཡོད།”ཅེས་སྐད་ཆ་བཤད་མ་ཐག རྒན་པོ་བསོད་ནམས་ཀྱིས་གཞི་ནས་ཁ་གྲག་བྱུང་།“ང་དང་བཟོད་པ་གཉིས་དགོན་པར་རོགས་ལས་ཡོང་དོན་ཡང་རང་གི་ཚེ་མཇུག་ལ་དགེ་བའི་ལས་ཤིག་བསྒྲུབ་བསམ་པ་མ་གཏོགས། སྡེ་ཁྱིམ་གྱི་རྒན་རྒོན་གཞན་ལྟར་ནམ་རྒྱུན་ཁོམ་ཡོད་པ་མིན། ངེད་གཉིས་སྡེ་བའི་ནང་དུ་རྒན་པ་ཉམས་མྱོང་ཅན་གྱི་རིགས་རེད། ལྷག་ཏུ་ཤིང་ལས་ཀྱི་ཕྱོགས་ལ་ཉམས་མྱོང་ཙམ་ཡོད། དེའི་དབང་གིས་མ་སྐུལ་དང་བླངས་ཀྱིས་འདིར་ཡོང་བ་ཡིན། མི་འགྲོ་ཁ་དང་བྱ་འཕུར་ཁ་ཞིག་ལ་དམྱལ་བའི་ལམ་དེར་ཞུགས་ག་ལ་འདོད”ཅེས་བཤད་བཞིན་ལག་གི་དུ་སྣེ་ཕར་གཡུགས་ཏེ་རྒན་པོ་བཟོད་པ་ལ་བལྟས་པར་ཁོས་ཀྱང་ཡིན་ཅོག་ཅོག་གིས་མགོ་བོ་ལྡེམ་བྱུང་།
དེ་ལྟར་ཡུན་རིང་ཞིག་ལ་ཚང་མས་རང་ས་ནས་རང་ཉིད་དཀར་འདོན་བྱེད་པ་ལས་རྐུན་མ་སུ་ཞིག་ཡིན་པ་སུས་ཀྱང་ཐག་མ་ཆོད། ཡང་ཤིང་བཟོ་ཕ་བུ་གཉིས་ཀྱིས་ཅི་ཡང་མི་བཤད་པ་མཐོང་སྟེ་བཙུན་པ་མགོ་ཆེས་ཤིང་མཁན་ཀྲང་རྡོ་རྗེར་མིག་གིས་ཕུར་ཚུགས་སུ་བལྟས་ཏེ“རྒྱ་རྡོ་རྗེ། ཁྱོད་ལ་ཅང་བཤད་རྒྱུ་མེད་དམ།”ཟེར་བར། ཀྲང་རྡོ་རྗེའི་བུ་ཀྲང་ཐང་གིས་ཧ་ཅང་མི་དགའ་བའི་རྣམ་འགྱུར་ཅིག་སྟོན་བཞིན“ཨ་ཀི དེའི་དོན་ཅི་ཡིན། ”ཞེས་ཕྱིར་བཙུན་པ་མགོ་ཆེའི་གདོང་ལ་བལྟས་ཏེ་བཤད། རྣམ་འགྱུར་དེ་མཐོང་མ་ཐག་བཙུན་པ་མགོ་ཆེའི་གདོང་ནི་དམར་པོར་གྱུར་ཅིང་ཅུང་ཁྲོ་བའི་ཉམས་ཀྱིས“ནམ་རྒྱུན་འདུ་ཁང་གཡས་གཡོན་ན་ཁྱེད་ཕ་བུ་གཉིས་ཡོད། དང་པོ་ཁྱེད་གཉིས་ལ་འདྲི་བསམ་པ་ལས་ནང་དོན་གཞན་མེད”ཅེས་བཤད་མ་ཐག ཀྲང་ཐང་གིས་གདོང་ཡང་དམར་པོར་གྱུར་ཏེ“ཁྱེད་ལ་ཤིང་ཅོག་ཅིག་མ་ལས་ན། སྡང་སེམས་ངེད་ཕ་བུའི་སྟེང་ཤོར་བ་མ་ཡིན་ནམ། ངེད་ཕ་བུ་གཉིས་ལ་རང་ཁ་གསོ་བྱེད་ཀྱི་རྩལ་ཡོད་པས་ཁྱེད་འདུ་ཁང་གི་གསེར་ཀོང་ཞིག་ལ་ཆགས་མི་དགོས”ཞེས་སྐད་གདངས་དྲག་པོས་བཤད་རྗེས་ཨ་ཕ་ཁྲིད་དེ་འགྲོ་རྩིས་བྱས་པར། བཙུན་པ་མགོ་ཆེའི་གདོང་ནི་ཡོངས་སུ་དམར་པོར་གྱུར། མཆོང་ལྡིང་གཅིག་གིས་ཀྲང་ཐང་གི་མདུན་དུ་ཐོན་ཞིང་གོང་མཛུབ་ཀྱིས་ཁོའི་གདོང་ལ་བཙུགས་ཏེ། “སྐྱག་ཕྲུག ཁྱོད་བུ་ངར་ན་ཡང་བསྐྱར་ཐེངས་གཅིག་ཤོད་དང”ཞེས་མཛུབ་མོ་ཁུ་ཚུར་བཅས་ཏེ་རྒྱག་རྩིས་བྱས་པར་གམ་གྱི་སྔགས་པ་ཀླུ་རྒྱལ་མྱུར་མོར་ཡར་ལངས་ཏེ་བཙུན་པ་མགོ་ཆེ་བཟུང་། ཀྲང་རྡོ་རྗེས་ཀྱང་བུ་ལ་ཐལ་ལྕག་གིས་གཞུ་ཞོར“ཆེ་བོ་ཞིག་ལ་སྐད་ཆ་དེ་འདྲ་བཤད་སྲོལ་གང་ན་ཡོད”ཅེས་བུ་ཁྲིད་ནས་ཕྱིར་འགྲོ་རྩིས་བྱས། ཡང་བཙུན་པ་མགོ་ཆེ་ཡིས“ཁྱེད་གཉིས་ཕྱིར་སོང་མི་ཆོག དེ་རིང་དོན་འདི་ལ་ཐག་གཅོད་བྱ་མ་ཐུབ་ཚེ། ང་ཚོ་མི་གཅིག་ཀྱང་འགྲོ་ས་མེད”ཅེས་སྐད་དེ་བཤད་མ་ཐག སྔགས་པ་ཀླུ་རྒྱལ་གྱིས“ཨ་ཀི་ལགས། འདི་ལྟར་སོང་ཚེ། གཅིག་གིས་ཀྱང་ཁས་ལེན་མི་སྲིད། དེ་བས་ཆོས་སྐྱོང་སྲུང་མའི་མདུན་ནས་བསང་མཆོད། མནའ་བསྐྱལ་རེས་བྱེད། རྐུན་མ་དེ་འདིར་འཛོམས་པའི་མིའི་ནང་ཡོད་ཚེ། མངོན་སུམ་གྱི་རྣམ་སྨིན་ཞིག་འཁོར་ངེས”ཞེས་ཅུང་འཁང་རའི་ཚུལ་དུ་བཤད་པར། བཙུན་པ་མགོ་ཆེས་ཀྲང་ཐང་ལ་སྡང་མིག་གིས་བགྲད་དེ“རྒྱ་ཕ་བུ་གཉིས་ཀྱིས་མནའ་བོར་རུང་དོན་མེད་ཡིན། འདི་ཚོ་ལ་མནའ་ཞིག་གང་ན་ཡོད”ཅེས་བཤད་མ་ཐག ཀྲང་རྡོ་རྗེ་ཡིས“ཨ་ཀི་ལགས།
ངའི་ཨ་ཕ་རྒྱ་ཡིན་ཡང་ཨ་མ་བོད་རེད། ང་ཆུང་དུས་ནས་བོད་ཁུལ་ནས་ནར་སོན་པ་ཡིན། ལྷག་ཏུ་མི་ལོ་འདི་དག་གི་རིང་དུ་ངས་བོད་གཅིག་པུའི་ཁྱིམ་ཚང་ནས་ཤིང་ལས་བྱས་པས་མིང་རྒྱ་ཡིན་པ་མ་གཏོགས། དོན་གྱིས་བོད་ཡིན།”ཞེས་སྐད་འཇམ་པོས་བཤད་པ་ན། བཙུན་པ་མགོ་ཆེས་ཀྲང་ཐང་གིས་གདོང་ལ་བལྟས་ཏེ་ཟུར་ཟའི་ཉམས་ཀྱིས་དགོད་ཙམ་བྱས། ཀྲང་ཐང་གིས་ཅི་མི་སྙམ་པའི་རྣམ་འགྱུར་ཅིག་གིས“དགོད་རྒྱུ་ཅི་ཡོད”ཟེར་བར། བཙུན་པ་མགོ་ཆེ་ཡང་བསྐྱར་མདུན་དུ་རྒྱུག་ རྩིས་ཤིག་བྱས་པར་རྒན་པོ་བསོད་ནམས་ཀྱིས“མགོ་ཆེ། ཁྱོད་ལ་དེ་འདྲའི་སྟོབས་ཤིག་ཡོད་ན། རྐུན་མ་འཚོལ་དང་། གཞོན་པ་ཞིག་ལ་བརྙས་ནས་ཅི་བྱ།”ཟེར་བར་བཙུན་པ་མགོ་ཆེས་ཀྱང་ཅི་བཤད་མ་ཤེས་པར་བསང་ཁྲིའི་འགྲམ་གྱི་སྒྱེ་མོ་སྟེང་ཙོག་པུར་བསྡད།
ཤར་ཕྱོགས་ཀྱི་རི་རྩེ་རུ་ཉི་འོད་ལམ་ལམ་དུ་འཕྲོས་ཡོང་ལ། དགོན་འདབས་ཀྱི་ལུག་ཁྱུས་འབའ་སྐད་ཡང་ཡང་སྒྲོག་ཅིང་ལུག་རྫི་འབུམ་སྐྱབས་ཀྱིས་མ་ཐོས་པའི་ཚུལ་གྱིས་ཁ་རོག་གེར་བསྡད་པར། སྔགས་པ་ཀླུ་རྒྱལ་གྱིས་མཐོང་སྟེ་ཀུ་རེའི་ལམ་གྱིས“འབུམ་སྐྱབས། ནམ་རྒྱུན་ལུག་ཟེར་ན་སྲོག་ཡིན། དེ་རིང་འབའ་སྒྲ་ཇི་ལྟར་ལྡིར་རུང་ཁ་རོག་སྡོད་པ་ཅི་ཡིན།”ཟེར་བ་ན་ལུག་རྫི་འབུམ་སྐྱབས་ཀྱིས་ཁ་ཤ་ཡང་བསྐྱར་ལྷབ་ལྷབ་འདར་ཞོར། “ཞ་ར་པོ། ཁྱོད་ཁ་རོག་སྡོད། སྐབས་འདི་འདྲ་ཞིག་ལ་རང་སྣང་གང་ཤར་བྱེད་ག་ལ་རུང”ཞེས་བཤད་རྗེས་གློ་བུར་དོན་ཞིག་དྲན་པ་ལྟར“ཁ་སང་ཕྱི་དྲོར་རྟ་སྒང་ཉག་ཁ་བརྒྱུད་ནས་ཚུར་ཡོང་སྐབས།འདུ་ཁང་ཕྱོགས་སུ་གོན་པ་སྐྱ་སྨུག་ཅན་ཞིག་འགྲོ་བཞིན་འདུག ད་ལྟར་ཚང་མའི་གོན་པར་བལྟས་ན་མི་དེ་ཁྱོད་ཡིན་པ་འདྲ”ཞེས་སྐད་དེ་བཤད་མ་ཐག་ཚང་མས་མིག་ཟུང་གཅིག་ཏུ་བསྒྲིལ་ཏེ་སྔགས་པ་ཀླུ་རྒྱལ་ཕྱོགས་སུ་བལྟས་པར་ཁོའི་གདོང་ཡོངས་སྐྱ་བོར་གྱུར་ཏེ“སྣབས་ལུག སྐད་ཆ་ཡག་པོར་ཤོད། ཕྱི་དྲོའི་དུས་སུ་ང་འདུ་ཁང་ནང་ཕྱག་སྐོར་ཅིག་ལེན་དུ་སོང་། དེ་ཤིང་བཟོ་ཕ་བུ་གཉིས་ཀས་ཀྱང་མཐོང་ཡོད།”ཅེས་ཚབ་ཚུབ་ཏུ་བཤད་ཞོར་ཀྲང་རྡོ་རྗེའི་ཕྱོགས་སུ་བལྟས་པར། ཀྲང་རྡོ་རྗེས“དེ་བདེན་པ་ཡིན། ངེད་ཕ་བུ་གཉིས་ཀས་ཤིང་ལས་བྱས་ཚར་དུས་ཀླུ་རྒྱལ་གྱིས་ཕྱག་སྐོར་ལེན་བཞིན་འདུག དེ་དུས་ཨ་ཀི་མགོ་ཆེས་མཆོད་མེའང་བཤམས་མེད། ”ཅེས་བཤད། རེ་ཞིག་ལ་ཚང་མ་དལ་ཅག་གེར་བསྡད་རྗེས་ཡང་ཀྲང་ཐང་གིས“ཉི་མ་ནུབ་རྗེས། ང་ཕྱིར་ཨ་ཕས་མངགས་པ་ལྟར་དུ་བ་ལེན་དུ་སོང་། དེ་དུས་རྒན་པོ་བསོད་ནམས་དང་བཟོད་པ་གཉིས་འདུ་ཁང་ན་ཡོད”ཅེས་བཤད་བྱུང་།
རྒན་པོ་བཟོད་པས་དུ་བ་ཞིག་རྒན་པོ་བསོད་ནམས་ལ་བྱིན་རྗེས་རང་གིས་ཀྱང་གཅིག་ལ་མེ་བསྒྲོན། ཧ་ཅང་སྒམ་བརླིང་གི་ཉམས་ཀྱིས“ངེད་གཉིས་ཀྱིས་འདུ་ཁང་རྒྱབ་ཀྱི་སྲིད་ཞེང་ལ་ཚད་འཇལ་ཅིག་བྱས་ཏེ་རྗེས་མར་ཤིང་ཆ་ག་ཙམ་ཉོ་བར་བལྟས་པ་ཡིན”ཞེས་བཤད་པ་ན་ཀྲང་རྡོ་རྗེས་ཅུང་མ་རངས་པའི་ཚུལ་གྱིས་ལྡབ་ལྡིབ་ཅིག་བཤད་བཞིན་འདུག
བཙུན་པ་མགོ་ཆེས“འདུ་ཁང་ནས་ཕྱིར་ལོག་དུས་ང་གཅིག་པུ་མ་གཏོགས་མེད། སྒོ་ཟྭའང་ངས་བརྒྱབ་པ་ཡིན”ཞེས་བཤད་བཞིན་མི་རེ་རེའི་གདོང་ལ་བལྟས་པར་ཀྲང་ཐང་གིས་ཁོ་ལ་ཕུར་ཚུགས་སུ་བལྟས་འདུག་པ་མཐོང་སྟེ།“ཅི་རེད། ཁྱེད་ཀྱི་མིག་མདངས་དེ་ལས་རྐུན་པོ་ང་རེད་བསམ་པ་ཡིན་ནམ།”ཞེས་སྒྱེ་མོ་ལས་ཡར་བླངས་ཏེ་ཅུང་ཁྲོ་བས་བཤད་པར། ཀྲང་ཐང་གིས་ཚམ་ཚོམ་མེད་པར“ཁྱོད་ཡིན་ཡང་སྲིད”ཅེས་སྐད་དེ་ཤོར་མ་ཐག བཙུན་པ་མགོ་ཆེས་ཁ་སྤོ་ཁ་ནས་ལངས། ཞེ་སྤོ་གཏིང་ནས་ལངས་ཏེ་ཁུ་ཚུར་འཕྱར་བཞིན་མདུན་དུ་མཆོངས་ལ། རྒྱག་ཐེངས་གཅིག་གིས་ཀྲང་ཐང་གི་སྣ་མགོར་ཁེལ་བ་ན། ཀྲང་ཐང་གི་སྣ་ལས་ཁྲག་དམར་ནི་ཆུ་མིག་བརྡོལ་བ་ལྟར་བཞུར་བྱུང་། ཡང་སྔགས་པ་ཀླུ་རྒྱལ་དང་ལུག་རྫི་འབུམ་སྐྱབས་གཉིས་ཀྱིས་བཙུན་པ་མགོ་ཆེའི་གཡས་གཡོན་ནས་བཟུང་སྟེ། “བྱིས་པ་ཞིག་གི་སྐད་ཆར་ཉན་རྒྱུ་ཅི་ཡོད། ཁོང་ཁྲོ་མ་ལངས ”ཞེས་བཤད་པར། བཙུན་པ་མགོ་ཆེས“ང་བཙུན་པ་ཞིག་ཡིན། ལྷག་ཏུ་སྡོམ་ཁྲིམས་བརྩི་མཁན་ཞིག་ཡིན། མ་བྱིན་པ་ལེན་མི་རུང་བ་ངས་མི་ཤེས་སམ། ”ཞེས་བཤད་པ་ན། ཀྲང་ཐང་གིས་ཀྱང་ཁོའི་ཨ་ཕས་བྱིན་པའི་སྣ་ཁྲག་འགོག་བྱེད་ཀྱི་གཙང་ཤོག་དེ་ཕར་གཡུག་ཞོར“ཁྱོད་བཙུན་པ་ཡང་དག་ཅིག་ཡིན་ན། ཁྱེད་ཀྱིས་མཱ་ཅང་རྩེད་རུང་ངམ། ཉིན་འགའི་སྔོན་ལ་ཕོ་གསར་རླངས་འཁོར་བསྐོར་མཁན་དེས་ཁྱོད་ལ་དོམ་འདེད་ཀྱིན་མེད་དམ། ད་རུང་ཁྱོད་བཙུན་པ་ཡང་དག་ཅིག་ཡིན་ན། ཁྱོད་ཀྱི་སྔས་མགོའི་འོག་གི་འདོད་བརྙན་གྱི་འོད་སྡེར་དེ་དག་ཅི་ཡིན། བསང་མཆོད་ཡོང་བའི་སློབ་མ་བུ་མོ་དེ་དག་ལ་ཐུག་ཐུག་རེག་རེག་བྱས་ནས་ཅི་བྱ”ཞེས་ཀྲང་རྡོ་རྗེ་ཡིས་ཡང་ཡང་བུའི་ཁ་བཀག་ཀྱང་ཀྲང་ཐང་གི་གཏམ་དེ་དག་ནི་སྙིང་རྗེ་མེད་པའི་མདའ་མོ་རེ་རེ་དང་འདྲ་བར་བཙུན་པ་མགོ་ཆེའི་སེམས་སྟེང་ལ་ཕོག་སོང་།
ཉིན་མོའི་དབང་ཕྱུག་གིས་ཀྱང་གཏམ་དེ་དག་ཐོས་རྗེས་ངོ་སྐྱེངས་པ་ཇི་བཞིན་ལྷོ་ནས་འོངས་པའི་སྤྲིན་ཕུངས་དེའི་ནང་ག་ལེར་འཛུལ་བྱུང་། རེ་ཞིག་ལ་འདུ་ཁང་མདུན་གྱི་ལྷིང་འཇགས་ཀྱི་ཁ་དབུགས་དེ་སུས་ཀྱང་དཀྲོག་མ་ཐུབ།
རིམ་གྱིས་བཙུན་པ་མགོ་ཆེ་ཡིས་ངུ་མ་དགོད་ཀྱི་རྣམ་འགྱུར་ཅིག་དང་མཉམ་དུ“ངས་མཱ་ཅང་རྩེད་བ་བདེན། མགོན་པོ་ཚེ་རིང་ལ་དོམ་ཆད་ཡོད་པའང་བདེན། འོན་ཀྱང་། ངས་ནམ་ཡང་བརྐུས་མི་བྱེད། ”ཅེས་མ་མགལ་གྱིས་ཡ་མགལ་ལ་སོ་འདེབས་ཞོར་བཤད་རྗེས། ཡང“ངོ་མ་དོམ་ཆད་ཡོད་པ་ལས་རྐུན་མའི་མིང་དེ་ལེན་དགོས་ན། ཀླུ་རྒྱལ་དང་འབུམ་སྐྱབས་གཉིས་ལའང་དོམ་མང་པོ་ཡོད་པ་མིན་ནམ”ཞེས་བཤད་པར། སྔགས་པ་ཀླུ་རྒྱལ་གྱིས་བཙུན་པ་མགོ་ཆེར་ལྟ་ཙམ་བྱས་པ་དང་ཡང་ལུག་རྫི་འབུམ་སྐྱབས་ཀྱི་ཕྱོགས་སུ་འཁོར་ཏེ“སྣབས་ལུག་དང་བསྡུར་ན། ངའི་དོམ་ཆུང་ཆུང་ཡིན”ཞེས་བཤད་མ་ཐག ལུག་རྫི་འབུམ་སྐྱབས་ཀྱིས“ཞ་ར་པོ། ངའི་དོམ་དེ་ནམ་ཞིག་སྟེར་འདོད་ན་དེ་དུས་བྱིན་ཆོག ”ཅེས་བཤད། སྐད་ཆ་དེ་དག་ཐོས་རྗེས་རྒན་པོ་བསོད་ནམས་ཅུང་ཁྲོས་ཡོད་པ་འདྲ་སྟེ། ཁོས“ང་ཚོས་རྐུན་མ་བཙལ་བ་ལས། ཁྱོད་ཚོའི་དོམ་ཆད་ཡོད་མིན་གླེང་གིན་མེད། ད་འདི་ལྟར་སོང་ཚེ་གསེར་གྱི་མཆོད་ཀོང་ཕྱིར་ལེན་རྒྱུ་ཕར་ཞོགས། ནང་འཁྲུག་སློང་བར་འདྲ། དེ་བས་སང་ཉིན་ནངས་མོར་ཆོས་སྐྱོང་སྲུང་མའི་མདུན་ནས་མནའ་གཅོད། ཞབས་ལ་གཏུགས། རང་སེམས་ན་ཉེས་པ་མེད་ན། གཤིན་རྗེ་ལ་འཇིགས་པ་ཅི་ཡོད”ཅེས་བཤད་བཞིན་བཙུན་པ་མགོ་ཆེའི་ཕྱོགས་སུ་བལྟས་པར་བཙུན་པ་མགོ་ཆེས་ཀྱང་འཐད་པའི་བརྡ་བསྟན་བྱུང་། ཕྱིས་སུ་དེར་འཛོམས་པའི་མི་བདུན་པོས་མནའ་བསྐྱལ་བར་ཁས་བླངས་རྗེས་རང་སར་ལོག་སོང་།
གཏམ་མི་ཁ་བརྒྱུད་ན་ཇེ་མང་ཡིན་ཟེར་བའི་དཔེ་ལྟར། མཆོད་ཀོང་བརྐུས་པའི་གཏམ་དེ་སྡེ་ཁྱིམ་ཡོངས་ཀྱིས་ཤེས་རྗེས་སྡེ་མི་རེ་རེའི་སེམས་ན་རྐུན་མ་རེ་ཡོད་པ་འདྲ་སྟེ། སྔོན་ཆད་ལུག་རྫི་བྱས་ཤིང་ད་ལྟ་ཚོང་ཁང་ཕྱེས་པའི་ཚོང་བདག་དེས“འབུམ་སྐྱབས་སྣབས་ལུག་མི་དྲང་མོ་ཞིག་མིན། སྔོན་ཆད་ངེད་གཉིས་རུ་ས་གཅིག་ན་སྡོད་དུས། ངེད་ཚང་གི་དངོས་པོ་ཆེ་ཆུང་མང་པོ་ཞིག་ཁོས་ཁྱེར་སོང་།”
ཁོའི་འགྲམ་གྱི་སྐྱེས་པ་ཆང་འཐུང་དེས“རྒྱ་རྡོ་རྗེ་ཕ་བུ་གཉིས་ཀྱང་ལག་མི་གཙང་། ཐེངས་ཤིག་ངའི་ཨ་ནེ་ཚང་ནས་ཤིང་ལས་བྱེད་སྐབས། ཁྱིམ་གྱི་སོག་ལེ་དང་སྐམ་པ་སོགས་ཁོང་ཕ་བུ་གཉིས་ཀྱི་ཅ་ལག་ནང་སྦས་འདུག་སྐད།”
ཞིང་ཁ་ན་ཡུར་མ་ཡུར་བཞིན་པའི་བུད་མེད་གཉིས་ཀྱིས“བཙུན་པ་མགོ་ཆེ་མིང་གིས་བཙུན་པ་ཡིན་རུང་། ཁོའི་བྱ་སྤྱོད་དེ་དག་སྐྱུག་བྲོ་བ་ཞིག་རེད། ”གཅིག་གིས།“འོ་ལེ།ནམ་རྒྱུན་དགོན་པའི་ནང་སོང་ན་ཁོས་ང་ལ་ལྟ་བའི་མིག་མདངས་དེ་ཡ་མཚན་ཞིག་རེད།”
གཞན་ཞིག་གིས།“ཁོས་ང་ལའང་རྣམ་འགྱུར་འདྲ་མིན་བསྟན་མྱོང་།”
“མཆོད་ཀོང་རང་གིས་ཁྱེར་ཏེ་རྐུན་མ་གཞན་ལ་བསྟན་པ་མ་ཡིན་ནམ།”
ཡང་ཉི་མ་ལྡེ་བཞིན་པའི་གཞོན་དར་སྐོར་ཞིག་གིས “སྔགས་པ་ཀླུ་རྒྱལ་རྗུན་བཤད་ན་ངར། ”
“སྔགས་པ་ཀླུ་རྒྱལ་ནི་ཁ་འོ་མ་དང་ཁོག་ཚེར་མ་ཅན་གྱི་རིགས་རེད།”
“ཁོས་ངའི་ཨ་ཕའི་དོམ་དེ་ད་རུང་བྱིན་མེད།”
འདི་དག་དང་བསྡུར་ན། མ་ཎི་ཁང་གི་ལབ་གླེང་དེ་ཅུང་ཛ་དྲག་ཅན་དུ་གྱུར་འདུག
རྒན་མོ་མགོ་དཀར་ཞིག་གིས“བཟོད་པ་དང་བསོད་ནམས་གཉིས་ཀྱིས་ངོ་མ་དགེ་བ་ཞིག་བསགས་འདོད་ན། ནམ་རྒྱུན་འདིར་ཡོང་སྟེ་མ་ཎི་རེ་བཏོན་ཏེ་སྐོར་བ་རེ་བྱས་པས་ཆོག་མོད། ལ་རིང་པོ་བརྒྱུད་དེ་དགོན་པའི་ནང་སོང་ནས་ཅི་བྱ” ཟེར་བར། མོའི་ཁ་གཏད་ན་སྡོད་པའི་རྒན་པོ་བསོད་ནམས་ཀྱི་སྲིང་མོ་རྒན་མོ་འཛོམས་སྐྱིད་ཀྱིས་མོ་ལ་སྡང་མིག་ཅིག་བགྲད་དེ“ངའི་ཕུ་བོས་གཞུང་དོན་ལ་འབད་ན་ཁྱོད་མི་དགའ་རྒྱུ་ཅི་ཡོད།”ཅེས་བཤད་བཞིན་ལག་གི་ཕྲེང་བའི་འདྲེན་མཚམས་ཀྱང་བཞག རྒན་མོ་མགོ་དཀར་གྱི་རྒྱབ་ལོགས་སུ་ཡོད་པའི་རྒན་པོ་མཁའ་བྱམས་ཅུང་མ་རངས་པའི་ཚུལ་གྱིས“གཞུང་དོན་ཟེར་ན་མི་ཤེས། དེ་ལས་སྒེར་དོན་ཟེར་ན་འགྲིག”ཟེར་བར། རྒན་མོ་འཛོམས་སྐྱིད་ཀྱིས་མིག་གཉིས་ཆེར་གྱུར་ཏེ“ཡ། མཁའ་བྱམས་རྟ་རྗི། ངའི་ཕུ་བོས་གཞུང་དོན་རྐྱང་རྐྱང་ལ་འབད་པ་མ་གཏོགས་སྒེར་དོན་ཞིག་ནམ་ཞིག་བསྒྲུབས་སོང་།”ཞེས་བཤད་པ་ན། རྒན་པོ་མཁའ་བྱམས་ཡར་ལངས་ཏེ་ཉི་འོད་གསེག་སའི་ཀ་རིང་དེའི་གན་དུ་འགྲོ་ཞོར“གཞུང་དོན་ལ་འབད་ཡོད་ན། སྔོན་མར་ཁོ་དང་བཟོད་པ་གཉིས་སྡེ་དཔོན་ལས་བུད་རྗེས། ཅིའི་ཕྱིར་སྡེ་བའི་གཞུང་སྒོར་ལ་ཆད་ལྷག་དེ་འདྲ་ཞིག་འབྱུང་དགོས། ”
“ཆད་ལྷག་བྱུང་ཡོད་ཀྱང་ངའི་ཕུ་བོས་དངུལ་ཁང་ནས་དོམ་བྱས་ཏེ་ཁ་གསབ་བྱས་ཡོད། ”
“སྡེ་བའི་གཞུང་དངུལ་བླངས་ཏེ་རང་ཚང་ལ་ས་ཞིང་ཉོས། ཟོག་ར་བསྐོར་བ་ནི་གཞུང་དོན་ཡིན་ནམ། དངུལ་ཁང་ལ་དོམ་ཆད་པས་འབྲོག་དགོན་ལ་སོང་བ་ཡིན་ནམ།”
“མཁའ་བྱམས་རྟ་རྫི། ཁྱོད་ཀྱིས་ཁྱི་ཁ་ཟུམ།”ཞེས་རྒན་པོ་བསོད་ནམས་ཀྱི་སྲིང་མོ་འབོལ་སྟན་ལས་ཡར་ལངས་ཤིང་ལག་གི་འཁར་བ་དེ་རྒན་པོ་མཁའ་བྱམས་ཀྱི་ཕྱོགས་སུ་གཡུགས་པ་ན། རྒན་པོ་མཁའ་བྱམས་ཀྱང་མྱུར་མོར་ཡར་ལངས་ཏེ“ཡུགས་ས་མ། བསེ་རུལ་མ།” ཞེས་སྡིགས་དམོད་བྱེད་ཞོར་མདུན་དུ་རྒྱུག་རྩིས་བྱས་པར་དེར་ཚོགས་པའི་རྒན་པ་གཞན་དག་གིས་ཁོང་གཉིས་རང་ས་ནས་བཟུང་སྟེ་སྒོ་ཕྱིར་ཁྲིད་སོང་།
མུན་རུབ་རྗེས། ནམ་རྒྱུན་སྔ་མོ་ནས་གཉིད་དུ་བྱིང་བར་དགའ་བའི་སྡེ་ཁྱིམ་འདིས་དེ་རིང་ནི་མཐོངས་ཀྱི་སྐར་ཚོགས་ཇི་བཞིན་ཡུན་རིང་ཞིག་ལ་གློག་འོད་མ་གཟིམས་ལ།སྒོ་འགྲམ་གང་དུ་མྱུལ་ཡང་ཁྱིམ་ཚང་རེ་རེའི་གཏམ་གྱི་གླེང་བྱ་ནི་མཆོད་ཀོང་དང་རྐུན་མའི་གནས་ཚུལ་ལས་མ་འདས། དེ་ལྟར་ཡིན་ནའང་རྐུན་མ་ངོ་མ་འདི་རེད་ཅེས་སུས་ཀྱང་བདེན་དཔང་ཤ་སྟག་ཅིག་སྟོན་ཐུབ་མེད་པས་གཏམ་དེ་དག་ནི་ཁོང་ཚོས་མཚན་འདིར་རོལ་སྟངས་ཀྱི་སྤྲོ་སྣང་བག་ཙམ་མོ། ཡང་མི་རེ་རེས་གཏམ་གྱི་མཇུག་སྡུད་སྐབས“ཆོས་སྐྱོང་སྲུང་མའི་མདུན་ནས་མནའ་བསྐྱལ་ཚེ། རྐུན་མ་ངོ་མ་དེ་ལ་མངོན་སུམ་གྱི་རྣམ་སྨིན་ཞིག་འཁོར་ངེས”ཞེས་རེ་སྒུག་དང་ཡིད་ཆེས་ཀྱི་གདངས་ཤིག་བྱུང་ཡང་། ལྷོ་ཡི་སྤྲིན་ནག་དེ་མུན་ནག་འདིའི་གྲོགས་སུ་གྱུར་ཅིང་མཁའ་དབྱིངས་འདི་ཡོངས་སུ་བསྒྲིབས་དུས་སྡེ་ཁྱིམ་ཡོངས་གློ་བུར་དུ་འཇམ་ཐིང་ངེར་གཉིད་འདུག །
རྩོམ་སྒྲིག་པ། ཀླུ་མོ་མཚོ།