1
བརྒྱད་པའི་བཅོ་ལྔའི་ནངས་མོ་དེར། ས་གཞིའི་རྡུལ་དག་ཅིང་ནམ་མཁའི་གཡའ་དག་སྟེ་ཡོད་ཚད་ལ་སྐྱིད་སྣང་ངམ་སྤྲོ་སྣང་གིས་ཁེངས་པའི་སྐབས་དེར། ནམ་མཁའ་ན་སྤྲིན་བྱེའུ་མགོ་ཙམ་ཡང་མེད་པར་གློ་བུར་དུ་ཆར་བ་ཤག་ཤག་ཏུ་བབས་བྱུང་། འོན་ཀྱང་གློ་བུར་བའི་ཆར་བ་དེ་སྐར་མ་ལྔ་དྲུག་ཙམ་ལས་མ་བབས་པར་སུ་ཞིག་གིས་བསམ་བཞིན་དུ་འབབ་མཚམས་བཅད་པ་ཇི་བཞིན་གློ་བུར་དུ་ཆད་སོང་། ཆར་བའི་འབབ་མཚམས་བཞག་མ་ཐག་བསིལ་རླུང་ཡང་མོ་ཞིག་དལ་བུར་ལྡང་ཞིང་ས་ངོས་སུའང་སྨིག་པ་ལང་ལོང་ཞིག་དལ་གྱིས་འཐིབས་པ་དང་ཆབས་ཅིག་ལུས་སེམས་ཡོངས་ལ་སྨྲ་མི་ཤེས་པའི་སྐྱིད་སྣང་ངམ་ཚོར་བ་ཁྱད་པར་བ་ཞིག་གིས་ཁེངས་པར་གྱུར། ཏག་ཏག་སྐབས་དེར། དགུང་ལོ་བརྒྱད་ཅུར་སོན་ཡང་ལུས་ཀྱི་ལྡེམ་མྱུར་དང་ཤེད་ཤུགས། ཡིད་ཀྱི་དྲན་འཛིན། ད་དུང་ཟས་ཀྱི་ཡི་ག་སོགས་གང་གི་ཐད་ནས་ཀྱང་གསར་བུ་ཞིག་དང་འདྲ་བའི་ནད་མེད་དུག་མེད་ཀྱི་ཨ་ཁུ་འབྲུག་ལྡང་གློ་བུར་དུ་མི་ཡུལ་དང་གཏན་དུ་གྱེས་སོང་། གློ་བུར་བའི་དོན་རྐྱེན་དེ་གཉིས་ཐར་བ་ལུང་སྡེ་བའི་ཉིན་དེའི་གསར་འགྱུར་གཙོ་བོར་གྱུར་ཏེ་གཞོན་སོ་དཀར་ནས་རྒན་མགོ་དཀར་བར་གྱི་མི་ཚང་མའི་ཁ་ནས་འུར་འུར་དུ་གླེང་བཞིན་ཡོད་པར་མ་ཟད། ལྷག་པར་དུ་སྡེ་བའི་མ་ཎི་ཁང་གི་རྒད་པོ་རྒན་མོ་ཚོའི་མགོ་བོ་ན་བྱེད་དང་སེམས་པ་སྡུག་བྱེད་ཀྱི་དོན་དག་ཅིག་ཏུ་མི་འགྱུར་རང་འགྱུར་དུ་གྱུར། ཁོ་ཚོ་ནི་འགྲོ་དོན་རྐྱང་རྐྱང་ལ་སེམས་འཁུར་བྱས་ཏེ་ཉིན་གྱི་ལྟོ་དང་མཚན་གྱི་གཉིད་ཀྱང་མི་དྲན་པའི་བྱང་ཆུབ་སེམས་དཔའ་ལྟ་བུ་ཞིག་མིན་མོད། མ་ཎི་ཁང་ལ་འཚོགས་ཏེ་ཉིན་རེའི་སྒྲོལ་མ་ཚར་ཉེར་གཅིག་རེ་འུར་འདོན་བྱས་རྗེས་ཁོ་ཚོའི་མཐོང་ཐོས་མྱོང་གསུམ་དུ་གྲུབ་པའི་བདེན་རྫུན་གང་རུང་གི་གླེང་གཞི་སྣ་ཚོགས་བལ་བསེད་བསེད་ཅིག་བྱེད་པ་ནི་ཁོ་ཚོའི་བཟློག་ཏུ་མེད་པའི་འགན་ཁུར་རམ་བསྒྱུར་དུ་མེད་པའི་གོམས་གཤིས་སུ་གྱུར་འདུག སྐབས་རེར་ཐོས་མ་རླུང་གི་གཏམ་ཡན་ཞིག་གི་བདེན་རྫུན་གྱི་དབྱེ་བ་མ་ཆོད་པར་ཕན་ཚུན་ལ་ཚིག་རྩུབ་བམ་སྡིགས་དམོད་ཀྱི་འཁོར་ལོ་རེ་མི་བསྐོར་བའི་ངེས་པའང་མེད་པས། ལ་ལས་གདོང་དམར་པོར་གྱུར་ཏེ་ཇ་ཡུན་ཙམ་ལ་ཕན་ཚུན་ལ་ཁ་བསྲེས་ཀྱང་མེད་པར་སྡོད་པ་དང་། ཁ་ཤས་ཤིག་གི་སྙིང་རླུང་སྟོད་ལ་འཚངས་ཏེ་ཞག་གང་པོར་གཉིད་མ་ཡོང་བ། ད་དུང་ལུས་པོ་མི་བདེ་བའམ་ཡུལ་སྲུང་མེད་པར་ཁ་གཡར་ཏེ་ཉིན་རེ་གཉིས་ལ་མ་ཎི་ཁང་དུའང་མི་ཡོང་བ་ལ་སོགས་པའི་གནས་ཚུལ་གང་མང་མཆིས།
“བསྐལ་བ་སར་ཆགས་ཤིང་བ་སོ་ཁར་ཟུག་སྟེ་ད་རག་བར་དུ་སྤྲིན་མ་འཐིབས་འབྲུག་མ་གྲགས་པར་འདི་ལྟ་བུའི་ཆར་ཞིག་བབས་པ་གོ་མ་མྱོང་།”
“ཨ་རོགས། ངའི་ཕ་དགའ་ལྡན་པོས་བཤད་ན་ང་བརྒྱད་མ་ཐོན་པའི་ཡར་སྔོན་ཏག་ཏག་ལ་འདི་འདྲའི་ཆར་ཞིག་བབས་མྱོང་ཟེར།”
“མི་ཤེས་ཤེས་ཁུལ་མ་བྱེད། གནམ་གཤིས་ཀྱི་འགྱུར་ལྡོག་དེ་ང་ཚོས་ཇི་ལྟར་ཤེས།”
“ཁྱོད་ཀྱང་ཁ་མ་མཁས། འོ་ན་ཁྱོད་ཀྱིས་ཤོད་དང་།”
...... ......
“གནམ་ངོའི་རོ་དེ་ཕར་ཞོག་དང་། ཨ་ཁུ་འབྲུག་ལྡང་དག་ཞིང་ལ་ཅི་མ་ཉན་ནམ།”
“འོ་རེད་ཡ་དེ་ཤོད་དང་། ཨོཾ་མ་ཎི་པདྨེ་ཧཱུཾ།”
“ཁོས་ཁ་སང་ད་རུང་ང་ཚོར་བོད་ཀྱི་མི་ཆོས་གཙང་མ་བཅུ་དྲུག་གི་སྐོར་བཤད་པ་མ་ཡིན་ནམ། ཡ་མཚན་རེད།”
“ལོ་ལོན་དུས་ན་སྐད་མ་གོ་བར་ཤི་སྐད་གོ་ཐུབ་པའི་ཡན་ཞིག་གང་ན་ཡོད།”
“འོ་ན་ཁྱོད་ཀྱིས་ཤོད་དང་དེ་ལའང་འཆི་རྐྱེན་ཞིག་ལོས་ཡོད།”
·······
ལོ་ལོན་རེ་འགས་ཕྲེང་བ་བགྲང་ཞོར་དང་མ་ཎི་འདོན་ཞོར་དུ་འཛུམ་དམུལ་ལེར་ཀུན་གྱི་ཁ་བརྡའམ་ཁ་རྩོད་ལ་མཉན་ཏེ་བསྡད་ཡོད་པ་ལས། གཞན་རྣམས་ཀྱིས་རྒྱལ་ཁའི་རྟིང་མ་འཐོབ་རེ་ཤོར་དོགས་ཀྱིས་རང་རང་ས་ནས་སྔ་གཞུག་བརྩད་དེ་གནས་ལུགས་འདྲེན་ཅི་ཐུབ་བྱས་པས། མ་ཎི་ཁང་རེ་ཞིག་ལ་སྐྱ་ཀའི་ཚང་ནང་དུ་རྡོ་འཕངས་པ་ཇི་བཞིན་དུ་འུར་ཆིལ་ལེར་སོང་།
2
ད་ནས་ཡར་བརྩིས་ཏེ་ལོ་ངོ་བརྒྱད་ཀྱི་ཡར་སྔོན་གྱི་དབྱར་ཁའི་ཞོགས་པ་དེ་ནི་གཞན་རྣམས་ལ་མཚོན་ན་ཆེས་སྤྱིར་བཏང་གི་ཉིན་མོ་ཞིག་ཡིན་མོད། འོན་ཀྱང་ཨ་ཁུ་འབྲུག་ལྡང་ལ་མཚོན་ན་དེ་ནི་ཁོའི་མི་ཚེ་གང་པོར་ཆེས་གལ་ཆེ་ཞིང་བརྗེད་དུ་མེད་པའི་ཉིན་མོ་ཞིག་ཡིན་པར་མ་ཟད། ཉིན་དེ་ནས་བཟུང་ཁོས་ཡང་བསྐྱར་འཆར་གཞི་གསར་པ་ཞིག་ལ་སྟ་གོན་བྱེད་པའི་མགོ་བརྩམས། གསལ་པོར་བཤད་ན་ཉིན་དེ་ནི་ཁོའི་མནའ་མ་སྟེ་བུ་བློ་བཟང་དོན་གྲུབ་ཀྱི་ཆུང་མར་མངལ་ཆགས་ཏེ་ཟླ་དགུ་ཞག་བཅུ་འགོར་རྗེས་ཚ་བོ་བློ་བཟང་བསྟན་འཛིན་སྐྱེས་པའི་ཉིན་མོ་རེད། ཁོས་ཉིན་མོ་འདིར་རེ་བ་བྱས་ཏེ་ལོ་གང་མང་འགོར་སོང་ལ་མནའ་མར་མངལ་ཆགས་པ་ནས་བཟུང་ཁོ་རང་ཉིན་གང་པོར་མཆོད་ཁང་དུ་འཛུལ་ཏེ་ཞལ་འདོན་ཁོ་ན་བྱེད་ཅིང་། སྐབས་རེར་ཅི་ཞིག་གི་ནང་ལ་མགོ་འཁོར་ནས་གཞན་གྱིས་བཤད་པ་མི་གོ་ལ་མིག་མདུན་གྱི་ཡོད་ཚད་མི་མཐོང་བའི་སྐབས་ཀྱང་མང་དུ་མཆིས་པར་མ་ཟད། རྒྱུན་དུ་ཁེར་བཤད་རྒྱག་བཞིན་ཁོང་འཛུམ་རེ་ཤོར་བའམ་སྡིགས་དམེ་རེ་འདོན་བཞིན་པ་མི་གང་མང་གིས་མཐོང་མྱོང་ཟེར། འོན་ཀྱང་། གཞན་གྱིས་ཁོའི་ཁོང་འཛུམ་ཤོར་བའམ་སྡིགས་དམེ་འདོན་པའི་སྣང་ཚུལ་ཐེངས་གང་མང་ལ་མཐོང་མྱོང་བ་ལས། རྒྱུན་ལྡན་མ་ཡིན་པའི་སྣང་ཚུལ་དེའི་འབྱུང་རྐྱེན་ལ་སོགས་པ་ནི་གབ་ལན་མེད་པའི་གབ་ཚིག་ཅིག་ཏུ་གྱུར་ཡོད་ཅིང་། མ་ཎི་ཁང་གི་རྒད་པོ་རྒན་མོ་དག་གིས་ཀྱང་མགོ་ན་རག་བར་དུ་རྩད་སྡུར་དང་ཚོད་དཔག་གང་མང་བྱས་ཀྱང་ཡོད་ཚད་ངལ་བ་འབྲས་མེད་དུ་གྱུར། དེ་ལྟར་ཡུན་རིང་ཞིག་འགོར་རྗེས་རྒྱུན་ལྡན་མ་ཡིན་པའི་སྣང་ཚུལ་དེ་རྒྱུན་ལྡན་དུ་གྱུར་ཏེ། ཨ་ཁུ་འབྲུག་ལྡང་དང་འཕྲད་དུས་ཁོ་རང་གི་གོམས་གཤིས་སུ་གྲུབ་པའི་རྒྱུན་ལྡན་མ་ཡིན་པའི་སྣང་ཚུལ་དེ་མ་མཐོང་ཚེ། གཞན་རྣམས་དེ་ལས་ལྡོག་སྟེ་ཨ་ཁུ་འབྲུག་ལྡང་ལ་ཅི་ཞིག་བྱུང་སོང་ངམ་སྙམ་ནས་ཡ་མཚར་བའམ་སོམ་ཉིའི་རྒྱ་རུ་ཚུད་དགོས་པའི་ཚད་ལ་སླེབས།
3
ད་ནས་ཡར་བརྩིས་ཏེ་ལོ་ངོ་སུམ་ཅུའི་ཡར་སྔོན་ཏེ་ཨ་ཁུ་འབྲུག་ལྡང་གི་བུ་བློ་བཟང་དོན་གྲུབ་རང་ལོ་བཅུ་ལ་སོན་པའི་ལོ་དེར། གོང་རིམ་གྱིས་སློབ་ལོ་རན་པའི་བྱིས་པ་ཡོད་ཚད་ཡུལ་ཚོའི་སློབ་གྲྭར་འགྲོ་དགོས་པའི་བཀའ་ཐོག་ལྟ་བུ་ཞིག་བབས་པས། བློ་བཟང་དོན་གྲུབ་ཀྱང་ཐར་བ་ལུང་གི་བྱིས་པ་རྣམས་དང་མཉམ་དུ་སྤྱི་ལེ་དྲུག་བདུན་ཙམ་གྱི་སར་ཡོད་པའི་ཡུལ་ཚོའི་སློབ་གྲྭར་འགྲོ་མགོ་བརྩམས། སྐབས་དེར་ཡུལ་ཚོའི་སློབ་གྲྭའི་ནང་དུ་ལོ་རིམ་དང་པོ་ནས་གསུམ་པའི་བར་དུ་མ་གཏོགས་མེད་ལ། རུས་ཀྲའོ་ཅན་གྱི་རྒྱ་རིགས་དགེ་རྒན་གཅིག་ལས་མེད། ཁོས་འཛིན་གྲྭ་གསུམ་གྱི་རྒྱ་ཡིག་དང་རྩིས་རིག་འཁྲིད་དགོས་ལ་སློབ་གཙོའི་འགན་ཡང་གཅིག་ལྕོགས་སུ་ཁུར་ཡོད། ལོ་གསུམ་གྱི་རྗེས་སུ་བློ་བཟང་དོན་གྲུབ་ཡུལ་ཚོའི་སློབ་གྲྭ་ལས་མཐར་ཕྱིན་རྗེས་མུ་མཐུད་དུ་རྫོང་མཁར་གྱི་རྒྱ་རིགས་སློབ་གྲྭར་ཕྱིན། སྤྱིར་བློ་བཟང་དོན་གྲུབ་ཀྱི་སྦྱངས་འབྲས་ཧ་ཅང་ལེགས་པས་དགེ་རྒན་ཚོས་དུས་རྒྱུན་དུ་བསྟོད་པའི་མཐེ་བོང་སྒྲེང་བཞིན་མཆིས་ལ། སློབ་གྲོགས་ཚོས་ཡིད་སྨོན་བྱ་ཡུལ་ཉག་གཅིག་ཏུའང་གྱུར་དང་འགྱུར་གྱིན་མཆིས་མོད། འོན་ཀྱང་། ཨ་ཁུ་འབྲུག་ལྡང་དེ་ལས་ལྡོག་སྟེ་འདང་རྒྱག་ཅིག་གི་ནང་དུ་ལྷུང་འདུག དེ་ནི་ཁོས་བློ་བཟང་དོན་གྲུབ་སློབ་གྲྭར་མ་སོང་བའི་ཡར་སྔོན་ལ་ཁྲིད་པའི་བོད་ཡིག་དང་བློ་ནས་ཤར་ཤར་དུ་སྐྱོར་ཐུབ་པའི་མདོ་གདུགས་སྒྲོལ་གསུམ་སོགས་ཕལ་ཆེར་གཏིང་བརྗེད་དུ་སོང་བའི་རྐྱེན་གྱིས་ཡིན་པ་འདྲ། རང་ཉིད་ཀྱིས་འབད་འབུངས་བྱས་མཐར་ཀུན་གྱིས་ཁས་འཆེས་ལ་རང་ཉིད་ཀྱང་ཡིད་ཚིམ་པའི་འབྲས་རྟགས་དེ་བཙན་གྱིས་སམ་རང་བཞིན་གྱིས་གར་སོང་ཆ་མེད་དུ་གྱུར་ཚེ། དེར་བློ་མི་ཕམ་པའི་སྐྱེ་བོ་སུ་ཞིག་མཆིས། ཞིབ་ཏུ་བསམས་ན་ཨ་ཁུ་འབྲུག་ལྡང་ལའང་ཁག་མི་འདུག་སྙམ།
དུས་ཚོད་ཀྱི་འགྲོས་ནི་ཅི་འདྲའི་མྱུར་བ་ལ། མིག་རྡེབ་དབང་ཙམ་གྱིས་བློ་བཟང་དོན་གྲུབ་སློབ་གྲྭ་ཆེན་མོ་ལས་སློབ་མཐར་ཕྱིན་ཏེ་ཡུལ་ཚོ་སྲིད་གཞུང་གི་གཞུང་ཞབས་པར་གྱུར། ཁོས་འབད་འབུངས་བྱས་པ་བརྒྱུད། ལོ་ལྔ་ཙམ་ལས་མ་འགོར་བར་བློ་བཟང་དོན་གྲུབ་ཡུལ་ཚོ་སྲིད་གཞུང་གི་ཧྲུའུ་ཅིར་བསྐོས། སྐབས་དེར་ཁོས་གོང་རིམ་ལ་ཡར་ཞུ་དང་རང་ཉིད་ཀྱི་འབྲེལ་བ་བརྒྱུད་པ་ལ་སོགས་པའི་ཐབས་སྣ་ཚོགས་སྤྱད་དེ། དེ་སྔར་ལོ་རིམ་གསུམ་པའི་བར་དུ་མ་གཏོགས་མེད་པའི་རང་ཉིད་ཀྱི་མ་ཡུམ་སློབ་གྲྭ་རྒྱ་བསྐྱེད་དེ་ལོ་དྲུག་ལམ་ལུགས་ཀྱི་སློབ་ཆུང་དུ་བསྒྲུབས་པར་མ་ཟད། རྫོང་ཡོངས་ཀྱི་རྒྱ་ཡིག་སློབ་གྲྭ་གཅིག་པུར་གྱུར། ཁོས་སློབ་གསོ་ནི་འཕེལ་རྒྱས་ཀྱི་རྩ་བ་ཡིན་པ་དང་དབུལ་ཕོངས་ལས་ཐར་དགོས་ན་ཐོག་མར་རིག་གནས་སློབ་གསོ་ཁྱབ་གདལ་དུ་གཏོང་དགོས་པ། ཕྱི་ཡིག་དང་རྒྱ་ཡིག་སྦྱངས་ན་ད་གཟོད་སྔོན་ཐོན་མི་རིགས་ཀྱི་གྲས་སུ་ཚུད་ཐུབ་པ། བོད་ཡིག་ཁོ་ན་སྦྱངས་པས་ཕན་པ་ཆེར་མེད་ཚུལ་ལ་སོགས་པའི་གནས་ལུགས་གང་མང་ཁོ་རང་ཉིད་དཔེ་མཚོན་དུ་བཞག་སྟེ་བཤད་པས། རྒྱ་ཆེའི་མང་ཚོགས་ཀྱིས་བདེན་པའི་བརྡ་ལ་མགོ་བོ་ནང་དུ་གུག་སྟེ་རྒྱབ་སྐྱོར་མང་པོ་བྱས། གོང་རིམ་མགོ་ཁྲིད་ཀྱིས་བསྟོད་པའི་མཐེ་བོང་སྒྲེང་བཞིན་གོ་གནས་མཐོ་རུ་སྤར། འོན་ཀྱང་། བློ་བཟང་དོན་གྲུབ་ཀྱི་བསྟན་པ་དར་བཞིན་པའི་སྐབས་དེར་ཨ་ཁུ་འབྲུག་ལྡང་གིས་ཅི་ཞིག་བོར་སོང་བ་བཞིན་བསྟུད་མར་ཉིན་འགའ་ལ་ཟས་ཀྱི་ཡི་ག་ཆད་ཅིང་གཉིད་ཀྱི་བདེ་བ་ཡལ།
4
ད་ནས་ཡར་བརྩིས་ཏེ་ལོ་ངོ་བདུན་བཅུ་ཙམ་གྱི་དུས་སུ། ཐར་བ་ལུང་སྡེ་བར་ནད་ཡམས་ཐན་ལྟས་ཤིག་འོངས་ཏེ་སྡེ་མི་ཕལ་ཆེ་བ་ཉིན་ཞག་འགའི་རིང་ལ་ཕྱི་མའི་ཡུལ་དུ་འཕྱན། ཤུལ་དུ་ལུས་པའི་མི་རེ་གཉིས་ཙམ་ཡོད་པའང་ཕྱོགས་ངེས་མེད་དུ་འཁྱམས། སྐབས་དེར་ལོ་བཅུ་ཙམ་ལ་སོན་པའི་ཨ་ཁུ་འབྲུག་ལྡང་ཕ་མ་དང་ཉེ་མི་རྣམས་དང་བྲལ་ཏེ་བདག་མེད་ཀྱི་ཁྱི་ལྡོམ་བཞིན་གྱུར་པའི་སྐབས་དེར། སྟབས་ལེགས་ནས་གནས་མཇལ་དུ་ཕྱིན་པའི་དགེ་རྒན་བཀའ་དྲིན་ཅན་དང་འཕྲད་པས་ལས་ངན་ནང་གི་ལས་ཅན་དུ་གྱུར་ནས་ཐེག་ཆེན་དར་རྒྱས་གླིང་དུ་ཁྲིད་དེ་དགེ་རྒན་བཀའ་དྲིན་ཅན་གྱི་དགེ་ཕྲུག་ཏུ་གྱུར། དུས་དེ་ནས་བཟུང་། ཨ་ཁུ་འབྲུག་ལྡང་རེའུ་རྫི་བེའུ་རྫི་ནས་གློ་བུར་དུ་སྟོན་པའི་ན་བཟའ་གྱོན་པའི་གྲྭ་བ་ཞིག་ཏུ་གྱུར། ཐོག་མར་ཕ་མ་དང་བྲལ་བའི་སྡུག་བསྔལ་དང་དགོན་པའི་རྒྱུས་མེད་ཀྱི་འཚོ་བས་ཁོ་རང་རྟབ་རྟབ་པོར་གྱུར་མོད། ཅང་མ་འགོར་བར་རིམ་གྱིས་མིག་སྔའི་ཡོད་ཚད་ལ་གོམས་པར་གྱུར། དེ་ནས་བཟུང་ཨ་ཁུ་འབྲུག་ལྡང་གིས་མི་ལོ་ཧྲིལ་པོ་བཅུ་གཉིས་ཙམ་ལ་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་འབད་པ་ལྷོད་མེད་བྱས་པས། ཤེས་བྱའི་ཁོ་ལག་རབ་ཏུ་རྫོགས་པར་མ་ཟད་གྲྭ་ཚང་སྟོང་ཕྲག་ལྷག་གི་གྲས་ནས་སྙན་པའི་གྲགས་པ་ལྷང་ལྷང་དུ་འབར་བའི་དགེ་བཤེས་ཆེན་པོ་ཞིག་ཏུ་གྱུར། ལས་བསམས་སར་མི་འགྲོ་གསེག་སར་འགྲོ་ཞེས་པའི་དཔེ་ལྟར། ཏག་ཏག་སྐབས་དེར་ཡུལ་ཕྱོགས་ཀུན་ཏུ་ང་བརྒྱད་ཀྱི་རླུང་འཚུབ་དྲག་ཏུ་ལྡང་བས། ཨ་ཁུ་འབྲུག་ལྡང་ཡང་བསྐྱར་ཁྱིམ་ནས་ཁྱིམ་མེད་པར་ས་མཐར་ཉུལ་དགོས་པའི་ཚད་ལ་སླེབས།
5
སང་ཉིན་ཡུལ་ཚོའི་སློབ་གྲྭ་འཚོགས་དགོས།
ཨ་ཁུ་འབྲུག་ལྡང་ཕ་བུ་གཉིས་རང་རང་ས་ནས་གདོང་དམར་པོར་གྱུར་ཅིང་དབུགས་སྟོད་ལ་འཚང་བཞིན་མཆིས།
“ངའི་མི་ཚེ་འདིའི་རེ་བ་ཉག་གཅིག་ནི་བློ་བཟང་བསྟན་འཛིན་ལ་བོད་ཡིག་ཅིག་བསླབ་འདོད་པ་ཡིན། ཁོ་རིག་ཡག་ཅིག་ཀྱང་རེད། འདི་ཡིན་གཅིག་མིན་གཉིས་ཀྱིས་ངའི་ཁར་འཇོག་དགོས།”ཨ་ཁུ་འབྲུག་ལྡང་གིས་ཁྲོ་ཉམས་དང་བཅས་ཏེ་དེ་ལྟར་བཤད།
“ཨ་ཕ། བོད་ཡིག་བཏོན་ཏེ་དགེ་བཤེས་དཔེ་མེད་ཅིག་ཏུ་གྱུར་ཀྱང་མཇུག་འབྲས་ཁྱོད་ལྟ་བུ་རེད། བོད་ཡིག་མ་བཏོན་ཀྱང་ང་ཡུལ་ཚོའི་ཧྲུའུ་ཅིར་བསྡད་ཡོད། འདི་དཔེ་གསོན་པོ་ཞིག་མ་རེད་དམ།”བློ་བཟང་དོན་གྲུབ་ཀྱིས་ཐ་མག་ཅིག་ལ་མེ་བསྒྲོན་རྗེས་དལ་དལ་ལྷོད་ལྷོད་ངང་བཤད།
“ཁྱོད་ཀྱི་སྟེང་ནས་ང་ལ་རེ་བ་མེད་ཐལ། ངའི་ཚ་བོ་ལའང་རེ་བ་ཙམ་བཟུང་མི་ཆོག་གམ།”ཨ་ཁུ་འབྲུག་ལྡང་དངངས་ཀྱིན་འདུག
“ཨ་ཕ་ད་ཁྱོད་ཀྱིས་ཨུ་ཚུགས་མ་བྱེད། བློ་བཟང་བསྟན་འཛིན་གྱིས་ངེས་པར་དུ་རྒྱ་ཡིག་འདོན་དགོས།”བློ་བཟང་དོན་གྲུབ་ཀྱང་ཅུང་ཁྲོས་ཡོད་པ་འདྲ།
·······
“ཁྱོད་རང་མི་རང་ག་བ་དང་མི་འདྲ། མི་ཚེ་དོན་ལྡན་དུ་བྱོས། རྗེས་སུ་རང་གིས་རྒྱུད་ན་ཡོད་པའི་ཡོན་ཏན་གྱིས་ཀུན་ལ་ཕན་རེ་འདོགས་ཐུབ་པར་ང་ལ་གདེང་ཚོད་ཡོད།”ཨ་ཁུ་འབྲུག་ལྡང་གིས་ཁོ་རང་དགོན་པ་ནས་ཕྱིར་ལོག་ཁར་དགེ་རྒན་བཀའ་དྲིན་ཅན་གྱིས་གསུངས་པའི་ཚིག་དེ་དག་ཡིད་ལ་འཁོར་བ་ན། མིག་ཆུ་དབང་མེད་དུ་བཞུར་བཞིན་ཚ་བོ་བློ་བཟང་བསྟན་འཛིན་གྱི་ཐོད་པར་འོ་ཞིག་བྱས་རྗེས་རང་གི་མལ་སར་ཕྱིན། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།