བཀྲ་བྷེས་ཚི་དྲེག་སྟུག་པོ་ཆགས་ཤིང་འདབས་ཁ་རང་གི་སློག་པ་ལྟར་ཡོངས་སུ་རལ་བའི་«སྐད་ཡིག»ཅེས་པའི་དེབ་དེ་མིག་ཁར་བླངས་ནས་ཅི་ལྟར་ཅེར་ནའང་ཡིག་འབྲུ་གཅིག་ཀྱང་འདོན་མ་ཤེས། རི་མོའི་ངོས་ཀྱི་སྙིང་རྗེ་བའི་བྱིས་པ་དེ་དག་གིས་དོན་དམ་ཅི་ཞིག་བཤད་ཀྱིན་ཡོད་པ་དེ་བས་ཀྱང་ག་ལ་ཤེས། ཁོས་ཀྱང་ཅི་ལ་ཤེས་ཏེ། ཁོ་ལ་སུས་ཀྱང་ཀ་ངོགས་ང་ངོགས་ཙམ་ཡང་སྟོན་མ་མྱོང་། སྡེ་བའི་ནང་གི་ཁོ་དང་ན་ཚོད་འདྲ་བའི་བྱིས་པ་མ་པོ་ཞིག“སློབ་གྲྭར”སོང་ནའང་ཁོ་རང་ཕ་མས་མ་བཏང་བས་གཅིག་པུར་ལྷག བྱིས་པ་ཞིག་ལ་མཚོན་ན་རྩེད་རོགས་མེད་པའང་ཅི་འདྲའི་སྡུག་བསྔལ་ཞིག་རེད་ཨང་། ད་དུང་ཁོས་ཡི་གེ་ཀློག་ཤེས་ན་ཁོ་ལ་ཕུ་བོ་ཤེས་རབ་ཀྱིས་བྱིན་པའི་“སྐད་ཡིག”ཅེས་པ་འདིའི་ནང་གི་བྱིས་སྒྲུང་དག་ཀློག་ཆོག ཡིན་ནའང་ཁོས་ཀ་གཡག་རོ་འདྲ་ཞིག་བསྟན་ཀྱང་མི་ཤེས་པས་ཅི་ལྟར་བྱ། བཀྲ་བྷེས་དཔེ་ཆའི་ནང་གི་རི་མོ་དག་ལ་མགོ་ནས་མཇུག་བར་ཐེངས་ཤིག་བལྟས་རྗེས་སུན་སྣང་ཞིག་སྐྱེས་པ་དང་དེབ་ཁ་བསུམས་ཤིང་པང་དུ་བཞག་ནས་རྒྱང་རིང་ལ་བལྟས། མཐོ་སྒང་གི་གཡུ་གཞོང་རྩ་ཐང་ནི་དངོས་གནས་གཡི་ཡི་མཎྡྲལ་ཞིག་བཤམས་པ་བཞིན་ལྗང་མདོག་གིས་རྣམ་པར་བརྒྱན་ཞིང་དེའི་སྟེང་དུ་ཕྱུགས་རིགས་རྟ་ནོར་གསུམ་གྱིས་ཕྲ་བཏབ་པ་བཞིན་མཛེས་པར་སྤྲས་འདུག རི་སྒང་དག་ན་ནོར་རྫི་རྣམས་ཚོམས་བུ་བྱས་ནས་འུར་རྒྱག་པ་དང་རྩེད་མོར་རོལ་བཞིན་འདུག དེ་ལྟར་བལྟས་འོང་ན་རྒྱང་རིང་གི་རི་ཚོགས་མང་བོའི་འདབས་སུ་ཆགས་པའི་གཡུ་གཞོང་སློབ་ཆུང་མཐོང་ལ། ཞིབ་ཏུ་བལྟས་ཚེ་དེའི་ཉེ་འཁོར་དུ་ནག་ཐིགས་ཆུང་ཆུང་མང་པོ་ཞིག་འགུལ་བཞིན་འདུག་པ་མཐོང་ཐུབ། “སློབ་གྲྭ” ཞེས་པ་ཡང་སྙིང་ཅི་ཞིག་ཡིན། ཁོས་བསམ་བློ་བཏང་། སློབ་གྲྭ་ཞེས་པ་ཅི་ཞིག་ཡིན་ནམ། དེ་ན་ཅི་ཞིག་ཡོད་དམ། བྱིས་པ་ཚོ་ཁོ་ན་དེར་འགྲོ་དགོས་དོན་ཅི་ཡོད་དམ། འོ་ན་ང་གཅིག་པུ་འགྲོ་མི་ཆོག་དོན་ཅི་ཡོད་དམ། ཁོས་ཀླད་པའི་ནང་དུ་འདྲི་རྟགས་སྣ་ཚོགས་ཤར་ཡོང་ལ་ཁོས་ཅི་ལྟར་བསམ་བློ་བཏང་ཡང་དྲི་བ་དེ་དག་ནི་“སྐད་ཡིག” ནང་གི་ཡིག་འབྲུ་དེ་དག་ནང་བཞིན་ཅི་ཡང་མི་རྟོགས།
“ཀི་་” མཚམས་ཤིག་ལ་རི་ལུང་ཀུན་ཏུ་སིང་ངེར་བཏང་བའི་ཀི་རིང་ཞིག་གིས་ཁོ་གཉིད་ལས་དཀྲོག་པར་ལྟར་མགོ་བོ་ཡར་འཇོག་དུས། ཉི་འོད་ཀྱང་གཞི་ནས་ནུབ་རིར་ཡིབ་ཟིན་པས་ཁོས་རང་གི་ནོར་རྣམས་ཕྱོགས་གཅིག་ཏུ་བསྐོར་ཅིང་རང་ཁྱིམ་གྱི་ཕྱོགས་སུ་དེད་ནས་སོང་། ཁོ་ཁྱིམ་ལ་ཐོན་དུས་ཕ་མ་གཉིས་ཀྱིས་བྱམས་བརྩེས་ངང་“ཁྱོད་དཀའ་ཨེ་སོང”་ཟེར། “མ་དཀའ་ཐལ།” ཁོས་དེ་ལྟར་ལན་བྱིན་པ་དང་མཉམ་དུ། “ཨ་ཕ། སློབ་གྲྭ་ནི་ཅི་ཞིག་རེད། ང་དེར་འགྲོ་མི་ཆོག་དོན་ཅི་ཡིན། ”ཞེས་བཤད། ཕ་སྐྱབས་བློས་ཆུང་ཞིང་ཕྲ་བའི་མིག་ཟུང་གཉིས་ཁུང་དུ་འཐེན་ཙམ་གྱིས། རྫིག་ཅིང་གནག་པའི་རང་གི་ཁ་སྤུ་ལ་རེག་རེག་བྱེད་ཀྱིན། “དེ་་་་ ཡི་གེ་སློབ་ཏུ་བཅུག་ས་རེད། ཉི་མ་རེ་རེར་ཡི་གེ་སློབ་དགོས། ཡི་གེ་མ་ཤེས་པ་དང་སྒྲིག་ལམ་དང་འགལ་ཚེ་དགེ་རྒན་དག་གིས་གཅར་རྡུང་དྲག་པོ་བྱེད་ངེས། བྱིས་པ་པྲ་ཆལ་ཚོས་བརྙས་བཅོས་ཀྱང་བྱེད་པ་རེད། ད་དུང་དེ་ན་ཟས་ཞིམ་པོ་དང་གོས་དྲོན་པོའང་མེད། ད ཁྲིམས་ཁང་དང་གཅིག་རེད། ཁྱོད་ལ་དེས་ཅི་བྱེད།”ཟེར། བཀྲ་བྷེས་དེ་དག་གོ་རྗེས་སེམས་ལ་སྐྲག་སྣང་ཞིག་སྐྱེས་ནའང་ཁོའི་དོགས་པ་ཞིག་ད་དུང་སེལ་ཐུབ་མེད་པ་འདྲ། “ འུམ། དེས་ན་ཕུ་བོ་་་་་” ཁོས་ཅི་ཞིག་བཤད་འདོད་སྐྱེས་ཀྱང་ཚིག་མཇུག་མཚམས་བཞག”
གཟའ་སྤེན་པའི་ཉིན་ནི་ངལ་གསོ་ཡིན་པས་ཤེས་རབ་ཀྱིས་དཔེ་ཁུག་རྒྱབ་ལ་ཁུར་ནས་རྐང་ཐང་ལ་རང་ཁྱིམ་སྙེག་ནས་ཐོན་ཡོང་། ཕ་མ་གཉིས་ཀྱིས་ཁོ་ཐོན་པ་མཐོང་བས་དགའ་སྤྲོ་འཛུམ་མདངས་དང་བཅས་ཏེ་ཁོར་བསུ་མ་བྱས་ཤིང་བྱམས་བརྩེའི་བྱུགས་པའི་མིག་ཟུང་གིས་ཁོ་ལ་མ་གཡེར་བར་ཕྱོགས། བསམ་ཡིད་ལས་འདས་པ་ཞིག་ལ་ཤེས་རབ་སྔོན་དང་སྡུར་ན་ངོ་གདོང་གཙང་ཞིང་ཅིང་རྒྱགས་པོར་གྱུར་འདུག་ལ། གཤིས་ཀའང་ཇེ་ལེགས་སུ་གྱུར་འདུག་པར་སྣང་། བཀྲ་བྷེས་སྔར་ལྟར་རི་སྒང་ནས་ཕྱོགས་ཀུན་མིག་མྱུལ་བྱས་པས། དེ་རིང་གཡུ་གཞོང་སློབ་ཆུང་ནས་བྱིས་པ་མང་པོ་རང་ཡུལ་ལ་ཡོང་བཞིན་པ་མཐོང་བས་ཁོས་ད་གཟོད་དེ་རིང་ནི་སློབ་གྲྭའི་ངལ་གསོའི་ཉི་མ་ཡིན་པ་ཤེས་ཤིང་རང་གི་ཕུ་བོ་ཤེས་རབ་ཀྱང་ཡོང་གི་ཡོད་པར་ངེས་པས་ཉི་མ་ནུབ་རིར་མ་ཡལ་གོང་ནས་ནོར་རྣམས་དེད་ནས་ཡུལ་ལ་ཡོང་། ཁོ་ཁྱིམ་ལ་ཐོན་དུས་ཕུ་བོ་ཤེས་རབ་ཀྱང་ཐོན་འདུག ཁོས་འཛུམ་ཙམ་གྱིས་ཤེས་རབ་ཀྱི་མགོ་མཇུག་ཀུན་ལ་མིག་མྱུལ་ཞིག་བྱས། ཤེས་རབ་ཀྱིས་གྲལ་དག་པའི་སློབ་ལྭ་སྔོན་པོ་ཞིག་གྱོན་ཡོད་ལ། གདོང་ནི་ཇེ་དཀར་དང་ཇེ་གཙང་ལ་སོང་འདུག ཁོ་ནི་གློག་བརྙན་ནང་གི་མགོ་ཁྲིད་མཐོན་པོ་དེ་དག་ནང་ལྟར་བརྗིད་ཉམས་ཀྱིས་བཙོག་འདུག་པས་བཀྲ་བྷེ་ཧ་ཅང་ཡིད་སྨོན་ཤོར་སོང་།
མཚན་མོར་བཀྲ་བྷེ་དང་ཤེས་རབ་གཉིས་ཉལ་གདན་གཅིག་གི་སྟེང་རུམ་སྡོང་བྱས་ནས་ཉལ། “ཕུ་བོ། སློབ་གྲྭ་ཞེས་པ་དོན་དུ་ཅི་ཞིག་བྱེད་ཡུལ་རེད། ” བཀྲ་བྷེས་རང་སེམས་ཀྱི་དོགས་པ་དང་དྲི་བ་ཚོ་རེ་རེ་བཞིན་འདྲི་མགོ་བརྩམས། “འོ། དེ་ནི་རིག་གནས་སློབ་གཉེར་བྱེད་ས་རེད། དེ་ནས་ད་དུང་མིའི་འགྲོ་ལུགས་ཀུན་སྤྱོད་སོགས་ཀྱང་སློབ་སྦྱོང་མང་པོ་བྱེད་ཐུབ། ” གློག་སྒྲོན་མེད་པའི་མཚན་མོའི་སྨག་རུམ་ནང་ནས་ཤེས་རབ་ཀྱི་གདོང་ནི་ཅི་ལྟ་བུ་ཞིག་ཡིན་པ་མི་མཐོང་ཡང་། ཁོས་གདོང་ལ་གཟབ་ནན་གྱི་ཉམས་ཤིག་མངོན་ཡོད་པ་བཀྲ་བྷེར་ཡིད་ཆེས་དམ་པོ་ཡོད་ལ། ཡིད་ཆས་དང་བཅས་ཏེ་མུ་མཐུད་དུ་འདྲི་མགོ་བརྩམས།
“ཕུ་བོ། རིག་གནས་སློབ་ན་ཕན་ཐོགས་ཅི་ཡོད་པ་རེད།"
“དགེ་རྒན་གྱིས་བཤད་ན་རིག་གནས་སློབ་ན་འཇིག་རྟེན་མཐོང་བ་དང་། ད་དུང་མི་བཟང་བོ་ཞིག་ཏུ་འགྱུར་བ་རེད་ཟེར།"
“འོ། དེས་ན་དགེ་རྒན་གྱིས་གཅར་རམ།”
“གཅར་མི་སྲིད། དགེ་རྒན་གྱིས་ཕ་མ་ལྟར་ང་ཚོར་གཅེས་སྐྱོང་བྱེད་འདུག”
“ དེས་ན་སློབ་གྲྭ་ན་ཅི་ཞིག་ཡོད་པ་རེད། སྐྱིད་དམ།“
“དེ་ན་དགེ་རྒན་དང་སློབ་གྲོགས་མང་པོ་ཡོད་ལ། དགེ་རྒན་དག་གིས་བྱམས་ཀྱིས་སྐྱོང་ཞིང་སློག་གྲོགས་ཚོས་ཀྱང་མཐུན་སྒྲིལ་དང་རོགས་རམ་བྱེད་པས་སློབ་གྲྭ་ཧ་ཅང་སྐྱིད་པོ་རེད། ད་དུང་དེ་ན་སློབ་ཁང་དང་མལ་ཁང་གཙང་མ་ཡང་མང་པོ་ཡོད་པ་རེད། ” “ བདེན་ནམ། ཨ་ཕས་བཤད་ན་་་་་་” བཀྲ་བྷེའི་སེམས་ཀྱི་དོགས་པ་ཡོད་ཚད་བསལ་བས་ཁོས་དངན་པ་ཞིག་འཐེན་ནས་གཉིད་གྲབས་བྱས། ཡིན་ནའང་ཁོས་མིག་བཙུམས་ཀྱང་གཏན་ནས་གཉིད་མ་ཁུག ཁོས་མིག་ལམ་དུ་ཕུ་བོའི་སྐད་ཆའི་ནང་གི་“སློབ་གྲྭ”་ཞེས་པའི་ཡིད་གར་འོང་ཞིང་སྙིང་ཉེ་བ་མང་པོ་ཞིག་་ཤར་ཡོང་།
ཕྱི་ཉིན་ཞོགས་པར་བཀྲ་བྷེ་སྔར་བཞིན་ནོར་རྫིར་སོང་། ཁོས་ནོར་རྣམས་ག་ལེར་དེད་ཅིང་རི་ངོར་བསྐོར་རྗེས། རང་ཉིད་སྒང་ལ་བུད་ནས་སྔོན་ལྟར་གཞུང་ལ་བལྟས། དེ་རིང་ཡང་གཡུ་གཞོང་རྩྭ་ཐང་གི་ཕྱོགས་སོ་སོའི་ཁྱིམ་ཚང་ཀུན་ནས་བྱིས་པ་རེ་རེ་བཞིན་སློབ་གྲྭའི་ཕྱོགས་སུ་འགྲོ་བཞིན་འདུག ཅུང་ཙམ་ནས་རང་གི་ཕུ་བོ་ཤེས་རབ་ཀྱང་རང་ཁྱིམ་ལས་བུད་ནས་སློབ་གྲྭའི་ཕྱོགས་སུ་སྙེག་གིན་འདུག སྐབས་འདིར་ཁོ་ལ་ཡིད་སྨོན་དང་ཧ་ཅང་ཁེར་རྐྱང་གི་སྣང་ཞིག་ཅིག་ཅར་སྐྱེས་བྱུང་། ཁོས་རང་ཉིད་ཀྱང་བྱིས་པ་དེ་ཚོའི་གྲས་སུ་ཡོད་ན་ཅི་རུང་སྙམ། ཁོ་ལ་ཅིའི་ཕྱིར་རང་འདྲའི་བྱིས་པ་ཚོ་དང་འདྲ་བའི་འཚོ་བ་དང་མདུན་ལམ་ཡོད་མི་ཆོག ཁོས་ཅིའི་ཕྱིར་ཕུ་བོས་བཤད་པའི་རིག་གནས་ཞེས་པ་དེ་སྦྱང་མི་ཆོག ཁོས་བསམ་གྱིན་རང་ཉིད་ནི་ཅི་འདྲའི་ཁེར་རྐྱང་དང་ལས་ངན་ཞིག་རེད་ཨང་སྙམ། རྒྱང་རིང་གི་གཡུ་གཞོང་སློབ་ཆུང་ནི་རྩྭ་ཐང་གི་མེ་ཏོག་སེར་ཆེན་བཞིན་མཛེས་སྡུག་དང་གཟི་བརྗིད་ཀྱིས་བཞད་འདུག་ལ། སློབ་བུའི་ཁྱུ་ཚོགས་ནི་གཡུ་སྦྲང་ལྟར་ཕྱོགས་ཀུན་ནས་དེར་གཏད་དེ་བསྐྱོད་བཞིན་འདུག བཀྲ་བྷེ་རང་དབང་མེད་པར་ཡར་ལངས། ཁོ་ལ་སུས་ཀྱང་གནོན་མི་ཐུབ་པའི་ཡིད་སྨོན་ཞིག་དང་། འདུན་པ་དྲག་པོ་ཞིག་ངང་གིས་སྐྱེས་བྱུང་། ཁོས་དལ་ཅིག་ལ་རྒྱང་རིང་ལ་བལྟས་ནས་ཧད་དེ་ལུས་རྗེས། གློ་བུར་དུ་ཅི་ཞིག་དྲན་པ་བཞིན་རང་ཉིད་ཀྱི་ནོར་ཁྱུ་དང་། ཕ་མ། རང་ཁྱིམ་ཡོད་ཚད་བསྐྱུར་ནས་བྱ་འཕུར་བ་ལྟར་སློབ་གླིང་སྙེག་ནས་བརྒྱུགས་སོང་།
2019/4/21ཉིན་གྲུབ།