1
སྤོ་བོའི་ལུས་ལ་སྣམ་བུའི་ཕྱུ་པ་སྐྱ་ཤར་ཤར་ཞིག་མནབས་ཤིང་། སྐྱ་ཕྱེད་སྔོ་ཕྱེད་ཀྱི་དབུ་སྐྲའི་སྟེང་དུ་དབུ་ཞྭ་ཚེ་རིང་སྐྱིན་ཁེབས་ཤིག་མཆོད་དེ། ང་དང་ཨ་མ་ཉལ་སའི་ཁང་མིག་ནང་ཕྱིན། ང་ཚོས་མཉམ་དུ་མདང་ནུབ་ཀྱི་འཐུང་འཕྲོའི་རྩམ་ཐུག་བཏུངས་པ་དང་། རྩམ་ཐུག་བཏུངས་རྗེས་ཨ་མས་ང་དང་སྤོ་བོའི་ཕྲག་པ་གཡས་སྟེང་ཡས་སྒྲོན་རེ་བཏབ་སྟེ་སྐྱེལ་མ་བྱས། མཆི་མའི་ཐིགས་ཕྲེང་རེ་རེས་ཨ་མའི་ཟ་འགྲམ་ཀུན་ནས་གཤེར་ཞིང་། ཆར་བ་ཟམ་ཟིམ་དེས་སྡེ་འདབས་ནས་རྒྱང་ལ་བསྲིངས་པའི་ལམ་ཆུང་རྩ་ནས་བརླན། ང་དང་སྤོ་བོས་སྣུམ་ཆིལ་ཆིལ་གྱི་ལམ་ཆུང་དེད་ནས་མདུན་དུ་གོམ་ཁ་བོར། ལམ་ཆུང་གཡས་གཡོན་གྱི་ཞིང་ཁར་ནས་ཀྱི་སྙེ་མ་ངའི་ལུས་དང་མཉམ་པ་དག་གིས་ཡོངས་སུ་བཀང་ལ། རྐང་འོག་གི་ལམ་ཕྲན་ཡང་མིང་མི་ཤེས་པའི་རྩྭ་སྣ་ཚོགས་ཀྱིས་ཡོངས་སུ་འཛིངས།
ཆར་བ་ཟམ་ཟིམ་དེ་ཆད་མགོ་བརྩམས་དུས། སེར་ལམ་ལམ་གྱི་ཉི་མ་སྤྲིན་རུམ་ནས་ཕྱུང་མགོ་ཚུགས། ཉི་མའི་འོད་ཟེར་སྙོམ་པོས་ངེད་གཉིས་ཀྱི་གྲིབ་མ་མདུན་དུ་འཐེན་ཞིང་། ད་ལྟ། གྲིབ་མ་རིང་པོ་གཉིས་ནི་སྤོ་བོ་ངེད་གཉིས་ཀྱི་ལམ་གྲོགས་ཉག་གཅིག་ཏུ་གྱུར། ཡུན་རིང་པོ་ཞིག་གོམ་པ་གང་རེ་གང་རེ་སྤོས་ཏེ་ཕྱིན་པས་ང་གཉིས་ལྕགས་ཟམ་ཞིག་གི་གམ་དུ་སླེབས། ལྕགས་ཟམ་གྱི་སྣེ་མོ་གཞན་དེ་ཕ་རོལ་གྱི་བྲག་ལ་བཏགས་ཡོད་མིན་ཅི་ཆའང་། སྣེ་མོ་གཅིག་ནི་ང་དང་ཐག་ཉེ་བའི་བྲག་ལྡེབས་སུ་ལྕགས་ཕུར་ཆེན་པོ་ཞིག་ལ་བཏགས་འདུག སྤོ་བོས་ང་ཕྲག་པའི་སྟེང་ཁྱེར་ཏེ་ནེམ་ནེམ་ལིང་ལིང་གི་ཟམ་པ་ལས་སྒྲོལ།
དགོན་པའི་རྒྱ་སྒོ་མ་འཛུལ་གོང་། སྤོ་བོས་དབུ་ཞྭ་ཕུད་དེ་ལྟོ་སྒྱེའི་ནང་བླུགས་ཤིང་། ཕོད་འཛར་དམར་པོས་བཅིངས་པའི་དབུ་ལྕང་ལྟག་རྒྱབ་ཏུ་དཔྱངས་ཏེ་ཞལ་མཆུ་ཀྲབ་ཀྲབ་བྱེད། གདོད་ནས་ཨ་མ་དང་སྤོ་བོ་ཞལ་མཆུ་ཀྲབ་ཀྲབ་བྱེད་པར་ཤིན་ཏུ་མོས་ལ། ང་རང་འཚར་སའི་སྡེ་བར་ཡང་ཞལ་མཆུ་ཀྲབ་ཀྲབ་བྱེད་མཁན་ཧ་ཅང་མང་། སྐབས་རེར་སྤོ་བོ་ཞལ་མཆུ་ཀྲབ་ཀྲབ་བྱེད་ཀྱིན་གཉིད་ལ་ཡུར་འགྲོ་ཞིང་། ཡང་ཞལ་མཆུ་ཀྲབ་ཀྲབ་བྱེད་ཀྱིན་གཉིད་ལས་སད་ཡོང་། སྤོ་བོའི་ངང་ཚུལ་མཐོང་རྗེས་ངས་ཞྭ་མོ་གྱོན་མེད་ཀྱང་རང་གི་མགོར་རེག་ཙམ་དང་། མཆུ་ཟུང་མྱུར་མོར་ཀྲབ་ཀྲབ་བྱས། སྤོ་བོས་ཀྱང་ཚུལ་དེ་མཐོང་བ་འདྲ་སྟེ་འཛུམ་དམུལ་དམུལ་གྱིས་ངའི་མགོར་བྱིལ་བྱིལ་གནང་སྟེ“བསྟན་འཛིན་རྒོད་པོ། ཆོས་མཇལ་ཡག་པོ་ཞུས”ཟེར། ངས་མགོ་ལྕོག་ལྕོག་སྒོས་སྤོ་བོར་ཁས་བླངས།
དགོན་པའི་རྒྱ་སྒོར་འཛུལ་མ་ཐག་པའི་རྩིག་ངོས་སུ་རི་མོ་ཁྱད་མཚར་མང་པོ་བྲིས་འདུག་ཅིང་། རི་མོ་ཁ་ཤས་མོག་མོག་པོར་སྣང་ཡང་། དེའི་ཁྲོད་ཚོས་གཞི་དམར་པོ་ཅན་གྱི་གྱད་མི་ཞིག་རྩིག་ལྡེབས་ནས་འབུར་དོད་དུ་མངོན་འོངས། ད་ནངས་ཞོགས་ཆར་བབས་ཀྱང་ཁོའི་ལུས་ཀྱི་མཐའ་འཁོར་ན་མེ་ལྕེ་འུར་འུར་དུ་འབར་བཞིན་འདུག་ལ། ཝ་ཁ་ནས་ཤོར་བའི་ཆུ་གྱ་གྱུ་དེས་མ་གཏོགས་ཁོའི་མགོ་ཐོག་གི་མེ་ལྕེ་དག་ཀྱང་ཞི་ཐབས་ཡེ་མེད་པ་འདྲ། ཁ་དོག་དམར་པོ་མེ་ལྟ་བུའི་ངོ་གདོང་དུ་མིག་ཆེན་པོ་སྒོ་ང་ལྟ་བུ་གཉིས་སྐྱེས་ཤིང་། སྨ་ར་ནག་ལ་སྟུག་པ་དེས་ཁོའི་གདོང་གི་ཕྱེད་ཀ་ཏག་ཏག་ཁེབས། མ་གཞི་ཁོའི་ལུས་ཀྱི་ཆ་ཤས་ཡོད་ཚད་བློ་ཡུལ་ལས་འགོངས་པ་རྐྱང་རྐྱང་ཡིན་ཡང་། འཇིགས་སྣང་དང་ཡ་མཚན་སྐྱེ་དགོས་ས་ཞིག་ནི་ཁོའི་ལག་ནང་དུ་གནས་བཅས་པའི་སྦྲུལ་དེ་རེད། སྦྲུལ་སྨུག་ཤིག་གེ་བ་དེ་ཁོའི་ལག་པ་ཡ་གཅིག་གི་ལག་ངར་ལོགས་སུ་འཁྲིལ་ལ། མཇུག་མ་ཕྲ་མོ་ཁོའི་ལྟོ་བ་ཆེན་པོའི་ངོས་དཔྱང་དཔྱང་ཁྲུལ་ཁྲུལ་དུ་གནས། སྦྲུལ་གྱི་མགོ་བོ་ཁོའི་སྦར་མཐིལ་བརྒྱུད་མཐེ་བོང་དང་གོང་མཛུབ་ཀྱི་བར་ནས་གྲུང་རིལ་རིལ་ངང་ཕྱིར་བུད་ཅིང་། ལྷམ་སྒྲོག་ལྟ་བུའི་ལྕེ་ནར་མོ་ཞིག་ཀྱང་ཤ་མདོག་གི་ཁ་ནས་བསྣར་འདུག དེ་ནི་སྦྲུལ་གསོན་པོ་དང་ཨ་ན་མ་ན་སྟེ། ངས་དེར་བལྟས་བལྟས་པས་སྦྲུལ་གྱི་ལྡེམ་འཕྲུལ་དང་མྱུར་ཚད། བྲེད་དངངས་ཡོངས་རྫོགས་བློས་དཔོག་ཐུབ་པ་འདྲ།
“སྤོ་བོ། ཁོ་སུ་རེད”ངས་འཁྲིས་ཀྱི་སྤོ་བོའི་ཐུ་སྣེ་ལ་རེག་ཙམ་རེག་ཙམ་གྱིས་དྲིས། “གང”སྤོ་བོས་མགོ་བསྒུར་ནས་ངར་བལྟས་ཏེ་ལྡོག་འདྲི་བྱས། “ལག་ནང་སྦྲུལ་བཟུང་ཡོད་པའི་མི་དེ”ངས་མཛུབ་མོ་ཁོའི་ཕྱོགས་སུ་ཀེར་ཏེ་བཤད། སྤོ་བོས་རྩིག་ལྡེབས་ལ་ལྟ་ཙམ་གྱིས“ཁོ། ཤི་སོང་ན། ཞེད་སྣང་སྐུལ་མཁན་རེད། སྦྲུལ་དེ་ལག་ཆ་རེད”ཟེར། ངས་སྐད་ཆ་དེར་གོ་བ་མ་ལོན་ཡང་མགོ་ལྕོག་ལྕོག་གིས་ཤེས་སོང་བའི་བརྡ་བསྟན། འཆི་བ་ནི་ཅི་ཞིག་ཡིན། ངས་ཞེད་སྣང་སྐུལ་མཁན་ཁོའི་གོ་ཆ་སྦྲུལ་སྨུག་པོར་ཅེར་ནས་བསམ་བློ་ཡང་ཡང་བཏང་། འོན་ཏེ་ངར་བློར་བབས་པའི་ལན་གཅིག་གཏན་ནས་མ་རྙེད། ལན་མ་རྙེད་ཀྱང་སྤོ་བོས་ངའི་ལག་ནས་འཇུས་ཏེ་གོ་མེད་ཚོར་མེད་ངང་དགོན་པའི་ནང་ཁྲིད།
དགོན་པའི་ནང་ཁྲིད་རྗེས། དགོང་མོ་སྤོ་བོས་ང་བསྐྱུར་ཏེ་ཁྱིམ་ལ་ལོག ང་དང་ཨ་ཁུ་ཉི་མ་ལྕགས་ཟམ་བར་སྤོ་བོ་སྐྱེལ་དུ་ཕྱིན། “ཉི་མ། ཁོ་ལ་ཡོན་ཏན་ཡག་པོ་བསླབ་རོགས། དེ་ང་ཡི་རེ་བ་ཡིན་ལ། ཁྱེད་ཀྱི་གཅེན་པོ་འདས་པོའི་ཞལ་ཆེམས་ཀྱང་རེད”སྤོ་བོས་དེ་རིང་ཁོ་ནར་ཐེངས་དུ་མར་བཤད་པའི་སྐད་ཆ་འདི་བསྐྱར་ཟློས་ཀྱིས་བཤད། ཚོད་ཚོད་དུ་ལྡང་འོང་བའི་རླུང་བུས་ར་རྔ་ལྟ་བུའི་སྤོ་བོའི་སྨ་ར་ལྡག་ཙམ་ལྡག་ཙམ་བྱེད། ཨ་ཁུས་སྤོ་བོའི་ཕྲག་པར་སྐྱོར་ཞོར་རྡེག་ཞོར“དེར་སེམས་ཁྲལ་མ་གནང་། ངས་སྣང་དག་མེད་པ་བྱ་ཆོག”ཟེར། སྤོ་བོས་ལུས་སྟོད་མར་བསྒུར་ཏེ་ངར་དབུ་ཐུག་བྱེད་བཞིན། “ཨ་ཁུ་ཉི་མའི་ཞལ་ལ་ཉོན་ཨ”གསུངས་རྗེས་ཕྱུར་བ་ཧྲོག་ཧྲོག་འགའ་ང་ལ་བྱིན། མཐའ་མཇུག་སྤོ་བོས་ལྕགས་ཟམ་གྱི་ཕར་སྣེ་ནས་ལག་གཡོབ་ཐེངས་འགའ་བྱས་ཏེ་ཁྱིམ་ལ་ལོག སྤོ་བོའི་རྐང་འོག་ཏུ་ལམ་ཕྲན་གྱ་གྱུ་ཞིག་ཡོད་པ་ངེད་གཉིས་ཀྱིས་དངོས་སུ་བརྒྱུད་མྱོང་ཡང་། རྒྱང་ནས་བལྟས་ཚེ་ཞིང་ཁའི་དཀྱིལ་དུ་བགྲོད་པ་དང་ཀུན་ནས་མཚུངས། ངས་ལྕགས་ཟམ་གྱི་ཚུར་སྣེ་ནས། སྨུག་པ་བན་བུན་འཁྲིགས་པའི་འོང་ཁའི་དབུས་སུ་འགྲོ་བཞིན་པའི་སྤོ་བོའི་རྒྱབ་གཟུགས་ལ་མིག་སྐྱེལ་བྱས། ཡུན་ཐུང་འདས་རྗེས། སྣམ་བུའི་ཕྱུ་པ་དཀར་པོ་དང་འོང་ཁའི་སྨུག་པ་བན་བུན་རྣམས་གཞི་གཅིག་ཏུ་འདྲེས། ངས་ཕར་ཕྱོགས་ཀྱི་ཚོས་གཞི་དཀར་པོ་དེ་སྤོ་བོ་ཡིན་ནམ་སྨུག་པ་ཡིན་པ་དབྱེ་བ་མ་ཆོད།
མཚན་མོ་དེར། ངས་འཆི་བ་ནི་སྨུག་གསེབ་ཀྱི་འོང་ཁར་གོ་བ་མིན་ནམ་སྙམ། དེ་སྔོན་ཨ་མས་སྨུག་པ་བན་བུན་འཁྱིལ་བའི་འོང་ཁའི་ནང་རྩྭ་ལྡུམ་འབལ་དུས་ང་ཞིང་ཚིགས་སུ་རྩེད་མོར་མགོ་གཡེང་། ཅུང་ཙམ་ནས་རྩྭ་ལྡུམ་འབལ་སའི་ཕྱོགས་ནས་སྐད་ཆེན་པོ་གྲགས། ང་ཡང་དེ་མུར་ཨ་མའི་འགྲམ་དུ་བརྒྱུགས་ཏེ“ཨ་མ་ཅི་བྱེད་ཀྱི་ཡོད”ཅེས་དྲིས་པས། ཨ་མས“ཞེད་སྣང་སྐུལ་མཁན་འདུག སྦྲུལ་འདུག”ཅེས་དབུགས་ཁ་མ་ལོན་པ་ལྟར་བཤད། སྐབས་དེར་རྩྭ་ལྡུམ་གྱི་གསེང་ནས་སྦྲུལ་སྨུག་པོ་ཞིག་ལྡེམ་ཁྱུག་ཁྱུག་གིས་ལྗང་པའི་ཁྲོད་འཚངས། འོ་རེད། ཏག་ཏག་རེད། དེ་དུས་ཨ་མ་ངེད་གཉིས་ཁོའི་ལག་ཆར་འཕྲད་པ་རེད། འཆི་བ་ཞེས་པ་ཏན་ཏན་སྨུག་གསེབ་ཀྱི་འོང་ཁར་ཟེར་བ་རེད། སྤོ་བོ་ཁྱིམ་དུ་མ་སླེབས་གོང་། སྨུག་ཁྲོད་ཀྱི་འོང་ཁ་རིང་མོ་གཤགས་དགོས་ཤིང་། སྤོ་བོར་ཞེད་སྣང་སྐུལ་མཁན་ཁ་དོག་མེ་འདྲ་པོ་ཁོ་དང་ལག་ཆ་སྦྲུལ་སྨུག་པོ་དེར་འཕྲད་གཏན་འཁེལ་རེད། ངའི་སེམས་ནང་དེ་ལྟར་བསམས་ཤིང་དབུ་སྐྲ་སྐྱ་ཕྱེད་སྔོ་ཕྱེད་ཀྱི་སྤོ་བོར་སེམས་ཁྲལ་སྐྱེས། “སྤོ་བོ་མི་རྒན་རེད། ཁོས་གནོད་པ་བྱེད་མི་ཐུབ། སྤོ་བོ་ཕོ་རེད། ཨ་མ་ལྟར་སྦྲུལ་ལ་སྐྲག་མི་སྲིད”སེམས་ཁྲལ་ཡུན་རིང་བྱས་རྗེས། ངས་རང་སེམས་ལ་གསལ་འདེབས་བྱེད་ཀྱིན་འགྲེ་ལྡོག་བརྒྱབ་སྟེ་གཉིད་རྩིས་བྱས།
“སྤོ་བོ་ཕོ་རེད། ངའང་སྤོ་བོ་ལྟར་གཅིན་པ་ལངས་ཏེ་གཏོང་བཞིན་ཡོད། འོན་ཏེ་ང་སྐྲག་གི”ངས་ཁ་ནས་ཇི་ལྟར་ཐོན་མིན་མ་ཤེས་པའི་སྨྲ་བ་ལྡབ་ལྡིབ་དེ་རྣ་བར་ཐོས། ཨ་ཁུ་ནི་སྔས་སྤྲོད་དུ་སྔུར་པ་འཐེན་ནས་འདུག་ཅིང་། ངའི་མིག་ནང་ཁ་དོག་དམར་པོ་མེ་འདྲ། མིག་གཉིས་དཀར་པོ་སྒོ་ང་འདྲ། དེ་བས་ཁོའི་ལག་པར་འཁྲིལ་བའི་སྦྲུལ་སྨུག་པོ་ཤར་འོང་། སྦྲུལ་སྨུག་པོའི་མགོ་བོ་ཐོལ་བྱུང་དུ་ཁོའི་ལག་ནས་འཆོར་བའམ། ཡང་ན་ཁོས་པྲ་ཆལ་གྱིས་གློད་དེ། ལྕེ་ལྷམ་སྒྲོག་བཞིན་བསྣར་ཏེ་ཁུ་སིམ་པོར་རྩིག་ལྡེབས་ལས་མར་བབས་རྗེས། ཞོགས་པ་ང་དང་སྤོ་བོ་འཛེགས་པའི་ཤིང་སྐས་དང་། སྤོ་བོས་ནན་གྱིས་བསྐོར་བའི་མ་ཎི་འཁོར་ལོའི་སྒྲོམ་སྐྱོར་ལ་འཁྲིལ་ཏེ་ལྡེམ་མྱུར་སྒོས་ངའི་འཁྲིས་ལ་ནུར་གྱིན་པའི་སྣང་བ་ཤར། ངས་མིག་གཉིས་ཤུགས་ཀྱིས་བཙུམས་ཏེ་རྒྱལ་མོའི་ནང་ཅི་ཡང་མི་འཚང་བར་བྱས་ཀྱང་།
དུས་དུས་སུ་ཤབ་ཤུབ་ཀྱི་སྒྲ་ཆེ་མ་ཆུང་ཞིག་ང་དང་ཉེ་བར་བཅར་འོངས། ཉེ་བར་བཅར་བཅར་རྗེས། སྦྲུལ་སྨུག་པོ་ངའི་མལ་ཁྲིའི་ཤོད་དུ་སླེབས་ཚོད་ལ་སྒྲ་དེ་ལན་གཅིག་ཀྱང་མ་གྲགས། གློ་བུར་བའི་འཚུབ་ཆ་དང་འཇིགས་དངངས་ཀྱིས་ངའི་ལུས་སེམས་རྦད་དེ་སྨྱོས། དེ་ནུབ། ང་ཅི་ཡིན་མ་ཤེས་པར་གཉིད་ལ་ཤོར།
2
ཨ་ཁུ་ཉི་མས་ཉིན་མཚན་སུམ་ཅུ་ལྷག་འདས་སོང་ཟེར། སྦྲུལ་སྨུག་པོ་ངའི་མལ་ཁྲིའི་ཤོད་དུ་ཉལ་ཏེ་མཚན་མོ་སུམ་ཅུ་ལྷག་ཕྱིན་པ་རེད། ངར་ཐོག་དང་པོར་གྲྭ་ཤག་འདིར་གཉིད་ལ་རོལ་དུས་ཀྱི་སུན་སྣང་དང་དངངས་སྐྲག ཡིད་ཆད་དང་སོམ་ཉི་ཡོད་ཚད་ད་ལྟའང་བྲལ་བ་མེད་པར་འཇགས་འདུག ཨ་ཁུས་སླར་ཡང་། ཉིན་མཚན་སུམ་ཅུ་ལྷག་འདས་ཀྱང་ཁྱེད་ཀྱིས་གསལ་བྱེད་སུམ་ཅུ་ཤར་མར་འདོན་མི་ཤེས་པ་མཚར་རོ་ཟེར། ངས་ཨ་ཁུའི་ཞལ་ལ་མ་ཉན་པ་མིན། ངོ་མ་ཤེས་ཀྱི་མི་འདུག ནམ་རྒྱུན་ངས་གསལ་བྱེད་འབྲི་ཀློག་མི་ཤེས་ཐེངས་རེ་རེར། འོང་ཁས་བར་ཆོད་པའི་སྡེ་བ་དེ་ལན་རེ་དྲན་འོང་། ཨ་ཁུས་དེ་ལྟར་འབོད་མི་རུང་སྡེ་བ་ཕ་གི་ཁྱེད་དང་ངའི་ཕ་ཡུལ་རེད་ཟེར། གང་ཡིན་ནའང་འདྲ། ངས་ནི་འོང་ཁས་བར་ཆོད་པའི་སྤོ་བོ་དང་ཨ་མ། བདེ་ཤར་རྒྱགས་པ་སོགས་ལྷག་ཏུ་དྲན། ཁ་སྔོན་ཨ་ཁུས་བསླབས་ཟིན་པའི་གསལ་བྱེད་དག་གཤར་སྦྱང་གི་ངག་རྒྱུགས་ལེན་སྐབས། ཀའི་གཤམ་ལ་གང་རེད་ཟེར། ངས་ཐད་ཀར་ཁ་རེད་ཅེས་ལན་བཏབ། ཨ་ཁུའི་ངོ་གདོང་ལས་ད་གཟོད་དྲོད་ཨེན་ཙམ་བསྟན་ཏེ། འོ་ན་ཁའི་གཤམ་དུ་གང་རེད་ཟེར། ངས་དོགས་པ་ཐེ་ཚོམ་མེད་པར་ཨོལ་སྐོ་རེད་ཅེས་ལན་གླན། དུས་དེ་ནས་ཨ་ཁུས་ངར་རྟག་ཏུ“རིག་པ་འདོད་ན་བདེ་བ་དོར”ཞེས་གླུ་ཆུང་ལེན་ལེན། ཌ་རུ་དཀྲོལ་དཀྲོལ་གྱིས་མཚན་མོ་གཉིད་དུས་དང་ཟ་མ་ཟ་དུས་མ་གཏོགས་དུས་ཚོད་ཕལ་ཆེར་འབྲི་ཀློག་སྦྱོང་དུ་བཅུག དེ་ལྟར་ང་ཉིན་མོ་ཨ་ཁུའི་གཅུན་སྡོམ་གྱི་ངོ་གདོང་རོག་པོའི་འོག་དང་། མཚན་མོ་ཞེད་སྣང་སྐུལ་མཁན་གྱི་ལག་ཆ་སྦྲུལ་སྨུག་པོའི་སྟེང་འཇིགས་ཡེ་རེར། སྤོ་བོ་ལྟར་ན་ཆེས་གནས་བཟོད་བདེ་བའི་དགོན་ནང་གི་འཚོ་བར་རོལ་དགོས་ཐུག “ད་རྩམ་པ་ཟོས་ཚར་ན། ཕྱིར་ཐོན་ཏེ་ཀློག་བསླབ་པར་སོང” ཨ་ཁུས་ངོ་གདོང་རོག་པོ་སླར་ཡང་ངའི་ཕྱོགས་སུ་གཅུས་ཏེ་བཤད།
ཉི་མའི་འོད་ཟེར་རེག་བྱ་འཇམ་པོ་ངའི་ལུས་སུ་འཕྲོད་ཅིང་། ངས་ཀ་དཔེ་ཤོག་ལྷེ་གཅིག་ལག་ཏུ་འཇུས་ཏེ་ཉི་མ་ལྡེ་ཞོར་གསལ་བྱེད་ཀྱི་ཀློག་སློབ་བཞིན་བསྡད། དུས་ཚོད་ག་ཙམ་སླེབས་པ་མ་ཤེས་མོད། སྐབས་ཤིག་ལ་སྒྲ་རྣ་བར་གཟན་པོ་ནམ་རྒྱུན་ཧ་ལམ་ཐོས་རྒྱུ་མེད་པ་དེ་གྲགས་བྱུང་། ངས་འཕྲལ་དུ་མིག་ཟུང་ཀ་དགོན་འདབས་ཀྱི་འགྲུལ་ལམ་ཐོག་འཕོས། དངོས་གནས་གདོན་འདྲེ་ལྗང་ཁུ་ཞིག་དགོན་པའི་ཉེ་སར་འདུར་བཞིན་མཆིས། གདོན་འདྲེའི་མྱུར་ཚད་ནི་སྤོ་བོས་བཤད་པ་ལྟར་སུས་ཀྱང་དོ་མི་ནུས་པ་ཞིག་སྟེ། མིག་ཧྲིག་ཧྲིག་གིས་ཅུང་ཙམ་བལྟས་པའི་ཡུན་ལ་ནོར་བུ་རིའི་སྣ་ཟུར་བརྟོལ་ཟིན། ངས་མྱུར་མོར་གྲྭ་ཤག་ནང་འཛུལ་ཏེ“གདོན་འདྲེ་འོང་གིན་འདུག” ཅེས་བོས། ཨ་ཁུས་ཀྱང་ལམ་སེང་རབ་གསལ་ལས་སྐེ་བསྲིངས་ཏེ་ཕྱི་ལ་བལྟས་ཤིང་། “དེ་གདོན་འདྲེ་མ་རེད། མོ་ཊ་རེད” ཟེར། སྤོ་བོས་གདོན་འདྲེ་རེད་ཟེར། ཨ་ཁུས་མོ་ཊ་རེད་ཟེར། ཡང་སྙིང་གང་ཞིག་ཡིན། འོན་ཏེ་གདོན་འདྲེ་མིན་ཚེ་ཨ་ཁུའི་གདོང་གཤིས་འགྱུར་དགོས་དོན་ཅི། ངས་ཨ་ཁུས་མིག་ཟུམ་ཟུམ་གྱིས་སྨ་ར་འཐོག་གིན་པའི་ཚུགས་ཀར་བལྟས་ནས་དེ་ལྟར་བསམས། ཕྲན་ཙམ་རྗེས་ཨེན་ཆུང་གཅིག་གིས་ཨ་ཁུ་བོས་ཏེ་སོང་། ཨ་ཁུས་འགྲོ་ཁར། ཁྱེད་འདིར་སྡོད་པ་ལས་གཞན་ལ་གོམ་གང་ཡང་མ་འགྲོ་ཞེས་མངགས། ངས་ཀྱང་སྒོ་ཆུང་གཏན་ནས་ཁུ་སིམ་མེར་བསྡད། སྒེའུ་ཁུང་གི་སྲུབས་ནས་འཚང་བའི་ཉི་མའི་འོད་ཐིགས་དག་ཨ་ཁུས་འདོན་འཕྲོར་ལུས་པའི་དཔེ་ཆ་སྣ་རིང་སྟེང་འཕྲེད་ལ་བབས།
གདོན་འདྲེ་སྔ་མོ་ནས་བུད་ཚར། ཉི་མ་ནུབ་རིར་བཞུད་ཀྱང་ཨ་ཁུས་སྒོ་གཏན་ནས་མ་བརྡུངས། ངས་སྒུག་བཟོད་མེད་པར་གྲྭ་ཤག་ལས་ཕྱིར་ཐོན་ཚེ། དགོན་པའི་ཁྱི་རྒན་ལས་ཅི་ཡང་རིག་རྒྱུ་མི་འདུག་ལ། སྐྱུང་ཀ་ཁྱུས་ཀྱུང་ཀྱུང་བསྒྲགས་པའི་སྒྲ་ལས་གཞན་ཐོས་རྒྱུ་མི་འདུག ཨ་ཁུ་ཉི་མ་གང་དུ་ཕྱིན་པ་ཡིན། ཨ་ཁུར་ངོ་ཚ་རྒྱུ་ཞིག་ཡོད་དམ། སྤོ་བོའི་འགྲམ་དུ་སྣང་དག་མི་འོང་ཞེས་ཁས་རྭ་ཅོ་འདྲ་བ་བླངས་ཀྱང་། ད་ནི་ང་རང་གཅིག་པོར་བསྐྱུར་འདུག་ཨང་། ཡང་ན་གཟན་ཤམ་མནབས་མཁན་གྱི་ཨ་ཁུ་སོགས། གདོན་འདྲེས་རྫུ་འཕྲུལ་གྱིས་སྒྲོ་སྤུ་ནག་པོ་གྱོན་པའི་སྐྱུང་ཀ་དག་ལ་གྱུར་པ་མིན་ནམ། དེ་གཉིས་པོར་འདྲ་ཆོས་གཅིག་ལས་མི་འདུག་སྟེ་སྐྱུང་ཀའི་མཆུ་ཏོ་ཁོ་ན་གཟན་གཤམ་གྱི་མདོག་ལྟར་དམར་པོར་སྣང་། ངས་ཡང་བསྐྱར་བལྟས། མ་གཞི་སྐྱུང་ཀས་མགོ་བོ་གུག་ཙམ་གུག་ཙམ་བྱེད་ཚུལ་དང་ཨ་ཁུས་དཔེ་ཆ་སྣ་རིང་འདོན་དུས་ཀྱི་བཟོ་ལྟའང་ཅི་འདྲའི་འདྲ། ངས་གོང་མཛུབ་ཀེར་ཏེ་སྤེན་བད་སྒང་གི་སྐྱུང་ཀའི་གྲངས་ཀ་བརྩིས། ཨ་ཁུས་སྔོན་ཆད་དགོན་པའི་ནང་གྲྭ་བ་སོ་བཞི་ཡོད་རེད་དེ་སྐད་ཡིག་གི་དབྱངས་གསལ་གྲངས་དང་མཚུངས་ཞེས་བཤད་མྱོང་། ཇི་ལྟར་བརྩིས་ཀྱང་སྐྱུང་ཀ་སུམ་ཅུ་ཏག་ཏག་ལས་མི་འདུག དེ་གསལ་བྱེད་ཀྱི་གྲངས་རེད། འོན་ཏེ་དབྱངས་ཡིག་བཞི་པོ་གང་དུ་འཕུར་སོང་། ཨ་ཁུ་དེའི་གྲས་སུ་ཚུད་དམ། ངས་རང་ཉིད་ལ་ཚ་འདྲི་བྱེད་ཀྱིན་ལྕང་རའི་ནང་ཨ་ཁུ་འཚོལ་དུ་བསྐྱོད། རྒྱ་སྒོ་ལས་ཐོན་དུས། གོམས་པའི་བརྟུལ་ཞུགས་ཡ་མཚན་དེའི་དབང་གིས་སླར་ཡང་རྩིག་ལྡེབས་ཀྱི་སྦྲུལ་སྨུག་པོར་ལན་གཅིག་ལྟ་འདོད་སྐྱེས།
ཅི་ཡིན་འདི་ཡིན་མེད་པར་ངས་སྦྲུལ་སྨུག་པོར་བལྟས་ཏེ་ཡུན་རིང་འགོར། གང་ཡིན་འདི་ཡིན་མེད་པར་ངའི་མགོ་ལ་རས་ནག་གཡོགས་ཏེ། སུ་ཡིན་འདི་ཡིན་མེད་པ་ཞིག་གིས་ང་ཕྲག་པར་བཏེགས་ཏེ་ཁྱེར། ངའི་མིག་མདུན་ན་ས་རུབ་པ་ལྟ་བུའི་རོག་རོག་ལས་མི་སྣང་ལ་རྣ་བར་དབུགས་ཧད་པའི་སྒྲ་ལས་མ་གོ། ངའི་སྙིང་ཆུང་ལུ་གུ་ལྟར་ལྡིང་བ་ངས་ཚོར་བཞིན་འདུག ཁ་དོག་མེ་འདྲ་བའི་གྲོད་ཆེན་ཁོས་ང་སྨུག་གསེབ་ལ་ཁྱེར་འགྲོ་བ་མིན་ནམ། དེ་ལ་འཆི་བ་ཟེར་རམ། སྦྲུལ་དེ་ནམ་ངའི་ལུས་པོར་འཁྲིལ། ངས་སོ་སོར་སྐད་ཆ་ཡང་ཡང་དྲིས། མཐའ་མ། ལུས་ཀྱི་ཟུངས་ཟད། སྨྲ་ལྕེ་ཡང་སྐམ་པོར་གྱུར།
3
ཕྱི་ཉིན་གཉིད་སད་དུས། ང་ཇི་ལྟར་སླེབས་མིན་མ་ཤེས་པར་ཁྱིམ་ལ་བརྟོལ་འདུག དེ་ནས་བཟུང་། ངས་སྤོ་བོ་དང་ཨ་མར་ཚར་མང་པོ་དྲིས། ཁོ་གཉིས་ཀྱིས་རྟག་པར་མ་གྲོས་རང་མཐུན་ལྟར་ལན་གཅིག་པ་རེ་བྱིན་ཏེ་ཁ་ཡ་མ་བྱས། ཁྱིམ་དུ་སླེབས་པ་ནས་ད་བར། ངས་རང་གི་སྤོ་བོར་འགྱུར་བ་ཕྲན་བུ་རེ་བྱུང་བ་ཚོར་འོང་། མ་མཐར། སྤོ་བོས་ཞལ་མཆུ་ཀྲབ་ཀྲབ་བྱེད་ཀྱིན་མི་འདུག འོ་རེད། ཨ་མས་ཀྱང་ཞལ་མཆུ་ཀྲབ་ཀྲབ་བྱེད་ཀྱིན་མི་འདུག “བསྟན་འཛིན་རྒོད་པོ། ངས་ཐེངས་མང་བཤད་མྱོང་། ཨ་ཁུ་གང་དུ་ཕྱིན་མིན་དང་། ཁྱེད་ཇི་ལྟར་ལོག་མིན་གཏན་ནས་དྲི་མི་ཆོག” སྤོ་བོས་སྔར་རྒྱུན་བཞིན་ལན་དེ་སྤྲད། ལན་དེར་ཐེངས་དུ་མར་ཉན་པས། ང་ད་ལྟ་རང་ལ་བྱམས་པའི་སྤོ་བོར་འཚིག་པའང་ཟ། “ད་དུང་། ཁྱེད་ཀྱིས་དགོན་པའི་ནང་ཡོན་ཏན་སྦྱངས་མྱོང་བ་སུ་ལའང་མ་བཤད” སྤོ་བོས་མུ་མཐུད་དུ་མིག་འབུར་ཚུགས་ཀྱིས་བལྟས་ཏེ་བཤད། སྐད་ཅིག་དེར་སྤོ་བོའི་མིག་ནི་རྩིག་ལྡེབས་ཀྱི་མི་དམར་པོའི་མིག་བཞིན། ངར་སྐྲག་སྣང་ཅུང་ཟད་ཀྱང་སྐྱེ་རུ་བཅུག “གོ་སོང” ངས་ལན་སྟབས་བདེ་ཞིག་བཏབ་རྗེས་གཡུལ་ཁའི་ནང་ཐལ་རྩེད་རྩེ་བར་ཕྱིན།
རྩེད་མོ་ཡུན་རིང་བརྩེས་ཀྱང་རྩེད་གྲོགས་གཞན་ད་དུང་མ་སླེབས། བདེ་ཤར་རྒྱགས་པས་ཅི་ཞིག་རྟོགས་ཁུལ་གྱིས། ཁོ་ཚོ་དགོན་པར་སོང་བ་རེད། ངེད་གཉིས་འགྲོ་ཟེར། ངེད་གཉིས་ཀྱིས་ཁ་སྔོན་ངས་བརྒྱུད་མྱོང་བའི་ལམ་དེ་བཅགས་ནས་དགོན་པའི་ཕྱོགས་སུ་ཤར་རེར་བསྐྱོད། ལམ་ཕྲན་དེར་འགྱུར་བ་མེད་ཀྱང་། གཡས་གཡོན་གྱི་སྙེ་མ་ང་ལས་རིང་བར་སྐྱེས་ཏེ་སྐབས་སྐབས་སུ་རླུང་འཇམ་པོས་གཡོ་ཞིང་རྡེག ལམ་བར་དུ་ཡུལ་མི་མང་པོར་ཐུག་ཅིང་། ཡུལ་མི་ཕལ་ཆེར་གྱིས་ལྕམ་ཤིང་རེ་གཉིས་ཁྱེར་ནས། གནམ་གཤིས་ཚ་པོ་དེའི་ཤོད་དུ་རྔུལ་ཆུ་ཕྲུམ་ཕྲུམ་ངང་སྡེ་བའི་ཕྱོགས་སུ་ལོག་འགྲོ། ངེད་གཉིས་ཟམ་པར་སྒྲོལ་མཁན་ཡང་ཡུལ་མི་གཅིག་སྟེ་ཁོས“ཕྲུ་གུ་གཉིས། གཟབ་གཟབ་བྱོས་མ་གཏོགས། དགོན་པ་གཏོར་བཞིན་འདུག ས་རྡོ་ལུས་ལ་ཁེལ་འོང” ཟེར། རྔ་སྒྲ་ཆེམ་ཆེམ་དུ་གྲགས་འོངས་པས་ང་གཉིས་ཀྱིས་ཁོར་ལན་ཡང་མ་གློན་པར། གོམ་པ་མགྱོགས་པོར་སྤོས་ཏེ་དགོན་པའི་ནང་འཛུལ།
གྲོང་ཟུར་སྨྱོན་པས་ངེད་གཉིས་མཐོང་འཕྲལ་སྟོད་ཀྱི་རྡོ་སྐས་ལས་བབས་ཤིང་། རྒྱབ་ཏུ་འཇིགས་མེད་སོགས་ཀྱང་འཁར་རྔ་རྡུང་ཞོར་ཀི་སྒྲ་དང་བཅས་གཡུལ་ཁར་ཚེར་མ་སྤུངས་པ་ལྟ་བུའི་དཔེ་ཆ་སྣ་རིང་སྟེང་གོམ་པ་སྤོ་ཞོར་མཆོངས་འོང་། “རྒོད་པོ་སྣ་ཆེན། ལྟོས་དང་། ལྡེབས་རིས་འདི་དག་ལས་ཁྱེད་གང་ལ་འཇིགས” གྲོང་ཟུར་སྨྱོན་པས་ངའི་དཔུང་པར་རྡེག་བཞིན་དྲིས། ངས་མགོ་གཅུས་ནས་བལྟས་པ་ན་ཨི་ཁུང་འདྲ་མིན་བཅོ་བརྒྱད་ཕུག་སྟེ། ཁོའི་གདོང་ཡང་མཐོང་ཐབས་བྲལ་བས། སྦར་མཐིལ་ལས་ཕྱིར་ཐོན་པའི་སྦྲུལ་གྱི་མགོར་མཛུབ་མོ་བཙུགས། ཁོས་འདོད་ཐོག་ལ་སྨིན་པ་ལྟར“རེད་འདུག ང་ཚོས་ད་བར་མཐོང་ཡང་མ་བྱུང་། ཨབ་ཕྲུག་ཚོ་སྦྲུལ་དེར་རྡོ་གཞུས”ཞེས་སྐད་ཆེན་པོས་བསྒྲགས། སེར་བ་བྲག་ལྡེབས་ལ་ཐོར་བ་བཞིན་ང་ཚོས་རྩིག་ལྡེབས་ལ་རྡོ་ཡང་ནས་བསྐྱར་དུ་གཞུས་ཏེ། སྦྲུལ་སྨུག་པོའི་མགོ་བོར་ཨི་ཁུང་ཆེན་པོ་ཞིག་བཟོས་རྗེས། རྔ་ཡུ་རྣམས་བཅག་ནས་འཁོར་ལོར་བཟོས་ཏེ་རྩེད་ཀྱིན་ཁྱིམ་ལ་ལོག
ཨ་མས་དོ་ནུབ་ཀྱང་སྔོ་ཐུག་བླུགས་པའི་རྫ་ཁོག་ས་ཐབ་སྟེང་སྲོ་ཞིང་འདུག་ལ། ང་ཧ་ཅང་ངལ་བས་ཐད་ཀར་སྤོ་བོའི་པུས་མོར་མགོ་གླན་ཏེ་ངལ་གསོས། “ཞེད་སྣང་སྐུལ་མཁན་འདུག སྦྲུལ་འདུག” ཨ་མས་སྐད་ཆེན་པོ་སྒྲོག་གིན་ཟ་རུའང་བོར་ཏེ་ངེད་གཉིས་ཕྱོགས་སུ་འཕགས་ནས་འོང་། མགོ་ཡར་བཏེགས་དུས། སྦྲུལ་སྨུག་པོ་རྩིག་ལྡེབས་ཀྱི་ཡས་སྒྲོན་མཚམས་སུ་ག་ལེར་ནུར་བཞིན་འདུག སྤོ་བོ་ཇི་ལྟར་ལངས་མིན་མ་ཤེས་གོང་། སྦྲུལ་གྱི་མཇུག་མ་ལས་བཟུང་སྟེ་ཤིང་སྒོ་བརྒྱུད་ཕྱིར་ཐོན། ངས་ཀྱང་སྤོ་བོའི་རྗེས་བསྙེགས། བཀྲ་ཤིས་བྲག་རྩེར་བསྙེས་པའི་ཟླ་བ་དཀར་པོས་ང་དང་སྤོ་བོའི་རྐང་འོག་གི་འགྲོ་ལམ་གསལ། མཚན་མོ་དེར་སྤོ་བོས་སྦྲུལ་སྨུག་པོ་ཤྭ་འོད་བབས་ཤུལ་གྱི་གྲོག་རོང་ཁ་ཤོའི་ནང་བརྡབས།ཉིན་གུང་། ངས་གྲོང་ཟུར་སྨྱོན་པའི་གམ་དུ་སྦྲུལ་སྨུག་པོར་མཛུབ་མོ་བཙུགས་ཏེ་ཁོའི་མགོ་བོར་རྡོ་ཆར་ཕབ། དགོང་མོ་སྦྲུལ་སྨུག་པོས་ང་ངོ་ཤེས་ནས་བཙལ་བར་སླེབས། གལ་ཏེ་སྤོ་བོ་མེད་ཚེ་སྦྲུལ་སྨུག་པོ་ངར་འཁྲིལ་རྒྱུ་ཁོ་ཐག་ཡིན་ལ། དེའི་མཇུག་ཏུ་དམར་པོ་མེ་འདྲ་བ་ཁོའང་ཐོན་ཏེ་ང་ཡང་བསྐྱར་གང་ལ་ཁྱེར་སྲིད། སྨུག་གསེབ་ཀྱི་འོང་ཁའམ་བཤིག་ཟིན་པའི་དགོན་པའི་གྱང་ཆག ཡང་ན་འཆི་བ་ཞེས་ཐག་རིང་གི་ས་ཆ་གང་དུ་ཁྱེར་སྲིད།
ད་ལྟའི་དུས་ཨ་ཁུ་ཉི་མའང་ཁོ་གཉིས་ཀྱིས་ཁྱེར་བ་ངས་རིགས་འགྲེ་བྱེད་ནུས། ངོ་མ་འཇིག་རྟེན་འདིར་ཁོ་གཉིས་ལས་མཐུ་བ་ཞིག་ཡོད་དམ།
ཕྱི་ཉིན། སྤོ་བོའི་རྐང་པ་འཐེང་སྟེ་ང་དང་ཨ་མ་ཉལ་སའི་ཁང་མིག་ནང་འཚངས། དེ་ནས་བཟུང་དབྱར་ཁ་ཧྲིལ་པོ་འདས་ཀྱང་སྤོ་བོའི་རྐང་པར་དྲག་སྐྱེད་མ་བྱུང་། རྒྱུ་མེད་རྐྱེན་མེད་དུ་སྤོ་བོའི་རྐང་པ་གཏན་ནས་གྱོལ། གྱོལ་བས་མ་ཚད། མུན་རུབ་རྗེས་ན་ཚ་ཇེ་སྡུག་ལ་སོང་སྟེ་འཁུན་སྒྲས་ཁང་མིག་ཆུང་ཆུང་གཏིང་ནས་བསྐྱོམས། སྟོན་ལས་མེ་ལྟར་འབར་ཡང་། སྤོ་བོས་ཚར་ཕོན་འགྱིག་རོགས་མ་གཏོགས་ལས་གཞན་གྱི་གོ་མ་ཆོད། སྟོན་མཇུག་གི་མཚན་མོ་ཞིག ས་བཅུ་མུན་པ་རུབ། ང་དང་ཨ་མས་ཤིང་སྒོའི་ཕྱིར་གསང་སྟབས་ཀྱིས་ཅི་ཞིག་ལ་བསྒུགས། རླུང་བུ་བསིལ་བསིལ་དུ་ལྡང་། ཁང་པའི་ནང་ནས་སྤོ་བོའི་སྐད་ངན་ཙིར་ཙིར་དུ་གྲགས། གློ་བུར་བའི་མགྲོན་པོ་ཡ་མཚན་དེ་འབྱོར་རྗེས། ཨ་མས་གུས་གུས་ཞུམ་ཞུམ་གྱིས་གདན་འདྲེན་ཞུས།
ཡུལ་མི་དག་གི་སྐེའམ་ལག་མགོར་ཐོགས་པའི་ཕྲེང་བ་བོར་ནས་ཡུན་རིང་འདས་ཀྱང་། སྣུམ་སྒྲོན་རབ་རིབ་ཤོད། ཁོའི་ཨམ་ཕྲག་ནས་ཕྱིར་ཐོན་པའི་ཤེལ་ཕྲེང་ལས་འོད་ལྷམ་ལྷམ་འཚེར་ཞིང་། འཛར་འཛར་དུ་འཕྱང་བའི་བཅུ་ཤད་ནི་མར་གྱིས་བྱུགས་པའི་བདེ་ཤར་རྒྱགས་པའི་མཁུར་མགོ་ལྟར་སྣང་། ཁོ་སྤོ་བོའི་དྲུང་ཙོག་སྟེ་ལག་པ་གཅིག་གིས་ཟུག་རྔུས་བཏུམས་པའི་རྐང་པ་བཏེགས་ལ། ཅིག་ཤོས་སུ་མེ་ལོང་བཟུང་སྟེ་གཡས་ལྟ་གཡོན་ལྟ་བྱེད་ཀྱིན“བྱུང་མི་འདུག རྐང་པར་སྦྲུལ་འཁྲིལ་འདུག”ཟེར། ངས་དེ་མུར་རྐང་པར་བལྟས་ཀྱང་ཅིའང་རིག་རྒྱུ་མི་འདུག ཁོའི་སྐད་ཆས་སྤོ་བོའི་འཁུན་སྒྲའང་གཏིང་ནས་ཞི། “ཕལ་ཆེར། ཐབ་ཀླུ་ལ་གནོད་པ་བྱུང་བ་འདྲ” ཁོས་མགོ་ཕར་སྒྲིལ་ཚུར་སྒྲིལ་བྱེད་ཀྱིན་མིག་ཟུང་ས་ཐབ་ངོས་སུ་ནུར། “ཅི་བྱས་ན་བཟང་། དཀོན་མཆོག་མཁྱེན” སྤོ་བོས་ཚིག་གཞུག་དེ་མ་ལབ་པར་ཡུན་རིང་ཕྱིན་པས་ད་གཟོད་ཁོར་འདྲི་བཞིན་བཤད། ཁོས་དོ་ནན་པོས་མེ་ལོང་ཚིལ་དྲེག་ཅན་དེར་ཡུན་རིང་ཅེར་རྗེས། “གནས་སྐབས། ན་ཟུག་བཏང་དུས་ས་ཐབ་ལ་ཕྱག་འཚོལ། སྦྲུལ་དེས་ཁྱེད་བདེ་མོར་བཏང་བ་མི་འདུག”ཟེར། ཨ་ཁ། དགོན་ནང་དུ་བསྡད་དུས་ངས་མལ་ཁྲིར་ཕྱག་འཚལ་རྒྱུ་མ་དྲན་པ་ཅི། མཚན་མོ་སུམ་ཅུ་ལྷག་ལ་སྦྲུལ་དེས་ངའང་བདེ་མོར་བཏང་མ་བྱུང་། ཁོའི་སྐད་ཆ་ཐོས་རྗེས་ངས་རང་ལ་འཁང་ར་ཡང་ཡང་བྱས། མཚན་མོ་དེ་ནས་བཟུང་སྤོ་བོ་གཉིད་ཀྱང་མ་ཉལ་བར་ས་ཐབ་ལ་ཕྱག་འཚལ། སྟོན་ཁ་དབེན་འཇགས་གེར་བུད། སྐབས་རེར་ངས་ཀྱང་སྤོ་བོའི་གཞོགས་སུ་ཕྱག་འཚལ།
4
གླང་རྒན་རིར་བསྐྱལ་ཏེ་ལོག་དུས། སྤོ་བོ་ད་དུང་ལངས་མི་འདུག ང་སྤོ་བོའི་གམ་ཡུན་ཐུང་ཞིག་བསྡད་རྗེས། “སྤོ་བོ་གཉིད་སྐྱིད་པོ་ཁུག་འདུག”ཅེས་སྐད་ཆུང་ངུས་འཆད་ཀྱིན་མལ་ཁང་དུ་འཛུལ། མལ་ཁང་ནང་ཨ་མ་ཁུ་སིམ་མེར་ངུ་ཤུམ་བྱེད། “བཤུམས་ནས་གང་བྱེད། རྣམ་རྟོག་མ་སློངས”སྐད་ཆ་འདི་རྣམ་ཀུན་ང་ངུ་དུས་སྤོ་བོས་བཤད་པས། ངས་ཀྱང་ལད་ཟློས་ཀྱིས་ཨ་མའི་གམ་བཅར་གྱིན་བཤད། ཨ་མས་འདར་ཞུམ་ཞུམ་སྒོས་ངར་འཐམས་ཏེ“ཁྱོད་ཀྱིས་ཅི་ཤེས། སྤོ་བོ་ཤི་སོང”ཟེར། ངས་ཨ་མའི་ལག་པ་ཕར་གཡུགས་ཏེ། མེ་ཡོག་རིང་པོ་དེ་བསྒྲུགས་ནས་སྤོ་བོའི་དྲུང་དུ་བརྒྱུགས། མུན་པའི་ཡོལ་བས་ཁང་ཆུང་མ་བསྒྲིབས་པར། སྤོ་བོའི་ཉེ་འཁོར་དུ་བཙལ་ཡང་ཁོ་གཉིས་མཐོང་རྒྱུ་མི་འདུག་ལ། མལ་ཆས་བཤུས་ཏེ་རྐང་པར་བལྟས་ཀྱང་སྦྲུལ་སྨུག་པོ་རྩ་ནས་འཁྲིལ་མི་འདུག སྦྲུལ་སྨུག་པོ་དང་མི་དམར་པོ་གཉིས་འཆི་བ་དང་འབྲེལ་ཡོད་ཀྱང་། ཁོ་གཉིས་སླེབས་མེད་པས་སྤོ་བོ་གཉིད་ལ་ཤོར་བ་རེད་དམ་ཨ་མས་ནོར་སོང་བ་རེད། ངའི་སེམས་ལ་དེ་ལྟར་དྲན།
འཆར་ཁའི་ཉི་འོད་འཕྲོས། ཉིན་མོའི་འདུ་འཛི་སླེབས། སྲོད་ཀྱི་མཚམས་སྤྲིན་བཞད། མཚན་མོ་གཉིས་པར་ཐོན་རུང་སྤོ་བོ་བདེ་འཇམ་གྱི་གཉིད་ལས་མ་སད། ཨ་མའི་མཆི་མའང་ད་ནི་རྫོགས་སོང་བ་འདྲ་སྟེ། མུན་རུབ་ནས་སྡེ་བའི་སྲང་ལམ་གྱི་སྤྲང་ཁྱིའང་གཉིད་ཁུག་དུས། ཨ་མས་སྤོ་བོ་མལ་སའི་རྩིག་ཟུར་དུ་དངུལ་ཏིང་གཅིག་བསྔོགས་ཤིང་། སྡོང་རས་བཙུགས། སྣུམ་གྱིས་བསྐངས། དེའི་རྗེས་མེ་བསྒྲོན་ནས་སྙིམ་པ་བྲང་ཁར་སྦྱར་ཏེ་ཞལ་མཆུ་ཀྲབ་ཀྲབ་བྱེད། མཆོད་མེའི་ངོགས། ཨ་མའི་ཟ་འགྲམ་ལོགས་ཀྱི་མཆི་མའི་རྗེས་ཤུལ་དག་ཞིང་ཁའི་ཡུར་བུ་རེ་རེར་འགྱུར་མགོ་ཚུགས།
ཉིན་གཉིས་པར། ཁང་པའི་མདོ་སྦུག་ཡོད་ཚད་ལ་བལྟས་ཀྱང་སྤོ་བོ་མི་འདུག “སྤོ་བོ་གང་དུ་བུད་སོང” ངས་གླང་རྒན་ལ་རྩྭ་སྟེར་བཞིན་པའི་ཨ་མར་དྲིས། ཨ་མས་དགོན་རྒྱབ་ཀྱི་རི་མགོར་ཅེར་ཏེ“སྤོ་བོ་ཤི་སོང་བ་རེད” ཟེར་ནས་མཆི་མའི་རྗེས་ཤུལ་གྱི་ཡུར་བུ་དག་སླར་ཡང་ཡུར་ཆུས་བསྐངས། བསྐངས་ཚར་རྗེས་མཁུར་མགོའི་མཚམས་ལས་སིལ་བུར་ཐོར་ཏེ་རྡོག་རྡོག་པོར་གླང་རྒན་གྱི་གྲ་རྐང་རེ་རེའི་ཐོག་བསྟིམས། དེ་ནི་ཁྱིམ་ལས་ཐོན་དུས་ཆར་གྱི་ཟིལ་བ་དག་སྤོ་བོའི་སྐྱ་ཤར་ཤར་གྱི་ཕྱུ་པར་སིམ་ཚུལ་དང་ཅི་འདྲའི་འདྲ། ཨ་མ་ད་དུང་ཡང་རི་མགོར་ཅེར་ནས་ཧད་དེ་ལུས། ང་མ་སད་པའི་སྔ་རོལ་ཏུ། སྦྲུལ་སྨུག་པོ་ཁོ་གཉིས་ངེད་ཚང་དུ་སླེབས་ཀྱང་། ཨ་མ་ད་ལྟ་བཞིན་ཧད་ནས་ལུས་སོང་བ་རེད་དེ། ངས་སྤོ་བོའི་སྔས་མགོར་བཞག་པའི་མེ་ཡོག་ཨ་མས་ལན་གཅིག་ཀྱང་བརྡེག་མ་ཐུབ་པར། ཁོ་གཉིས་ཀྱིས་སྤོ་བོའི་མགོར་རས་ནག་གཡོགས་ཏེ་རི་རྒྱབ་ལ་ཁྱེར་བཅུག་པ་རེད། “སྤོ་བོ་རི་རྒྱབ་ནས་ནམ་ཚུར་ལོག” “མགྱོགས་པོ་ལོག་གི་རེད” ཨ་མས་མཁུར་མགོ་གོང་བས་ཕྱི་ཞོར་ལན་བཏབ། མཆི་མའི་ཟིལ་བུ་ཕྲོམ་ཕྲོམ་དེས་ཨ་མའི་མིག་གཉིས་ཀུན་ནས་བསྐོར། སྤོ་བོ་ཁོ་ན་ང་དང་ཨ་མ་ལས་རྒྱང་ཐག་ལྡབ་འགྱུར་གྱིས་རིང་བའི་རི་རྒྱབ་ཏུ་གནས།
དུས་དེ་ནས། ངས་ཉིན་གང་དར་བ་དམ་བི་གང་ཁྱེར་ཏེ་ལྕགས་ཟམ་དང་ཉེ་བའི་ངེད་ཁྱིམ་གྱི་ཞིང་ཁའི་སྟེང་། དགོན་རྒྱབ་ཀྱི་རི་མགོ་ལས་སྤོ་བོ་ཕྱིར་ལྡོག་རྒྱུར་བསྒུགས ངས་རྟུག་གཅིན་བྲོ་ཐེངས་རེ་རེར་ངེད་ཁྱིམ་གྱི་ཞིང་ནས་ཕར་བརྒྱུགས་ཏེ་གཞན་གྱི་ཞིང་ཁར་བཏང་། རྒྱུ་མཚན་མང་པོ་མེད་དེ། སྤོ་བོ་རི་རྒྱབ་ནས་ཚུར་ལོག་རྗེས། སོས་ཀར་རྨོ་སློག་བྱེད་དུས་རྐང་པར་བཙོག་པ་འགོ་དོགས་གཅིག་པུས་ཡིན། ཉི་མ་ནུབ་ཁར་ངས་ཁ་ཕྱིར་འཁོར་ཏེ་རང་གི་གྲིབ་གཟུགས་སྣོམ་བཞིན་ཁྱིམ་ལ་ལོག ཅི་སྟེ། སྤོ་བོ་ཡོད་ཚེ་ངའི་གྲིབ་མ་ད་གཟོད་སྤོ་བོའི་གཟུགས་ཚད་དང་དོ་ཐུབ་པ་འདྲ། མཚན་མོ་མང་པོར་རྨི་ལམ་ཡང་མང་པོ་རྨིས། རྨི་ལམ་ནང་ང་ལྕགས་ཟམ་གྱི་ཕ་རོལ་ཏུ་སླེབས་ཏེ་རི་རྩེར་སྤོ་བོ་འཚོལ་དུ་འགྲོ་བ་རྨིས། མཐའ་མར་སྤོ་བོ་མཐོང་ཐེངས་རེར། འདྲེད་བརྡབ་ཤོར་ཏེ་གཡང་ལས་ལྷུང་བའམ་འུ་ཡུག་མར་ཆུར་ཟགས་ཏེ་གཉིད་ཀྱང་ལན་གྲངས་མང་པོར་སད།
“མགྱོགས་པོ་ལོག་གི་རེད” དུས་ཡུན་རིང་པོ་འདས་རྗེས། ངས་རང་གིས་ཨ་མས་གཅེས་ཕྲུག་ལ་མགོ་སྐོར་བཏང་འདུག་སྙམ། རི་རྩེའི་ཁ་བ་དག་ཆུ་རུ་ཞུས་ཏེ་འུ་ཡུག་མ་ཆུར་འདྲེས་རུང་སྤོ་བོ་མ་ལོག གཞན་ལ་ཞུ་བ་ཕུལ་ཏེ་བཏབ་པའི་སོན་འབྲུ་རྣམས་སྙེ་མར་ཆགས་ཀྱང་སྤོ་བོ་མ་ལོག ཡིན་ན་ཡང་། ངས་སྔར་རྒྱུན་ལྟར་ཞིང་ཁའི་ནང་སྤོ་བོར་བསྒུགས་ནས་བསྡད།
ཞོགས་པ་ཞིག་ལ། དགོན་རྒྱབ་ཀྱི་རི་མགོ་སྨུག་པས་བཏུམས་དུས། ངའི་སེམས་ནང་སྨུག་པ་སབ་སིབ་དཀྱིལ་ནས་སྤོ་བོས་ངར་ཅེར་འདུག་སྙམ། སྐབས་ཤིག་ལ་ཉི་མའི་འོད་སྐོར་དག་འབྲུ་སྙེའི་སྟེང་འཕོས་མགོ་ཚུགས་ནས། ཟིལ་བུའི་རྡོག་པོ་དང་སྨུག་པའི་ཕོན་པོ་རྣམས་མི་མངོན་པའི་དབྱིངས་སུ་ཡལ་རན་དུས། མི་མངོན་པའི་རི་རྒྱབ་ཏུ་ཁྱེར་སོང་བའི་སྤོ་བོ་གཞི་ནས་མངོན་བྱུང་། ངས་མིག་འཕུར་འཕུར་བྱེད་ཀྱིན་ཡང་བསྐྱར་རི་མགོར་བལྟས། ལྕགས་ཟམ་ཕྱོགས་སུ་འཐེན་པའི་ལམ་ཕྲན་སྟེང་སྤོ་བོ་བབས་འོང་གིན་འདུག ངས་རྣ་ཅོག་འཐེན་ཙམ་བྱས་ཏེ་རྨི་ལམ་ཡིན་མིན་བརྟག་བཤེར་བྱས། ཚ་བེར་བེར་བྱེད་པ་ངས་ཀྱང་ཚོར་བཞིན་འདུག ངོ་མ་སྤོ་བོ་ལོག་འོང་གིན་འདུག ངས་འཕག་འཚག་གཅིག་བརྒྱབ་སྟེ་ལྕགས་ཟམ་ཕྱོགས་སུ་བརྒྱུགས། ངས་རང་གི་རྐང་པ་གཤོག་ཟུང་ལ་གྱུར་ཏེ་འཕུར་གྱིན་འདུག་སྙམ། སྐད་ཅིག་འདིར་ཞིང་ཁ་གཅིག་པོ་ངའི་ཤོད་དུ་འདར་ཞིང་ཁྱོམ་ལ། སྙེ་མ་ཡོད་རྒུས་ངས་སྤོ་བོར་བསྒུག་ཐུབ་པར་ཡི་རང་གིས་མགོ་ལྕོག་ལྡེམ། འཕུར་འཕུར་རྗེས་ངས་རང་དང་སྤོ་བོའི་ཁ་དབུགས་འཕྲད་པ་ཚོར་ལ། སྤོ་བོའི་དབུགས་ཧད་པའི་སྒྲའང་རྣ་བ་བརྒྱུད་དེ་སྙིང་ཁོང་དུ་སིམ་འགྲོ་བའི་སྣང་བ་ཤར། “སྤོ་བོ་གཞི་ནས་ལོག་བྱུང” ངས་སྤོ་བོའི་པུས་མོ་ནས་ཤུགས་ཀྱིས་འཐམ། སྤོ་བོས་ཨ་ལན་ཅི་ཡང་མ་བསློགས། ཨ་ལན་ཅི་ཡང་མ་བསློགས་པས། མགོ་བཏེགས་ཏེ་སྤོ་བོའི་ངོར་ལྟ་དུས། ངས་རང་གི་འགྲམ་དུ་འགྲེངས་པ་ནི་སྤོ་བོ་མིན་པར་སྐྱ་ཆས་སྤྲད་པའི་ཨ་ཁུ་ཡིན་པ་ད་གཟོད་རྟོགས།
“ཨ་ཁུ། ཁོ་གཉིས་ཀྱིས་སྤོ་བོ་ནམ་ཚུར་གློད” ངས་ཨ་ཁུའི་ངོ་གདོང་རོག་པོར་ལྟ་མ་ཕོད་པར་ངུ་བཞིན་དྲིས། ཨ་ཁུས་སྔར་བཞིན་ལན་ཅི་ཡང་མ་བྱིན། དེ་ལྟར་སྦྲུལ་སྨུག་པོ་ཁོ་གཉིས་ཀྱིས་ཨ་ཁུ་ཉི་མ་ལོ་གཅིག་རི་རྒྱབ་ཏུ་ཉར་རྗེས་ཚུར་གློད་ཀྱང་། ལོ་གང་མང་འདས་ནའང་སྤོ་བོ་གློད་མ་བྱུང་ལ། ངས་ཀྱང་ཨུ་ཚུགས་ཆེན་པོས་བསྒུགས་བསྒུགས་མཐར་སྤོ་བོར་བསྒུག་མ་ཐུབ་པར། ང་རང་ཨ་མའི་ཉལ་ས་ནས་ཕྱིར་ཕྱུང་མཁན་གྱི་ཨ་ཁུ་ཉི་མར་བསྒུགས་པ་ཡིན། །
དཔྱད་འདེམ་པ་ཆོས་སྐྱོང་གིས་གནང་བའི་དཔྱད་གཏམ།
ལྷུག་རྩོམ་ལྟ་བུའི་ཁ་བྱང་ཕལ་བ་ཞིག་ལ་བརྟེན་ནས་སྒྲུང་གཏམ་གྱི་ཁྱད་ཆོས་རྫོགས་པ་ཁོ་ནས་ཀྱང་བསྟོད་པའི་མཐེ་བོང་མི་སྒྲེང་ཅི། བྱེ་བྲག་ཏུ་གཏམ་རྒྱུད་ཀྱི་མངོན་པའི་ཆར་གནས་པའི་ང་དང་སྤོ་བོ། ཨ་ཁུ། ཨ་མ་བཅས་བར་གྱི་དངོས་ཡོད་གནས་ཚུལ་ཡིན་ནའང་རུང་། གཏམ་རྒྱུད་ཀྱི་གབ་པའི་ཆར་བསྐུངས་པའི་འདས་དུས་ཀྱི་རྣམ་པ་རབ་རིབ་དང་མི་སྣ་ཕལ་བ་ཡིན་ནའང་ཆོག ཐོག་ཐག་ཀུན་ཏུ་སྦྲུལ་སྨུག་པོ་ཞིག་གི་ཡིད་བརྙན་ལ་གཞི་བཅོལ་ཏེ། གྲ་དག་པའི་སྒྲིག་གཞི་དང་ཟུར་ཐོན་པའི་རྗོད་བྱེད་ཀྱི་སྲད་བུར་བརྒྱུས་པ་འདི་རྨད་དོ།།
བྱ་དགའ་རག་པའི་མྱོང་ཚོར།
དུས་ཚོད་ཅེས་པའི་གཟུགས་མེད་ཀྱི་རླུང་བུས་ང་ཚོ་དེད་དེ2020ལོའི་དགུན་ཁར་སླེབས། ལོ་སྟོད་དུ་མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་ལ་བསྐུར་བའི་སྒྲུང་ཐུང་དེར་བྱ་དགའ་ཨང་དང་པོ་རག་པ་ཐོས་དུས་ང་རང་ཡིད་མ་ཆེས་པའི་མཚམས་སུ་བསྐྱལ། འོན་ཏེ། མི་སྲིད་པ་ཅི་ཡང་སྲིད་པ་ནི་མ་གཞི་ནས་གནས་ལུགས་ཤིག་ཏུ་བརྩི་རུང་བས། སྐད་ཅིག་མ་འདིར་ངས་སྐད་ཡིག་ལ་ཐུགས་རྗེ་ཆེ། རྩོམ་རིག་ལ་ཐུགས་རྗེ་ཆེ། ཁེར་རྐྱང་ལ་ཐུགས་རྗེ་ཆེ་ཞེས་སྨྲ་འདོད་བྱུང་།
དེ་ནས། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གཙོ་བྱས་པའི་འབྲེལ་ཡོད་སྡེ་ཚན་ཁག་གིས་ཁྲལ་མངོན་སླ་བཅོས་མིན་པར་གྲ་འགྲིག་ཟལ་ཐོན་ངང་ལོ་དྲུག་ལ་བསྟུད་མར་རྒྱལ་ཡོངས་རང་བཞིན་གྱི་རྩོམ་ཡིག་འགྲན་བསྡུར་སྤེལ་རྐྱེན། ཕྲན་དང་ཕྲན་འདྲ་བའི་སྐྱེས་བུ་མང་པོར་གསར་རྩོམ་གྱི་སྒུལ་ཤུགས་དང་རྩོམ་པ་རྒྱུན་བསྲིང་བའི་སེམས་ཤུགས་བསྩལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ལོ་རེའི་འགྲན་བསྡུར་རེ་རེའི་དངོས་སྟ་མཇུག་གསུམ་དུ་སེམས་ཤུགས་འདོན་མཁན་དང་། མཐུན་རྐྱེན་སྐྲུན་མཁན། ལག་ལེན་བསྟར་མཁན་ཀུན་པོར་ཁ་མིན་སེམས་ཀྱི་གཏིང་ནས། ཁྱེད་ཅག་སྐུ་ལས་ཁག་སོང་ཞུ་རྒྱུ་ཡིན། དེ་བས། སླན་ཆད་ཀྱང་ཁྱེད་རྣམས་ཀྱིས་དགོངས་པ་ཡང་དག་ལས་འཁྲུངས་པའི་མཛད་པ་བཟང་པོ་འདི་མུ་མཐུད་རྒྱུན་འཁྱོངས་གནང་རོགས་ཞེས་ཞུ་བར་བྱ་སྟེ། ཡིད་འཕྲོག་ལྷ་མོ་ཟིན་ན་མཛུབ་རྒྱན་ལས་ཀྱིས་འཁོར་ངེས་སོ།།
ད་ཐེངས།《ང་རང་བྱིས་པ་ཡིན་དུས》ཞེས་པའི་སྒྲུང་ཐུང་འདིར་བྱ་དགའ་རག་པ་ནི་ཕྲན་གཅིག་པུའི་གྲུབ་འབྲས་ག་ལ་ཡིན་གྱི། བྱམས་ལྡན་ཕ་མ་ཟུང་དང་དགེ་བའི་བཤེས་གཉེན་རྣམས། གཉེན་བཤེས་དང་གྲོགས་པོ་ཡོད་རྒུའི་གྲུབ་འབྲས་ཀྱང་ལགས་པས། ཕྲན་གྱིས་གྲུབ་འབྲས་དེ་ལྷན་རྒྱས་དང་མཉམ་དུ་ལོངས་སུ་སྤྱོད་ཞོར། ཚེ་འདིའི་འདས་ཟིན་པའི་བགྲང་བྱ་ཉི་ཤུའི་ནར་སོན་གྱི་ལོ་ཟླ་ལ་ཐུགས་རྗེ་ཆེ་ཞུ་གི་ཡིན།
མཐར། གང་སར་བཞུགས་པའི་རྩོམ་རིག་ལ་ཡིད་ཆེས་དང་དད་པ་ཡོད་མཁན་ཁྱེད་ཅག་ལ་བཀའ་དྲིན་ཆེ་ཞུ། དུས་ཚོད་ཀྱི་རླུང་བུས་ང་ཚོ་སྐྱེས་པ་ནས་འཆི་རག་བར་དེད་དེ་སྡོད་དུ་མི་འཇུག་ཀྱང་། ནམ་ཞིག འུ་ཅག་སྲིད་པ་སྒྲུང་གི་ཁམས་ནས་མཇལ་དུས་ཕྲན་དང་ལྷན་དུ་ཅུང་ཟད་བཞུགས་ཆོག་པར་ཞུ། དེ་དུས་ཞལ་དྲོ། བཀྲ་ཤིས་པའི་གཏམ་ཡང་ལྷོད་པོར་ཞུ་ཆོག་པ་ཞུ།
བསོད་ནམས་ལེགས་བཤད། 1999ལོར་གཙང་འུ་ཡུག་གི་རི་གྲོང་ཞིག་ཏུ་སྐྱེས། མཐོ་འབྲིང་སྐབས་ལྗོངས་ནང་ཁུལ་གྱི་སློབ་མའི་རྩོམ་ཡིག་འགྲན་བསྡུར་ནང་བྱ་དགའ་ཐེངས་གཉིས་དང་། 2016ལོར་མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་ནས་སྤེལ་བའི་རྒྱལ་ཡོངས་བོད་ཀྱི་མཐོ་འབྲིང་སློབ་མའི་རྩོམ་ཡིག་འགྲན་སྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཐོབ། ད་ལྟ་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་སློབ་གཉེར་བྱེད་བཞིན་ཡོད་དོ།།