ཟླ་བཟང་གིས་སྦྲ་གུར་དུ་ཙོག་སྟེ་བེད་སྤྱོད་མང་པོ་མི་བྱེད་པའི་ཨུ་རུ་སུའི་མེ་མདའ་ཞིག་འབྱིད་བཞིན་འདུག ཁོས་དུས་ཚོད་རིང་བོ་ཞིག་སྤྱད་རྗེས་ད་གཟོད་མེ་མདའ་ཡོངས་སུ་ཕྱིས་ཚར་ནས་འོད་ཡུག་ཡུག་ཅིག་ཐོན། ཆུང་མས་སྦྲ་གུར་གྱི་ཕྱི་རོལ་ཏུ་རྡོ་ལེབ་ཅིག་གི་སྟེང་དུ་ཨོང་བ་སྐེམ་ཀྱིན་འདུག་ལ། བྱིས་པ་ཆེ་བ་དང་ཆུང་བ་གཉིས་ཀྱིས་ཨ་མར་ལས་ཀ་ལས་རོགས་བྱེད་ཀྱིན་གདའ། བྱིས་པ་འབྲིང་བ་བཀྲ་ཤིས་ཉི་མས་གྲིམ་རིག་རིག་གིས་ཨ་ཕས་མེ་མདའ་རྩེ་བ་ལ་བལྟས་འདུག སྐབས་དེར། གཏན་ནས་ཐོས་མ་མྱོང་བའི་སྒྲ་སྐད་ཆེན་པོ་ཞིག་གིས་ཟླ་བཟང་སྒོ་ཕྱིར་དྲངས་སོང་། སྒྲ་སྐད་དེ་ནི་བར་སྣང་ཁམས་ནས་མཆེད་འོངས་ལ། ཁོས་མགོ་བོ་དགྱེ་སྟེ་ཁ་ཕྱོགས་གང་ཡིན་མ་ངེས་གོང་བྱིས་པ་ཚོའི་ཨ་མས་ལུས་ལ་གདོན་ཞུགས་པ་ལྟར་ཟླ་བཟང་གི་ཕག་ནས་སྐད་བརྒྱབ་བྱུང་། མ་གཞིར། གཏན་ནས་མཐོང་མ་མྱོང་བའི་ལྷ་བྱ་ཆེན་པོ་ཞིག་གིས་རྣ་བ་འོན་པར་བྱེད་པའི་སྒྲ་སྐད་འདྲག་པོ་ཞིག་འབྱིན་བཞིན་ཁོ་ཚོའི་སྤྱི་བོའི་ཀླད་དུ་ལྡིང་སྐོར་བརྒྱབ་སྟེ་འདི་གར་འབབ་རྩིས་བྱེད་པ་འདྲ། བྱིས་པ་གཉིས་ཀྱིས་ཙི་གུས་སྲིན་བྱ་མཐོང་བ་བཞིན་སྐྲག་སྟེ་གུར་ནང་དུ་བྲོས་ནས་གཞའ་ཐབས་བྱས་ལ། བཀྲ་ཤིས་ཉི་མ་གཅིག་པུས་ད་གཟོད་ལྷ་བྱ་དེར་དགའ་འབོད་བྱེད་ཅིང་། སྐྱེས་དམན་དེས་མིད་པ་རལ་བའི་བར་ཕྱོགས་གཅིག་ནས་སྐད་རྒྱག་ཅིང་ཕྱོགས་གཅིག་ནས་ཟློག་པ་གཏོང་ཞིང་མཆིལ་ཟེགས་གཏོར་ཏེ་གདོན་རྫས་དེ་སྤྱུག་པར་བརྩོན།
“མར་འབབ་མི་ཉན། གདོན་འདྲེ་ཁྱོད” ཟླ་བཟང་སེམས་འཚབས་ནས་མེ་མདས་ཡ་མཚན་ཅན་གྱི་གདོན་རྫས་དེར་དམིགས་ཏེ་ལྡིར་ལྡིར་དུ་བརྒྱབ་པར། ལྷ་བྱ་དེས་ལྡིང་སྐོར་འགའ་བརྒྱབ་རྗེས་མཇུག་མཐར་ཅི་བྱ་གཏོལ་མེད་ཀྱིས་སྡུག་སྐད་རྒྱག་བཞིན་ཤར་ཕྱོགས་སུ་འཕུར་སོང་།
དེ་ཉིད་ཨ་རིའི་སྒུལ་བྱེད་འཕྲུལ་འཁོར་བཞི་ལྡན་གྱི་དམག་སྤྱོད་སྐྱེལ་འདྲེན་གནམ་གྲུ་ཞིག་རེད། འཁྲུག་ཆེན་གཉིས་པའི་སྐབས་ཉི་ཧོང་ལ་འཐབ་པའི་ལས་འགན་ལག་བསྟར་བྱེད་པའི་ཁྲོད་དུ་རྒྱ་གར་ནས་ཀྲུང་གོར་འཕུར་སྐྱོད་བྱེད་པའི་ལམ་བར་དུ་འཕུར་ལམ་གྱི་ཁ་ཕྱོགས་ནོར་བ་དང་་སྣུམ་ཡང་ཟད་པས། སྔར་ཡིན་ན་སྦྲུལ་ལྷ་རི་རྩེའི་ཡིད་དུ་འོང་བའི་ཐང་ཆེན་དུ་འབབ་རྩིས་ཡོད་མོད། འོན་ཀྱང་འོག་རོལ་གྱི་འབྲོག་པའི་རྒོལ་མདའ་ཕོག་པས་སླར་ཡང་གཤོག་པ་བཏེགས་ཏེ་མཇུག་མཐར་སྦྲུལ་ལྷ་རི་བོའི་འགྲམ་རྒྱུད་ཀྱི་བསམ་ཡས་དགོན་པའི་ཉེ་འདབས་ཀྱི་མིང་ལ་ཏོག་ཅེས་འབོད་པའི་བྱེ་ཁུལ་ལ་བརྡབས་ནས་བརླགས་པར་གྱུར། གནམ་གྲུའི་ཕུང་བོ་ལོགས་སུ་ཡོ་འདུག་ཅིང་གཡོན་ལོགས་ཀྱི་གཤོག་པ་བྱེ་སའི་གཏིང་སར་བརྡབས་ཡོད། ཨ་རིའི་དམག་གི་ཁ་ལོ་བ་རའོ་ཁི་ཞི་ཨར་སྟབས་ལེགས་ནས་སྲོག་ཉེན་ལས་ཐར། ཅང་མ་འགོར་བར་གནམ་གྲུའི་ཆག་རོ་དག་འབྲེལ་ཡོད་ལས་ཁུངས་ཀྱིས་བདག་ཉར་བྱས་ཀྱང་རྗེས་ཤུལ་དེ་གར་ལུས་པ་དང་། ས་དེ་གའི་མིས་ཤིང་བྱང་ཞིག་བསླངས་ཤིང་གནམ་གྲུའི་གཤོག་པའི་དུམ་ཆག་ཅིག་དེའི་མགོ་ལ་བསྐོན་ཏེ་ལོ་རབས་དྲུག་ཅུ་པའི་སྐབས་ལ་ཐོན་རྗེས་སུས་ཁྱེར་ཏེ་ཉར་ཚགས་བྱས་པ་མི་ཤེས་པར་གྱུར།
བོད་མིས་སྐབས་དེར་གནམ་གྲུ་ཟེར་བ་ཐེངས་དང་པོར་མཐོང་བ་ཡིན།
ཟླ་བཟང་ཐང་ཆེན་གྱི་གནམ་ས་འདྲེས་མཚམས་སུ་མངོན་བྱུང་། བུད་མེད་དང་བྱིས་པ་ཚོས་སྦྲ་གུར་གྱི་མདུན་དུ་ལག་པ་ཐོད་ལ་ཀེར་ནས་མདུན་ཕྱོགས་སུ་བལྟས་འདུག ཁོས་ཕྲག་ཏུ་རང་དང་ཕལ་ཆེར་གཏོས་མཉམ་པའི་རྔོན་ཤ་ལྗིད་མོ་ཞིག་བསྣམས་འདུག་ལ། རྒྱབ་ཀྱི་མདའ་སྦུག་གི་ངོས་ནས་འོད་མདངས་ཀྱུག་ཀྱུག་ཏུ་མཆེད་ཅིང་མཆི།
“ཨ་ཙི། འདི་འདྲའི་ཤྭ་བ་ཆེན་པོ་ཞིག”བུ་ཆེ་བ་བཀྲ་ཤིས་ཟླ་བས་ཁ་གྲགས་བྱུང་།
“མ་རེད། འབྲོང་ཞིག་རེད”བུ་འབྲིང་བ་བཀྲ་ཤིས་ཉི་མས་དེ་ལྟར་བཤད།
“བརྐུས་ཡོང་བ་ཡིན་ནམ”བུ་ཆུང་བས་ཀྱང་ཁ་གྲགས་བྱུང་།
“མྱུར་དུ་སྔོན་མི་བསུ་བར་འཆལ་གཏམ་དེ་དག་བཤད་ནས་ཅི་ཕན”ཨ་མས་སྡིགས་སྐད་ཅིག་བཏོན་པ་ན། བུ་གཉིས་འགྲན་འཛུགས་པ་ལྟར་སྔ་རྗེས་བརྩད་དེ་ཕར་རྒྱུགས་སོང་ལ། བཀྲ་ཤིས་ཉི་མ་སྔར་གྱི་ཁ་མལ་དུ་འགྲེང་སྟེ་ཁ་རོག་གེར་བལྟས་ནས་འདུག
ཟླ་བཟང་གིས་ཁུར་ཡོང་བ་ནི་ཁྲག་གིས་བརྫིས་པའི་མི་ཞིག་རེད། ཕལ་ཆེར་ཤི་འདུག་པ་འདྲ་སྟེ། དབུགས་རྟ་རྔ་ཙམ་པོ་དེ་ཡང་རྒྱུ་བ་ཆད་ཟིན། བེམ་པོའི་ལུས་ནས་ཐོན་པའི་ཟུངས་ཁྲག་གིས་ཟླ་བཟང་གི་རྒྱབ་ངོས་ཧྲིལ་བོ་བརླན་ཤིག་ཤིག་ཏུ་བཏང་བྱུང་། “ཨེ། སྔར་ནས་གསོན་མི་ཐུབ་པ་ཤེས་རྒྱུ་ན། ངས་འདི་ལྟའི་ཤེད་བཀོལ་ཏེ་རི་རྟིང་ནས་འདིར་ཁུར་ཡོང་དོན་ཅི་ཡོད། ང་རང་རྟོགས་ལྡན་པ་མ་རེད་ཨང”ཟླ་བཟང་གིས་བློ་ཕམ་ཡིད་ཆད་ཀྱི་ངང་ནས་བེམ་པོ་དེ་སྦྲ་གུར་འགྲམ་དུ་དཡུགས་ཤིང་། སྤང་ཐོག་ཏུ་བསྡད་དེ་དབུགས་རིང་ནར་ནར་འབྱིན། ད་ནི་ཁོ་རང་ཕོ་ལོ་ལྔ་བཅུ་ལྷག་ལ་སོན་ཞིང་བགྲེས་ཉམས་ཐོན་ནས་འདུག མ་གཞིར། རི་འདབས་སུ་ཁོ་རང་བྲག་རྡོ་ཞིག་གི་ཕག་ཏུ་ཡིབ་ནས་མིག་གིས་ཛ་དྲག་ལྡན་པའི་ཇག་པའི་འཕྲོག་བཅོམ་གྱི་འཐབ་འཛིང་ཞིག་དངོས་སུ་མཐོང་བ་སྟེ། ཇག་ཚོགས་ཤིག་གིས་བྲག་སྲུབས་སུ་ཡིབ་ནས་གྲོག་རོང་ཁྲོད་ཀྱི་དོས་པ་སྐོར་ཞིག་ལ་མེ་མདས་བསྟུད་མར་བརྒྱབ། ཁོ་ཚོས་མདའ་ཁ་གཟུ་ཞིང་གནད་པས་རུ་སྐོར་སྔ་མའི་མེ་མདའི་ཁག་གིས་གོམ་པ་བརྒྱ་ལྷག་གི་མཚམས་ཀྱི་དོས་པ་གསུམ་ལ་ཕོག ལྷག་མའི་དོས་པ་ཞིག་གིས་ཁ་ཤུ་ཞིག་བརྒྱབ་པ་ན། སྦྱོང་བརྡར་ཐོབ་པའི་ཁལ་རྟ་དག་ནི་མྱུར་དུ་ཨ་ལོང་དབྱིབས་སུ་བསྒྲིགས་ཏེ་ས་ལ་ཉལ། དེ་ཚོས་རྒྱབ་ཏུ་རྒྱ་གར་ནས་བསྐྱལ་ཡོང་བའི་བལ་རིགས་སྣ་ཚོགས་དང་ཆུ་ཚོད་འཁོར་ལོ། དངུལ་སྒོར་དང་གཞན་པའི་ཚོང་ཟོག་ལྗིད་མོ་དག་ཁུར་ཡོད། དོས་པ་ཚོས་ཁལ་རྟ་དག་རང་ལུས་སྐྱོབ་བྱེད་དུ་སྤྱད་ནས་མེ་མདའ་བཏོན་ཏེ་ཡ་ལན་བསློགས། ཇག་པས་ཁལ་རྟར་མི་དམིགས་པར་མི་ལ་གཟས་ནས་བརྒྱབ་ཅིང་ཡུད་ཙམ་ལ་འཐབ་པའི་རྗེས་སུ་ཇག་པ་རྣམས་འུར་ཟང་ཟིང་གིས་རྟར་བཅིབས་ཏེ་ཀི་བསྭོ་བསྭོའི་ང་རོ་སྒྲོག་ཅིང་ལག་པས་ཤང་ལང་འཕྱར་བཞིན་རི་འདབས་སུ་རྒྱུགས། དོས་པ་ཚོས་འགོག་རྒོལ་མ་ཐུབ་པར་ཁལ་རྟ་བསྐྱུར་ཏེ་འབྲོ་མགོ་རྩོམ་སྐབས། ཇག་པ་ཚོ་མཆོངས་ཡོང་སྟེ་ཁོ་ཚོ་ཡོངས་སུ་བསྐོར་ནས་གྲི་འཛིང་བྱས། སྟག་ཤར་ཞིག་གིས་གྲི་ཡིས་ཇག་པ་འགའ་ས་ལ་བསྒྱེལ་རྗེས་རྟའི་རྨིག་པས་ཐང་དུ་བརྫིས་པའི་རང་གི་ཨ་ཕ་སྐྱོབ་ཏུ་འགྲོ་རྩིས་བྱས་མོད། འོན་ཀྱང་ཁོའི་ལུས་ལ་མདེའུ་འགའ་ཕོག་པས་མཇུག་མཐར་ཨག་སྐད་ཅིག་བཏོན་ཏེ་ཨ་ཕའི་བེམ་པོའི་སྟེང་དུ་འགྱེལ་དགོས་སོང་། ཇག་པ་ཚོས་རང་མིའི་བེམ་པོ་དག་རྟ་ཐོག་ཏུ་བཀྱིགས་ཏེ་ཁལ་རྟ་ཁྱུ་ཞིག་དེད་དེ་བྱ་འཕུར་བ་ལྟར་གྲོག་རོང་ལས་བུད་པ་ན། ཕྱི་རྗེས་སུ་རྡུལ་འཚུབ་ལང་ལོང་ཞིག་འཁྲིགས་ཡོང་བ་དང་། རྟའི་རྨིག་པས་རྡོ་ངོས་སུ་བརྡུངས་པའི་སྒྲ་ནི་ཡུན་རིང་ལ་གྲོག་རོང་ཁྲོད་དུ་བྲག་ཅར་འཁོར་ཞིང་མཆི། ཡོད་ཚད་སྔར་ལྟར་འཇགས་ཏེ་དབེན་ཐིང་ཐིང་དུ་གྱུར་པའི་སྐབས་དེར། ཟླ་བཟང་ད་གཟོད་བྲག་རྡོའི་ཕག་ནས་ལྡིང་ཡོང་སྟེ་བལྟས་པར། དོས་པ་བཅུ་ལྷག་གྲིས་གཏུབས་ཏེ་བསད་པ་ནི་མདེའུ་ཕོག་སྟེ་ཤི་བ་ལས་ཀྱང་ལྟར་མི་བཟོད་པ་ཞིག་ཏུ་འདུག ཁོས་མཇུག་མཐར་ས་ལ་འགྱེལ་པའི་སྟག་ཤར་དེའི་རྐང་བ་ད་དུང་འདའ་ར་ར་བྱེད་པ་མཐོང་ནས་ལུས་པོ་སྒུར་སྒུར་གྱིས་ཁོ་རང་ཕྲག་ཏུ་ཁུར། དགོང་མོ་དེར། སྟག་ཤར་དེ་ཚེ་ཡི་བར་ཆད་ལས་ཐར་ཏེ་དབུགས་རྒྱས་ནས་ཡོང་། བུ་གསུམ་པོས་ཁོའི་ལུས་སྟེང་ནས་ཅི་ཞིག་སྔོག་འདོད་པར། ཉི་ཧོང་གིས་བཟོས་པའི་ཤིང་ཤུབས་དཀྲུམ་མདའ་ཁ་ཉི་ཤུ་གྲགས་པ་ཅན་ཞིག་དང་། བུད་མེད་ཀྱིས་འདོགས་པའི་གསེར་གྱི་སྐེ་རྒྱན་འགའ་ལས་གཞན་ད་དུང་རིན་ཐང་ཆེ་ཞིང་ངོས་ན་རྒྱལ་པོ་ཨའེ་ཏི་ཧྭའི་མགོ་བརྙན་ཅན་གྱི་རྒྱ་གར་གྱི་ལུའུ་པེས་སྒོར་མོ་བརྩེགས་མ་ཞིག་ཀྱང་འདུག འདི་དག་ནི་སྦྲུལ་ལྷ་རི་རྩེ་སྟེང་གི་མི་རྣམས་ལ་མཚོན་ན་བཀོལ་ས་ཆེན་པོ་མི་གདའ། བུ་ཐ་ཆུང་ནི་དཀྲུམ་མདའ་དེ་ལ་མོས་པ་ཆེན་པོ་འདུག་པས་ལག་ཏུ་བླངས་ཏེ་མྱངས་མྱངས་བྱས་པར་ལྗིད་རྫོབ་ཆེན་པོ་འདུག་ཅིང་། ཁོས་དཀྲུམ་མདར་ལག་རྩེད་བྱེད་དུས་མདའ་ཁ་ཤོར་ཏེ་མདེའུ་ཞིག་བཀྲ་ཤིས་ཟླ་བའི་མཆན་འོག་ནས་ཡེར་བ་དང་། སྦྲ་གུར་དུ་ཙོག་ནས་ཇ་འཐུང་བཞིན་པའི་ཟླ་བཟང་གི་སྣ་རྩེ་ལ་གཙུབས་པར་མ་ཟད། སྦྲ་གུར་བརྟོལ་ནས་མཇུག་མཐར་ཆུ་ཁར་རྩྭ་བཟའ་བཞིན་པའི་ལུག་ཅིག་གི་མགོ་ལ་ཕོག་པ་དང་། ལུག་དེ་ཅལ་སྒྲ་དང་བཅས་ས་ལ་བསྒྱེལ་ཞིང་ཟུངས་ཁྲག་ཁོལ་མ་ཆུ་བོའི་ནང་དུ་བཞུར། ཟླ་གསུམ་འགོར་རྗེས། མི་དེའི་རྨས་དྲག་པར་གྱུར་ལ་ལུས་སྟེང་དུ་གྲི་ཤུལ་ཉི་ཤུ་རྩ་བདུན་ཙམ་ཡོད་ཅིང་། བརླ་ངོས་སུ་མདེའུ་ཡི་རྨ་ཤུལ་འདུག་པར་མ་ཟད། མགོ་ན་ཡང་གྲི་ཤུལ་རིང་བོ་གསུམ་བཏོད་འདུག་ཅིང་། དེ་ལས་གཅིག་ནི་དཔྲལ་བ་ནས་མ་ནེའི་བར་དུ་གསེག་ནས་ཐོན་པ་དང་། དེས་ཁོའི་ངོ་གདོང་ཧྲིལ་བོའི་རྣམ་པ་ཡང་རྩ་བ་ནས་བསྒྱུར་འདུག་པ་སྟེ། མེ་ལོང་ཆག་དུམ་གཉིས་བསྒྲིགས་ཏེ་འཆར་དུ་བཅུག་པའི་གཟུགས་བརྙན་དང་ཀུན་ནས་མཚུངས། ཁོ་ནི་ཁམས་པ་ཞིག་སྟེ། ལྷ་སའི་ཁྲོམ་ན་མིང་དུ་གྲགས་པའི་ཚོང་བདག་ཆེན་པོ་སྤོམ་མདའ་ཡར་འཕེལ་གྱི་དྲེལ་པའི་གྲས་རེད། ཁོ་འགྲོ་ཁར་ཤིང་ཤུབས་མེ་མདའ་དེ་མ་གཏོགས་གཞན་པའི་དངོས་པོ་ཐམས་ཅད་བསྐྱུར་ནས་ཕྱིར་མ་བླངས། དེ་ནས་བཟུང་ཁོ་རི་ལ་ཞུགས་ནས་ཇག་ལས་བྱས་ཏེ་ཨ་ཕའི་རོ་སྐྱིན་ལེན་དགོས་བྱུང་། ཁོས་ཟླ་བཟང་གིས་རང་གི་སྲོག་བསྐྱབས་པ་དང་བུད་མེད་དེས་རང་ལ་བདག་སྐྱོང་ལེགས་པོ་བྱས་པར་བཀའ་དྲིན་ཞུ་ཆེད་ཉིན་ཉི་ཤུའི་ནང་དུ་ཅིས་ཀྱང་དངུལ་སྒོར་ཀོ་ཁུག་གང་ཁྱེར་ཡོང་རྒྱུ་ཁས་བླངས་པ་དང་། དངུལ་སྒོར་དེའི་མ་རྩས་ཕྱིས་སུ་ལྷ་ས་གྲོང་ཁྱེར་དུ་མཛེས་སྤྲོས་ཆེ་བའི་སྤྲོ་ཁང་ཞིག་ཁུགས་རྩིས་བྱས་པར་མ་ཟད། ད་དུང་གོ་ས་མི་དམན་པའི་དཔོན་གནས་ཤིག་ཉོ་ཐུབ་པ་དང་། རང་ཁྱིམ་གང་བོ་རྗེས་སུ་འབྱོར་ཕྱུག་ཅན་དུ་འགྱུར་ཐུབ་པར་ཁག་ཐེག་བྱས།
“ཁྱོད་ཀྱིས་དེ་ལྟར་སེམས་ཁྲལ་བྱེད་མི་དགོས། ང་ཚོ་གནས་འདི་དང་འབྲལ་མི་སྲིད། དེ་བས་དངུལ་སྒོར་ནི་ང་ཚོར་མཚོན་ན་ཕྱུགས་ཟོག་གི་དགུན་རྩྭ་ལས་གལ་ཆེན་དུ་མ་མཐོང”ཟླ་བཟང་གིས་མགོ་བོ་གཡུག་གཡུག་ཅིག་བྱས།
“དྲིན་ཆེན་ལགས། ནམ་མཁའི་སྐར་མ་མི་ལོན་པ་མ་གཏོགས་ཁྱོད་ཀྱིས་རེ་བ་ཤོད་དང་ངས་མི་ནུས་པ་གཅིག་ཀྱང་མེད”མི་དེའི་ངོ་གདོང་འགྱུར་མ་དེ་ནི་འཇིགས་སུ་རུང་བ་ཞིག་ཏུ་འདུག
“ད་ནི་བུ་རྣམས་ནར་སོན་འདུག་པ་ཁྱོད་ཀྱིས་མཐོང་བ་འདི་རེད། ཁོ་ཚོས……དུས་རྒྱུན་ཅི་ཡིན་འདི་ཡིན་མེད་པར་སྨྱོས་པ་ལྟར་ཕན་ཚུན་ལ་འཛིང་རེས་བྱས་ཏེ་ཁ་ཆག་སྣ་རལ་དུ་གཏོང་བཞིན་འདུག ཁོ་ཚོ……ལུས་ཤུགས་རབ་ཏུ་རྒྱས་པ་ནི་ཆགས་པས་གཟིར་བའི་གླང་སྨྱོན་དང་འདྲ”ཟླ་བཟང་གིས་དེ་ལྟར་བཤད་ཅིང་མིག་ཟུང་བཙུམས་སོང་། ཕ་གིའི་རྩྭ་རའི་ནང་དུ། གཟུགས་གཞི་དར་ལ་བབ་ཅིང་ཤ་སྐྱི་ནག་པ། ཤ་དར་ཁྲག་དར་གྱི་བུ་གསུམ་པོས་ཏག་ཏག་སྣུམ་ཞིང་ཟླུམ་པའི་རྡོ་རིལ་ཆེན་པོ་ཞིག་འདེགས་རེས་ཀྱིས་ཤེད་ཤུགས་འགྲན་བཞིན་མཆི།
ཉིན་གསུམ་གྱི་རྗེས་སུ། མི་དེ་སླར་ཡང་ཐོན་བྱུང་། ཁོས་གཞུག་ལ་རྟ་ཞིག་ཁྲིད་པ་དང་རྟ་རྒྱབ་ལ་གཞོན་ནུ་མ་ཞིག་ཞོན་འདུག་ཅིང་། གཞོགས་གཉིས་སུ་ཚྭ་ཁུ་སྒྲོ་བ་ཆེན་པོ་གཉིས་དང་རས་གོས་སོགས་རྒྱུན་སྤྱོད་དངོས་པོ་འགའ་བཀལ་ཡོད། བྱིས་པ་ཚོས་ཆུ་འགྲམ་ན་ཕྱུགས་ཟོག་འཚོ་ཞིང་རྒྱང་རིང་ནས་མི་དེ་ལ་ཅེར་ནས་གདའ། བུ་མོ་དེ་ཁོ་ཚོར་མཚོན་ན་དོན་སྙིང་ཅི་འདྲ་ཞིག་བདོག་པ་ཁོ་ཚོས་གསལ་བོར་རྟོགས་ཡོད་མོད། འོན་ཀྱང་མི་གཅིག་ཀྱང་ཕར་རྒྱུག་མཁན་མ་བྱུང་ལ། ས་རུབ་པའི་རྗེས་སུ་ཨ་མས་ཡུན་རིང་ལ་བྲེལ་སྟབས་ཀྱིས་བོས་པས་ད་གཟོད་ག་ལེར་སྦྲ་གུར་དུ་ལོག ན་གཞོན་ཁམས་པ་དེ་ཟླ་བཟང་གི་མདུན་དུ་སོང་ནས་མཐུར་མདའ་ཁོ་ལ་སྤྲད་དེ“འདི་ལེན་རོགས་གནོངས་དང་། དཀོན་མཆོག་གསུམ་པོས་ཁྱོད་ཚོར་སྐྱོབ་ཅིང་བདེ་སྐྱིད་གནང་བར་སྨོན”ཟེར་བཞིན་ཇ་དཀར་ཡོལ་གང་ཡང་མི་འཐུང་བར་བུ་མོ་དང་རྟ་གཉིས་བསྐྱུར་ཏེ་ཀླུང་ཐང་གི་འགྲམ་རྒྱུད་ཅིག་ཏུ་བསྡད་བྱུང་།
“ཚེ་རིང་རྒྱལ་མོ་ལགས། འདི་ནི་སྐྱེ་བ་སྔོན་གྱི་ལས་འཕྲོ་ཡིན་ནམ”ཟླ་བཟང་གིས་མིག་མདུན་གྱི་གཞོན་ནུ་མར་ལྟ་བཞིན་མགོ་འཐོམས་ཤིང་མིག་འཕྲུལ་བྱུང་སྟེ། རང་དབང་མེད་པར་མཆི་མ་བཞུར་བཞིན“ལོ་དུ་མའི་སྔོན་ལ་ཁྱོད་ཀྱིས་གནག་སྣུམ་གྱི་གྲེས་མ་ལྟ་བུའི་སྐྲ་ལོ་རིང་བོ་ཡོངས་སུ་བཞར་བ་ཡིན་ན། དེ་རིང་ཅིའི་ཕྱིར་ཟླ་བཟང་ང་ལ་ཁྱོད་ཀྱི་ནམ་ཡང་རྒས་རྒྱུ་མེད་པའི་ལྷ་མོ་ལྟ་བུའི་མཛེས་སྡུག་གི་བཞིན་རས་འདི་མཐོང་དུ་བཅུག་པ་ཡིན་ནམ། ཅིའི་ཕྱིར་ང་ལ་རྨི་ལམ་ལྟ་བུའི་འདས་དོན་གྱི་དྲན་པ་དག་སོས་པར་བྱས་པ་ཡིན་ནམ”
གཞོན་ནུ་མ་དེས་རྟའི་རྔོག་མ་ལ་རེག་ཞོར་ཉེ་འཁོར་གྱི་སྐྱེས་པ་ཚོ་ལ་ལྟ་བཞིན་དོ་ནུབ་རང་ཉིད་སུ་ཞིག་ལ་གཏོགས་པ་མ་ཤེས་པར་གདའ། མོས་དཀའ་དཀའི་ངང“ཁྱོད་ཀྱིས་བློ་ཐབས་ལ་བརྟེན་ནས་ངའི་མིང་ཤེས་པར་བཀའ་དྲིན་ཆེ་ཞུ། ཡིན་ན་ཡང་། ང་ཚེ་རིང་རྒྱལ་མོའི་མགོ་སྐྲ་རྩ་བ་ནས་བཞར་མ་མྱོང་། ཉིན་མོ་དང་མཚན་མོའི་རྨི་ལམ་དུའང་བདག་པོ་ཁྱོད་རང་མཐོང་མ་མྱོང”ཟེར།
ཟླ་བཟང་གློ་བུར་དུ་གཉིད་ལས་སད་པ་ལྟར་གྱུར་ཏེ་ངོ་གདོང་འབྱུང་འགྱུར་རང་གི་མནའ་མ་བྱེད་པའི་ཚེ་རིང་རྒྱལ་མོ་ལ་གཏད་དེ་ཧ་ཅང་འུ་ཐུག་པའི་ཚུལ་གྱིས“བུ་མོ་ལགས། ཁྱོད་ཀྱིས་སྣང་དོགས་མ་བྱེད། ད་ཅི་ངས……”
“ཨ་ཙི་ཙི”བྱིས་པ་ཚོའི་ཨ་མ་ད་ཅི་གང་ལ་སོང་བ་ཡང་མི་ཤེས་མོད། ད་ནི་རླུང་ནག་འཚུབ་མ་ཞིག་དང་འདྲ་བར་གཞོན་ནུ་མ་དེའི་མདུན་དུ་ཐོན་ཏེ“ཁྱོད་ཀྱིས་འོ་མ་བཞོ་ཤེས་སམ”ཟེར།
“ལོས་ཤེས”
“མར་དཀྲོག་རྒྱུ་དང་གོས་བཟོ་བ། ཟས་གཡོ་སྐོལ་སོགས་བསྒྲུབ་ཨེ་ནུས”
གཞོན་ནུ་མས་མགོ་བོ་ལྡེམ་ལྡེམ་བྱས།
“ཆོས་དཔེ་ཀློག་ཨེ་ཤེས”
“ངས……ཡི་གེ་མི་ཤེས”
“སྐྱོན་མེད”བུད་མེད་དེས་མཛའ་བརྩེའི་ངང་མོའི་ཕྲག་པ་ནས་ཚུར་འཐེན་ཏེ“སྐྱོན་མི་འདུག བྱིས་པ་བཙའ་རྒྱུ་ནུས་ན་ཆེས་གལ་ཆེ་བ་ནི་དེ་ཡིན”ཟེར།
ཚེ་རིང་རྒྱལ་མོ་དགོང་མོ་དེར་ཟླ་བཟང་ཚང་གི་བུ་གསུམ་པོའི་སྦྲ་གུར་དུ་ཉལ་ཏེ་ཁོ་གསུམ་པོའི་ཆུང་མར་གྱུར།
དེ་ནས་བཟུང་། ཟླ་བཟང་བལྟས་བལྟས་རིག་རིག་ལ་ཆེས་ཆེར་རྒས་ཟིན་པ་དང་འདྲ་སྟེ། གདོང་སྐྱི་གཉེར་མས་ཁེབས་ཤིང་མིག་དབང་ཉམས་ནས་འོད་མདངས་མེད་པར་གྱུར་ལ། ལྷག་ཏུ་ཉིན་མོ་རྣམ་རིག་ཤོར་ཏེ་ནམ་རྒྱུན་སྒོ་ཁྱི་དང་སྦྲ་འགྲམ་གྱི་ཆོན་ཐག ད་དུང་ལྕི་བ་སོགས་ལ་བལྟས་ནས་ཁེར་ལབ་རྒྱག་གིན་འདུག ནངས་ཇ་འཐུང་སྐབས། ཚེ་རིང་རྒྱལ་མོས་ཁོ་ལ་གུས་ཉམས་ཀྱིས་གསོལ་ཇ་དྲངས་པར། ཁོས་ལག་པ་འདར་ར་ར་དཀར་ཡོལ་འཛིན་མ་ཐུབ་པར་ས་ལ་ལྷུང་སོང་། ཁོས་ད་དུང་རྩྭ་རའི་ནང་དུ་སྐོར་ལྟ་བྱེད་སྐབས་དུས་རྒྱུན་གྱི་སྣང་བ་ཞིག་ལ་ཅི་ཞིག་གིས་རང་ཉིད་ས་ལ་བསྒྱེལ་བ་ལྟར་བྱེད་མོད། ཡར་ལངས་ཏེ་གཞུག་ལ་བལྟས་ཚེ་མཐོང་ལམ་དུ་ཅི་ཡང་མི་སྣང་བར་འདུག ཚེ་རིང་རྒྱལ་མོས་ཕུ་དུང་བརྫེས་ཏེ་བཞོ་ཟེའུ་བཟུང་ཞིང་འོ་མ་བཞོས་ཏེ་ཁོའི་ལོགས་སུ་བརྒྱུད་སྐབས། ཁོས་ནམ་ཡང་སྒོར་ཁང་གི་ཡི་ག་འཆུས་ཤིང་སྐྱུར་ལངས་པའི་དྲི་མ་ཞིག་ཚོར་གྱིན་འདུག
“གནའ་ཤི་བོ”ཁོ་རང་ཁོང་ཁྲོ་ཆེན་པོ་ལངས་ཏེ་ཁེར་བཤད་བརྒྱབ་བྱུང་།
ཉིན་ཞིག་ལ། ཚེ་རིང་རྒྱལ་མོས་ཉིན་གང་གི་ལྷོད་འཇགས་ཀྱི་འཚོ་བའི་ཁྲོད་ནས་བྲེལ་འཚུབ་ཀྱི་ལས་ཀའི་མགོ་བརྩམས་བྱུང་། མོས་བེད་མེད་ངང་ཡུན་རིང་བསྐྱུར་ཏེ་བརྡིབས་ནས་ལྷག་རོར་ལུས་པའི་ཁང་བ་གྱན་བཞི་ལྔ་བོའི་དོ་ཆས་རྣམས་རེ་རེ་བཞིན་བསྒྲུགས་ཏེ། གྲ་དག་གིས་སྤང་ཐོག་ཏུ་བརྩིགས་པ་དང་། རུལ་ཆག་ཐེབས་པའི་ཀ་གདུང་དང་སྒོ་རུ་མཐའ་དག་ཀྱང་བཤིག་ནས་ལོགས་ཤིག་ཏུ་སྤུངས། དེ་ལྟར་ཏག་ཏག་ལོ་གཅིག་ལྷག་ལ་ལས་མཚམས་མ་བཞག་པས་ད་གཟོད་ཁང་རལ་དེ་དག་གཙང་མར་བཤིག་ཚར་ཞིང་། རང་ཉིད་སྡོད་པའི་རྡོ་ཁང་གྱན་གཅིག་པུ་ཁོ་ན་ལས་བསྐྱུར་མ་བྱུང་། ཕྱིས་ཀྱི་ལོ་ཟླ་རིང་མོའི་ནང་དུ་སྒོར་ཁང་གི་མི་རྣམས་ཀྱིས་མོའི་གདོང་གི་དཀར་ནག་ལ་མི་ལྟ་བར་རྒྱུན་དུ་འདི་གར་ཡོང་ངེས་ཡིན་པ་མོས་སྔར་ནས་གསལ་བོར་རྟོགས་ཡོད། འོན་ཀྱང་། མོས་དེ་ཚོར་སྒོར་ཁང་གི་ཉམས་རྒུད་ཀྱི་སྣང་ཚུལ་འདི་དག་མཐོང་དུ་འཇུག་མི་འདོད།
མོས་རང་ཉིད་ཀྱིས་ལོ་མང་པོར་ལུས་པོ་བཀྲུས་མ་མྱོང་བ་དེ་དྲན་བྱུང་། དེ་ནས་གོས་གཙང་མར་ཕུད་དེ་རྐང་འཁུམས་ལག་འཁུམས་ཀྱིས་འཁྱག་སིབ་སིབ་ཀྱི་ཆུ་ནང་དུ་འཛུལ་བར་བརྩམས། ད་ནི་མོས་ཆུང་དུས་ལྟར་སྤྲོ་སྐྱིད་ཀྱི་འབོད་སྒྲ་སྒྲོག་མི་སྲིད་ལ། ངར་སྣང་དང་མོས་པ་སྤུ་ཙམ་མེད་པའི་ཚོར་བའི་འོག་ཏུ་རང་གི་ལྡེམ་ཤུགས་ཡུན་གྱིས་ལྷོད་པའི་ཤ་སྐྱི་དང་ཐུར་དུ་འཕྱང་བའི་ནུ་མར་རེག་རེག་བྱེད་བཞིན་ལུས་པོ་སྤྱི་བོའི་ཕྱེད་ཙམ་ལས་མི་མཐོང་བའི་བར་ཆུ་ལ་ཞུགས་པ་དང་། དྭངས་ཤིང་གསལ་བའི་ཆུ་ཞབས་སུ་མོའི་ལུས་པོ་ནི་བཟོ་ལྟ་ཡ་མ་བརླ་ཡི་གཟུགས་སུ་ཤར་འདུག སྐབས་དེར། མོས་རི་འདབས་སུ་རླུང་ནག་འཚུབ་མ་གཡུག་སྟེ་སྨུག་པ་ལྟ་བུའི་རྡུལ་འཚུབ་ལྡང་ཞིང་། བྱེ་ཁུལ་དེ་གར་རུ་བ་ནག་འཚུབ་བེ་བ་ཞིག་ཚུར་ཡོང་གིན་ཡོད་པ་མཐོང་། རླུང་ནི་ཁ་ཕྱོགས་བསྒྱུར་ཏེ་རི་སུལ་བརྒྱུད་ཅིང་ཟིར་སྒྲ་དང་བཅས་བྲག་ངོས་ལ་གླན་ནས་གཡུག་འོངས་ལ། གྲོག་རོང་ནང་དུ་བྲག་ཅ་འཁྱུག་ཅིང་སྐྱིལ་བར་བྱེད། ཚེ་རིང་རྒྱལ་མོས་ཆུ་ནང་དུ་ཡིབ་ནས་སྣང་ཚུལ་ཁྱད་དུ་མཚར་བ་དེ་དག་ལ་བལྟས་པར། དེ་མུར་མདོག་དམར་པོ་ཅན་གྱི་རས་ལེབ་ཅིག་བར་སྣང་ནས་སྒོར་ཁང་གི་ཕྱོགས་སུ་འཕུར་ཡོང་བ་མཐོང་། མོས་སྤྲོ་ངར་གྱིས་མ་གནོན་པར་དེ་ནི་ལྷ་ཡིས་གནང་བའི་ཞལ་གདམས་ཤིག་ཡིན་པར་ཁོ་ཐག་བཅད་པ་དང་། རས་ལེབ་དམར་པོ་དེ་མོའི་སྤྱི་གཙུག་ཏུ་སྐྱོད་སྐབས་ད་གཟོད་ཆུ་ལས་མྱུར་དུ་ལྡང་སྟེ་ལག་པ་བསྲིངས་ཏེ་སྤར་འཛིན་བྱས། རས་ལེབ་དེ་ནི་ཚེ་རིང་རྒྱལ་མོའི་སྡོད་ཁང་གི་གྱན་ཕྱེད་ཀའི་ཆེ་ཆུང་ཙམ་འདུག་ཅིང་། དབྱིབས་ནི་གྲུ་བཞི་ནར་མོའི་རྣམ་པར་གནས་ལ། འབུར་ངོས་སུ་གསེར་མདོག་གི་བརྡ་རྟགས་འགའ་བྲིས་འདུག མོས་ཇི་ལྟར་བྱས་ཀྱང་བརྡ་རྟགས་དེ་ངོས་མི་ཟིན་པས་ཡུད་ཙམ་དུ་ཧད་པར་གྱུར་ལ། དེ་མུར་རས་དམར་དེ་མོའི་ལག་ནས་འཕུར་ཏེ་སྒོར་ཁང་གི་དབྱིངས་རིམ་མཐོན་པོ་ཞིག་ནས་དཀྲི་ལོག་འགའ་བརྒྱབ་རྗེས་སླར་ཡང་འཚུབ་མ་ཞིག་གི་ཀློང་དུ་དཀྲིས་ནས་རི་འདབས་སུ་བཏེགས་སོང་།
དེ་ནི་དར་དམར་པོ་ཞིག་སྟེ། སྟེང་དུ“བོད་དུ་སྐྱོད་པའི་དམག”ཅེས་པའི་རྒྱ་ཡིག་འགའ་གཙགས་འདུག
གཡག་མགོའི་ཆེ་ཆུང་ཙམ་གྱི་རྡོ་བ་དཀར་པོ་དེ་ལྐོག་ཏུ་སྣུར་བགྲོད་བྱེད་བཞིན་འདུག དེའི་འགྲོས་སྟངས་ནི་ཟླ་འོད་འོག་གི་གྲིབ་མ་ལས་ཀྱང་བུལ་བར་སྣང་སྟེ། གལ་ཏེ་ཡུན་རིང་དུ་དེའི་སྟེང་ལ་ཕུར་ཚུགས་ཀྱིས་ཅེར་ཏེ་བསྡད་ན་དེ་ནི་ཆེས་སྤྱིར་བཏང་གི་རྡོ་བ་དག་དང་འདྲ་བར་ལོ་མང་པོའི་རིང་དུ་དེ་གར་འཇམ་ཐིང་ངེར་འབྱར་ནས་འགུལ་རྒྱུ་མེད་པ་འདྲ། ཡིན་ན་ཡང་། མིག་ཞགས་ཡུལ་ཕྱོགས་གཞན་ལ་དཀྲིས་པའམ་ཡང་ན་རང་གིས་ལས་ཀ་ཙམ་ཞིག་བསྒྲུབས་ཚར་ཏེ་ཕྱིར་ལོག་ནས་བལྟས་ཚེ། རྡོ་བ་དེ་ནམ་ཞིག་གི་དུས་ལ་སླར་ཡང་ལྐོག་ལྐོག་སུད་སུད་ཀྱིས་མདུན་ཕྱོགས་སུ་ཨེན་ཙམ་ནུར་ནས་སོང་འདུག་པ་ཚོར་ཐུབ། ཟླ་བཟང་གིས་ཉིན་ཞིག་ལ་རྡོ་བ་དེ་གློ་བུར་དུ་མཐོང་བ་ཡིན། དེ་ཡང་ཁོ་རང་ནམ་གུང་ལ་སྦྲ་གུར་ལས་སྒོར་བུད་དེ་གཅིན་པ་གཏོང་དུ་འགྲོ་དུས་རྐང་བ་རྡོ་བར་ཐོགས་ནས་ས་ལ་འགྱེལ་བ་རེད། སྔར་ཡིན་ན་སྦྲ་གུར་གྱི་འགྲམ་ན་རྡོ་བ་དེ་མེད་པས། དང་ཐོག་ཁོའི་སེམས་ལ་ཚེ་རིང་རྒྱལ་མོས་ཕྱུགས་ཀྱི་རུས་པའི་རྐང་འདོན་བྱེད་དུ་ཁྱེར་ཡོང་བ་རེད་འདོད་མོད། འོན་ཀྱང་། ཕྱི་ཉིན་རྡོ་བ་དེ་སྔ་མལ་ནས་འགུལ་འདུག་པ་སྟེ། བྱིས་པ་ཚོ་སྡོད་པའི་སྦྲ་གུར་གྱི་ཕྱོགས་སུ་བསྣུར་ཡོད་པ་མཐོང་ནས་ཚིག་གཙིག་ཀྱང་མ་བཤད་པར་བསྡད།
ཚེ་རིང་རྒྱལ་མོ་ནི་བུད་མེད་མཛངས་མ་ཞིག་ཡིན། མོས་གང་ནུས་ཀྱིས་སྐྱེས་པ་གསུམ་པོའི་རེ་བ་སྐོང་ཐུབ་པར་མ་ཟད། ཁོ་ཚོ་ལ་བདག་སྐྱོང་བརྒྱབ་སྟེ་ཚང་མ་ཞི་དུལ་གྱི་རྣམ་པར་བཀོད་ཅིང་འགྲིག་འགྲིག་སྐྱིད་སྐྱིད་དང་རྩེད་ཞོར་དགོད་ཞོར་དུ་ཉི་མ་འཁྱོལ་ཐབས་བྱེད་ཀིན་ཡོད་པ་རེད། ནམ་གསལ་ལ་ཉེ་སྐབས། མོ་རང་ཆེས་སྔ་མོར་མལ་ལས་ལྡང་སྟེ་མེ་ཁ་བཟུང་ནས་ཇ་བསྐོལ་ཞིང་། ཇ་ཡི་ཁོལ་མགོ་རྫ་དེམ་སྒོར་མོའི་ནང་དུ་བླུགས་པ་དང་། ཐོག་མར་ལོ་ལོན་ཚོའི་སྦྲ་གུར་དུ་འཛུལ་ནས་དེ་ཚོར་དཀར་ཡོལ་གང་རེ་དྲངས་ཤིང་། དེ་ནས་རྫ་དེམ་བཟུང་སྟེ་སླར་རང་གི་སྦྲ་གུར་དུ་ལོག་ནས་ཁྱོ་ག་ཚོར་དྲངས་པར་མ་ཟད། རྩམ་པ་དང་གཞན་པའི་ཟ་མ་དག་ཅོག་ཙེ་དམའ་མོའི་སྟེང་བསྒྲིགས་རྗེས་རང་གིས་ད་དུང་བཞོ་ཟེའུ་ཁྱེར་ཏེ་ཕྱུགས་རའི་ནང་དུ་སོང་སྟེ་འོ་མ་བཞོས་ཤིང་། འོ་མའི་མཆོད་མགོ་སྐྱོགས་གང་ཐོག་མར་དགུང་ལ་གཏོར་ནས་སྨོན་ལམ་དྲག་པོ་བཏབ། བྱིས་པ་ཚོའི་ཨ་མས་ཀྱང་མལ་ལས་ལྡང་རྗེས། དཀྲུག་ཇ་སྐྱོགས་གང་ཁྱེར་ནས་སྦྲ་སྒོར་བུད་པ་དང་། ངོ་གདོང་ཀླུང་ཐང་གི་ཕྱོགས་སུ་འཁོར་ཏེ་བར་སྣང་ལ་གཏོར་ཅིང་། སྐད་ཆེན་པོས་སངས་རྒྱས་དང་ཡི་དམ་གྱི་ལྷ་དག་གི་མཚན་ནས་གསོལ་ཞིང་ཡུལ་ལྷ་གཞི་བདག་གི་མིང་ནས་བོས་ཏེ་སྐྱབས་འཇུག་དང་སྨོན་ལམ་ཞུས་ལ། སྐད་སྒྲ་དེ་ཤུགས་ཆེ་བས་ཡ་མཚན་དང་ལྡན་པའི་ངང་ཀླུང་ཐང་གི་མཐའ་སྣེའི་བར་དུ་བྲག་ཅ་འཁོར། བྱིས་པ་ཚོས་ཟ་མ་ཟོས་རྗེས། ཕྱུགས་ཟོག་གི་རྡང་ཐག་བཀྲོལ་ཞིང་ཁ་ཤུ་འདེབས་པ་དང་། འུར་ཆ་གཡུག་བཞིན་ཕྱུགས་ཟོག་རྣམས་གཙང་འགྲམ་གྱི་རྩྭ་རྩི་མོད་པའི་སྤང་ཐོག་ཏུ་དེད་དེ་གང་འདོད་དུ་འཁྱམ་དུ་བཅུག་ཅིང་། ཤུལ་གྱི་ལུ་གུ་དང་བེའུ་དག་སྦྲ་གུར་གྱི་འགྲམ་དུ་བཏགས། སྐབས་དེར། ཚེ་རིང་རྒྱལ་མོས་མདང་དགོང་གི་ནོར་གྱི་ལྕི་བ་དག་བརྫིས་ཏེ་སྒོར་མོ་སྒོར་མོ་བྱས་ཏེ་ཉི་མར་གཡེང་ལ། བསྐམས་ཟིན་པ་རྣམས་འབར་རྫས་སུ་ཉར།
ཚེ་རིང་རྒྱལ་མོ་བུ་འབྲིང་བ་བཀྲ་ཤིས་ཉི་མར་ལྷག་ཏུ་དུངས་བྱུང་། ཁོའི་ལུས་སྟོབས་ནི་སྤུན་མཆེད་གཞན་དག་ལས་དར་ལ་བབ་པ་ཞིག་མིན་ལ། འཇོན་ནུས་ཀྱང་མི་གཞན་ལས་འགོངས་པ་ཞིག་མིན། ཡིན་ན་ཡང་། ཁོ་ལ་གཞན་དང་མི་འདྲ་བའི་སྤྱང་གྲུང་དང་སྒམ་བརླིང་གི་མིག་འབྲས་ཟུང་གཅིག་ལྡན་པས། ཚེ་རིང་རྒྱལ་མོས་ནམ་ཡང་ཁོ་རང་ཁེར་རྐྱང་དུ་ཕྱུགས་རའི་ནང་དུ་འགྲེང་སྟེ་མིག་ཟུང་ཟུམ་ཟུམ་གྱིས་རྒྱང་རིང་ལ་ཧུར་རེར་ལྟ་བའི་མིག་མདངས་ལས་ཁོའི་ལྷོད་འཇགས་བྲལ་བའི་ན་ཆུང་གི་སེམས་པ་ཞིག་མུ་མེད་མཐའ་མེད་ཀྱི་ཀླུང་ཐང་ལས་བརྒལ་བ་དང་། སྦྲུལ་ལྷ་རི་བོའི་ཟོམ་ནས་འདས་ཏེ་ལྷག་ཏུ་རྒྱང་རིང་བའི་འཇིག་རྟེན་ཆ་མེད་ཅིག་ཏུ་འཕུར་གྱིན་པ་ཚོར་ཐུབ། མོ་རང་མཚན་མོ་ནམ་ཡང་གཅེར་བུར་བུད་པའི་ཁྱོ་བོའི་བྲང་གཞུང་ལ་རྣ་གཤོག་གླན་ནས་ཉལ་བར་དགའ་ཞིང་། ཁྱོ་གའི་སྲ་ཞིང་མཁྲེགས་ལ་ཡངས་ཤིང་ཆེ་བའི་བྲང་ངོས་ནི་བརྟན་ཞིང་འགྱེལ་བ་མེད་པའི་མཁར་གྱང་ཞིག་དང་མཚུངས་ཤིང་། དེས་མོ་ལ་རྟག་བརྟན་གྱི་ཁེན་ས་ཞིག་ཡོད་པའི་སྣང་བ་སྐྱེ་བར་བྱེད་པ་དང་། སྐྱེས་པའི་བྲང་ཁོག་ཏུ་འཕྱོ་བའི་སྙིང་གི་འཕར་ལྡིང་ལ་གསོན་ཤུགས་རབ་ཏུ་བརྟས་ཤིང་ཚེ་སྲོག་གི་རྒྱུན་ཆད་མེད་པའི་འདེགས་འཇོག་ཅིག་མོ་དང་འགྲོགས་ཏེ་རྨི་ལམ་གྱི་ཞིང་དུ་འཛུལ་བ་དང་ཀུན་ནས་མཚུངས། བཀྲ་ཤིས་ཉི་མའི་སྙིང་གི་འཕར་ལྡིང་ལ་རྔ་བོ་ཆེ་ལྟར་ཆོམ་སྒྲ་གྲགས་རྒྱུ་མེད་ན་ཡང་དེ་ལས་ལྷག་པའི་སྙན་ཆ་ལྡན་པའི་དབྱངས་འགྲོས་ཤིག་སྙིང་གཏམ་དང་སྐྱོ་ཤས། འཚོལ་སྙེག་དང་རེ་ལྟོས་བཅས་སུ་བསྡོངས་ནས་འདུག ཚེ་རིང་རྒྱལ་མོས་སྙིང་གི་འཕར་འགྲོས་དེའི་ཁྲོད་ནས་བཀྲ་ཤིས་ཉི་མ་ནི་མ་འོངས་པ་ན་མི་དོ་ཟླ་མེད་པ་ཞིག་ཏུ་འགྱུར་ངེས་པའི་ཚོར་བ་ཞིག་རྙེད། ཁོའི་རྣམ་ཤེས་ནི་རང་ཉིད་ཀྱི་ཕུགས་བསམ་དང་གསར་གཏོད་བྱེད་བཞིན་པའི་འཇིག་རྟེན་ཞིག་ཏུ་རང་དབང་གིས་ལྡིང་སྐོར་དང་འཕུར་མཆོང་བྱེད་བཞིན་འདུག ཁོའི་ཚེ་སྲོག་ནི་དབེན་གནས་མཐའ་མེད་ཀྱི་སྦྲུལ་ལྷ་རི་བོའི་རི་ཟོམ་དུ་འཚུབ་མ་ཁེར་རྐྱང་ཞིག་དང་འདྲ་བར་ཁ་རོག་གེར་འཁོར་སྐྱོད་བྱེད་མི་སྲིད་པ་དང་། མཐའ་མཇུག་ཀྱང་ཁུ་སིམ་མེར་མཐོང་མེད་དུ་འགྲོ་མི་སྲིད་པར། ནམ་ཞིག་གི་ཆར་ཁོ་རང་གླག་རྒོད་དང་འདྲ་བར་ནམ་འཕང་བསྟད་ནས་འཕུར་འགྲོ་ངེས་རེད།
རྡོ་བ་དཀར་པོ་དེ་ནུར་འགྲོས་ཀྱིས་བྱིས་པ་ཚོའི་སྦྲ་གུར་དང་གོམ་པ་ལྔ་དྲུག་ཙམ་ལས་མི་འདུག ཟླ་བཟང་གིས་ད་ནི་དུས་ལ་བབས་སོང་སྙམ་ནས་བཀྲ་ཤིས་ཉི་མར་ལུག་ཁྱུ་གཅིག་དང་ནོར་ནག་འགའ། ད་དུང་འབྲི་མར་སེར་པོ་ལྟང་འགའ་དང་། ཕྱུར་བ་ཕྲེང་བ་དུ་མ། ཀོ་བ་མཉེད་མ་བཅུ་ལྷག་བྱིན་ནས་རི་འདབས་ཀྱི་ཞིང་པར་ཚྭ་ཁུ་དང་ཇ། འབྲུ་རིགས། རས་གོས་དང་གཞན་འབྲོག་པའི་མཁོ་རྫས་དག་ལ་ཚོང་བརྗེ་རྒྱག་ཏུ་མངགས། བུ་གཞན་གཉིས་ཀྱང་རི་འདབས་སུ་སོང་ནས་མིག་རྒྱ་ཙམ་བསྐྱེད་པར་འདོད་འདུག་མོད། ཟླ་བཟང་གིས་གནང་བ་མ་བྱིན། དགུན་ཁ་ཐོན་ལ་ཉེ། ད་ནི་རུ་སྤོ་རན་འདུག་ཅིང་། ཐོག་མར་ཁྱིམ་གྱི་ར་ལུག་བཞི་བརྒྱ་ལྷག་དང་གནག་ཕྱུགས་བརྒྱད་ཅུ་བོ། ད་དུང་རྟ་ཕོ་བཅུ་ལྷག་བཅས་གངས་འདབས་ཀྱི་མཚེར་སར་འདེད་དགོས་ལ། དེ་གར་ཡང་རྩྭ་ཆུ་མི་མོད་པས་སླར་ཡང་གཙང་འགྲམ་དུ་སྤར་ནས་འགྲོ་དགོས། གཞན་ཡང་། ལས་ཀ་མང་པོ་ཞིག་ལས་རྒྱུ་ཡོད་དེ། སྐྱེས་པ་ཚོས་ཕྱི་རོལ་ཏུ་ཕྱུགས་འཚོ་བཞིན་སྐུད་པ་རྨེལ་བ་དང་མཚམས་མེད་པར་མར་ལོ་བྱུགས་པའི་པགས་པ་ཕུར་མཉེད་གཏོང་དགོས་པ་དང་། བགྲེས་པོ་དང་བུད་མེད་ཚོས་ཁྱིམ་དུ་ལུ་གུ་དང་བེའུ་འཚོ་སྐྱོང་བྱེད་བཞིན་བཀལ་ཟིན་པའི་ལུག་བལ་གྱིས་འདིང་སྟན་སྣ་ཚོགས་བཟོ་དགོས་ཤིང་། དེར་མ་ཟད། སྐྱེས་པ་ཤེད་ཆེན་ཚོས་ད་དུང་ནོར་ལུག་འགའ་བསྒྲལ་ནས་ཤ་རྣམས་བསིལ་སྐམ་བྱས་རྗེས་ཉར་ཚགས་བགྱིས་ཏེ་དགུན་ཚིགས་རིང་མོ་བརྒལ་བར་གྲ་སྒྲིག་བྱ་དགོས། ངོ་མ། སྟོན་ཀ་ནི་ཇི་འདྲའི་བྲེལ་འཚུབ་ཆེ་བའི་དུས་ཚིགས་ཤིག་རེད་ཨང་།
ཕ་མ་དང་སྤུན་ཟླ་ཚོའི་ཡིད་འཐད་འོག བཀྲ་ཤིས་ཉི་མས་ཚེ་རིང་རྒྱལ་མོ་ཁྲིད་དེ་རི་ལས་བབས། མོ་རང་ཁྲིད་དོན་ནི་ཁྱིམ་གྱི་བདག་མོ་ཞིག་ཡིན་ན་ཁྱིམ་ཚང་ལ་མཁོ་རྫས་གང་དག་སྣོན་དགོས་པ་གསལ་བོར་ཤེས་པའི་སྟབས་ཀྱིས་ཡིན།
ཉིན་ལྔའི་རྗེས་སུ། ཟླ་བཟང་ནངས་སྔ་མོ་ཞིག་ལ་སྦྲ་སྒོར་འབུད་སྐབས། སྣུར་བགྲོད་བྱེད་པའི་རྡོ་བ་དཀར་པོ་དེ་བྱིས་པ་ཚོའི་སྦྲ་གུར་དུ་འཛུལ་ཟིན་པ་མཐོང་། ཚེ་རིང་རྒྱལ་མོས་ནམ་རྒྱུན་ལྟར་བཞོ་ཟེའུ་བཏེགས་ནས་གནག་ཕྱུགས་ཀྱི་གསེབ་ཏུ་འཛུལ། མོ་ནི་མདང་དགོང་ནམ་གུང་ཕྱིར་ལོག་འོངས་པ་སྟེ། དངོས་རྫས་ཅི་མཁོ་མཐའ་དག་ཉོས་ནས་ཡོང་ཡོད་ན་ཡང་བཀྲ་ཤིས་ཉི་མ་ཕྱིར་ལོག་མི་འདུག དོན་འདི་བཀྲ་ཤིས་ཟླ་བས་ད་གཟོད་ཨ་ཕར་ལབ་པ་ཡིན། འོན་ཀྱང་། ཚེ་རིང་རྒྱལ་མོས་སྐྲག་ཅིང་སེམས་མི་བདེ་བའི་ངང་ན་རེ། མོ་ནི་གཏན་ནས་བཀྲ་ཤིས་ཉི་མ་ཟེར་བའི་མི་ཞིག་དང་འགྲོགས་ནས་རི་ལས་བབས་མ་མྱོང་ཟེར། སྦྲུལ་ལྷ་རི་རྩེར་གནས་བཅས་པ་ནས་བཟུང་ཕྱི་རོལ་འཇིག་རྟེན་གྱི་སྣང་ཚུལ་ཡོད་ཚད་མོའི་དྲན་པའི་ངོས་ནས་ཡལ་བར་གྱུར་ཅིང་། མོས་རང་ཉིད་ནི་སྐྱེས་པ་གཉིས་ཀྱི་དབུས་ན་བདེ་སྐྱིད་ཀྱི་འཚོ་བར་རོལ་གྱིན་པ་རྟོགས་པ་ཉིད་ལས་ད་དུང་མི་གཞན་ཞིག་ཡོད་པ་ཡེ་ནས་ཚོར་གྱིན་མེད། མོས་རང་གི་ག་ལེར་མངལ་གྱི་གནས་སྐབས་རྫོགས་ལ་ཉེ་བའི་གསུས་པ་འབུར་བོ་དེར་ལག་པས་ཡང་མོར་རྡེག་བཞིན་ཁྱོ་བོར་ན་རེ། འོ་ན་ང་རང་མཚན་མོ་གང་ཞིག་ལ་སྦྲ་གུར་འདི་དང་ཁ་གྱེས་མྱོང་ཟེར། མི་ལ་བློ་དོགས་དབང་མེད་བསྐྱེད་པའི་གནད་དོན་འདི་ལ་སྐྱེས་པ་ཚོས་ཁ་ཡ་སྤུ་ཙམ་ཡང་མི་བྱེད་ལ། བསམ་བློ་ཞིབ་མོས་དོན་དེའི་སྔ་རྒྱུ་རྗེས་འབྲས་ལ་དབྱེ་ཞིབ་བྱེད་འདོད་མེད་ཅིང་། དེ་ལྟར་སྒྲུབ་པའི་དུས་ཚོད་ཀྱང་ག་ལ་ཡོད། འདས་པའི་དོན་རྣམས་སླར་ལྡོག་པ་མི་སྲིད་ན་ཡང་སྔོན་ཆད་ཀྱི་བྱུང་བ་མཐའ་དག་ནི་རྨི་ལམ་ཞིག་དང་མི་འདྲའམ། ཁོ་ཚོས་བསྒྲུབ་དགོས་པའི་དོན་དག་ཧ་ཅང་མང་ལ། འདི་དག་ཐམས་ཅད་ནི་འཚོ་བར་འབད་པ་མེད་པའི་རྒས་འཁོགས་ཀྱི་དུས་སུ་སྦྲ་གུར་གྱི་སྒོར་བུད་དེ་ལག་པས་མ་ཎི་འཁོར་ལོ་སྐོར་བ་དང་། ཕྱོགས་གཅིག་ནས་ལྷ་ལ་གསོལ་བ་རྩེ་གཅིག་ཏུ་འདེབས་ཤིང་ཕྱོགས་གཞན་ཞིག་ནས་མིག་ཟུང་བཙུམས་ཏེ་རང་གི་མི་ཚེ་འདིའི་ནང་བགྲོད་མྱོང་བའི་ལམ་བུ་གྲངས་མེད་དང་། བྱུང་མྱོང་བའི་དོན་སྣ་ཚོགས་ལ་མགོ་ནས་མཇུག་བར་དུ་རྩིས་བརྒྱབ།
བགྲེས་པོ་ཟླ་བཟང་ལ་རེ་ཞིག་སོས་དལ་བའི་སྣང་བ་སྐྱེས་བྱུང་། ལོ་ངོ་གཅིག་ལྷག་ཏུ་སྙིང་ལ་འཐིབས་པའི་སྨུག་པ་ཡེ་ནས་མཐར་སྤྱུགས་སོང་། ཁོས་ཡིད་ཚིམ་པའི་ངང་མཆིལ་ཟེགས་ཤིག་ས་ལ་གཏོར་བ་དང་། མཚན་མོ་དེར་སྦྲ་གུར་གྱི་ཆེས་ཕུགས་ན་བཞེངས་པའི་ལི་སྐུའི་མཆོད་སྟེགས་མདུན་དུ་པུས་བཙུགས་ཏེ། མར་མེ་མཚན་ཐུབ་ཅིག་གི་འོག་ཏུ་ཡུན་རིང་ལ་གསོལ་བ་ཕུར་ཚུགས་སུ་བཏབ། ཡིན་ན་ཡང་། ཕྱི་ཉིན། ཁོའི་མཆུ་སྒྲོས་སྟེང་དུ་གཉན་འབུར་ཞིག་ལྡང་བྱུང་ལ། བསྲན་པར་དཀའ་བའི་ན་ཟུག་དེས་ཉིན་ཞག་ལྔར་མཚམས་མེད་དུ་ཁོ་ལ་མནར་གཅོད་བཏང་།(མུ་འགོད)