དགུན་ཟླ་རིང་མོའི་གྲང་ལྷགས་རབ་ཏུ་རྒོད་ཅིང་། ཕྱོགས་བཞིའི་རི་ཀླུང་ཐམས་ཅད་ཀྱང་བུ་ཡུག་གིས་བཏུམས་ཡོད། རྒྱུན་དུ་འུར་ཟིང་ཆེ་བའི་གཞུང་ལམ་དུའང་རྐང་གཉིས་ཀྱི་འགྲོ་འོང་རེ་ཞིག་འཇགས།
དོན་གྲུབ་ནི་ཁང་ཆུང་གྲུ་བཞིའི་ནང་མེ་ཐབ་ཀྱི་དྲོད་རྩར་བཅར་ཏེ་ཁེར་ལབ་རྒྱག་བཞིན་གཅིག་པུར་བསྡད་འདུག སྐབས་དེར་གློ་བུར་དུ་པདྨ་ནང་ལ་འཛུལ་ཡོང་སྟེ་ཁ་ནས་ཚིག་གཅིག་ཀྱང་མི་བཤད་པར་ཧད་ནས་བསྡད། སྐབས་དེར་མོ་ལ་གཟུགས་པོ་ཡོད་པའི་རྐྱེན་གྱིས་ལས་གནས་ལས་མི་ཐོན་ཀ་མེད་བྱུང་། མོའི་སེམས་ལ་ལས་ཁུངས་ཀྱི་མགོ་གཙོ་ཚེ་རིང་གི་གདོང་གི་རྣམ་འགྱུར་དང་། ཚེར་མ་ལྟར་རྣོ་བའི་སྐད་ཆ་དེ་དག་ཤར་ཞིང་གདོང་ལའང་ཐང་ཆད་པའི་རྣམ་པ་ཞིག་མངོན་ཡོང་། སྐབས་དེར་མོའི་བཟའ་ཟླ་དོན་གྲུབ་ཀྱིས་གདོང་ལ་འཛུམ་མདངས་ཀྱིས་ཕྱུག་སྟེ་མོར་བཤད་རྒྱུར། “པདྨ་ཁྱོད་ནང་དུ་འཛུལ་མ་ཐག་ནས་གདོང་ལ་སྐྱོ་སྣང་དེ་འདྲ་ཤར་འདུག་པ་ཅི། ཡང་སྙིང་ག་རེ་བྱས་སོང་།”ཞེས་ཟེར་ཞོར་དུ་ཚ་དེམ་ལས་ཆུ་ཁོལ་ཤེལ་དམ་གང་བླུགས་ཏེ་པདྨ་ལ་སྤྲད། པདྨའི་གདོང་ལ་སྔར་བཞིན་སྐྱོ་ངལ་གྱི་ཉམས་དང་བཅས། གང་ཞིག་ལ་འདང་རྒྱག་བཞིན་དུ་ཆུ་ཁོལ་ཁམ་གང་བཏུངས་རྗེས། “ངའི་ལས་ཀ་དེ་ཤོར་སོང་བ་ནས་བཟུང་ང་བློ་བདེ་བོ་རྩ་བ་ནས་མི་འདུག ཕྱིན་ཆད་ང་ཚོར་ཟས་གོས་ཐད་ནས་དཀའ་ངལ་ཆེན་པོ་འབྱུང་བ་སྨོས་མེད་རེད། ད་དུང་ཁང་པ་འདིའི་ཟླ་བ་རེའི་གློག་རིན་དང་ཆུ་རིན་ཆ་ཚང”ཟེར་བཞིན་སྐད་ཆའི་མཇུག་མ་རྫོགས་གོང་ལ། མིག་ཟུང་ལས་མིག་ཆུ་མུ་ཏིག་རྡོག་པོ་ལྟར་གཅིག་རྗེས་གཉིས་མཐུད་དུ་བཞུར་ཡོང་། སྐབས་དེར་དོན་གྲུབ་ཀྱི་སེམས་སུ། ད་འདི་ལྟར་བསྡད་ན་མི་ཚེ་འཁྱོལ་དཀའ་བར་འདུག་པས་རང་གིས་ལོ་མང་རིང་ལ་དཀའ་ངལ་ཁྱད་བསད་ཀྱིས་སློབ་གྲྭར་འགྲིམས་པའི་ཤེས་འཇོན་ཅུང་ཙམ་ཡོད་པ་རྣམས། ད་ནི་འཚོ་བ་དངོས་ཀྱི་ལག་ལེན་ལ་བསྟར་རན་འདུག་སྙམ་ཞོར་དུ། པདྨའི་གདོང་གི་མིག་ཆུ་འབྱིད་བཞིན། “པདྨ། ད་ཁྱོད་སེམས་སྐྱོ་མི་དགོས། ང་སང་ཉིན་ལས་ཀ་བཙལ་བར་འགྲོ་ཆོག རྗེས་སུ་ངས་ཁྱོད་ཀྱི་ཁྲ་ཆུང་མིག་ཀོང་ལས་མུ་ཏིག་གི་ཕྲེང་ཐག་ཆད་དུ་མི་འཇུག འུ་གཉིས་དཀའ་ཁག་ཆེ་བའི་གནས་ཚུལ་མི་ཉུང་བར་འཕྲད་མྱོང་ཡོད་ལ། ཁྱོད་རང་ལས་གནས་ལས་ཐོན་པའང་ངའི་ཆེད་དུ་ཡིན་པ་ངས་སེམས་ལ་བཟུང་ཡོད། ཁྱོད་སེམས་གཏིང་ནས་ང་ལ་བརྩེ་འདང་ག་ཚོད་ཡོད་པ་ངས་མི་ཤེས་ག་ལ་སྲིད། མ་འོངས་མི་ཚེ་རིང་ཡང་ངས་ཁྱོད་མ་བུ་གཉིས་ལ་སྡུག་མཐོང་གི་མི་འཇུག་ཁོ་ཐག་ཡིན། ཁྱོད་ཀྱིས་རང་ཉིད་དགའ་བའི་མི་ལ་རེ་བ་དང་ལོ་མང་རིང་གི་བརྩེ་དུང་ལ་ཡིད་ཆེས་བྱེད་རོགས། མ་གཞི་ང་ལ་ད་ལྟ་ལས་ཀ་དང་འཇོན་ཐང་ཆེན་པོ་མེད་རུང་། ངས་རང་གི་རྣམ་དཔྱོད་ལ་བརྟེན་ནས་གྲོང་ཁྱེར་འདིར་རྐང་པ་བརྟན་པོར་འཛུགས་ཐུབ་པར་བྱ་ངེས་ཡིན། ཁྱོད་ཀྱིས་ང་ལ་ཡིད་ཆེས་བྱོས།”ཞེས་བཤད་བཞིན་པདྨའི་ལག་ཟུང་ལ་འཇུས།
པདྨས་སྐབས་དེར་དགའ་སྐྱོ་འདྲེས་མའི་རྣམ་པ་ཞིག་མིག་ལམ་ནས་གསལ་པོར་མངོན་ཡོང་མོད། འོན་ཀྱང་། མོའི་སེམས་སུ་དོན་གྲུབ་ཀྱིས་བཤད་པའི་སྐད་ཆ་དེ་དག་ལ་ཡིད་གཉིས་ཀྱི་དཔྱངས་ཐག་ད་དུང་ལྷོད་པར་མ་གྱུར་ཏོ། ། རྒྱུ་མཚན། ཁོ་གཉིས་དང་ཐོག་སློབ་ཆེན་ལོ་རིམ་གཉིས་པའི་སྐབས་སུ་ངོ་ཤེས་ཤིང་། སྐབས་དེར་འཛིན་གྲྭའི་ནང་གི་བུ་མང་པོས་པདྨ་ལ་རེ་བ་བྱས་ཀྱང་པདྨས་དང་ལེན་མ་བྱས། མོའི་སེམས་སུ་དོན་གྲུབ་ནི་ཕོ་ཉམས་ལྡན་ལ་དུས་རྒྱུན་དུ་དྲང་པོའི་ལམ་སྐྱོང་མཁན་གྱི་ཕོ་རབ་ཅིག་དང་། དེ་བཞིན་དུ་ཁ་མཚར་རྩེ་བའི་སྐབས་སུ་ཁ་བདེ་བ་བཅས་ཀྱི་ཡོན་ཏན་དང་ལྡན་པས། མོའི་དྲན་འཛིན་གྱི་རི་མོའི་དབུས་སུ་བསུབ་མེད་ཀྱི་རི་མོ་ཐོག་མ་འགོད་མཁན་དེ་ཡང་དོན་གྲུབ་ཡིན། འོན་ཀྱང་དོན་གྲུབ་ནི་གྲོང་གསེབ་ཀྱི་ཁྱིམ་ཚང་ཕལ་བའི་ནང་དུ་འཚར་ལོངས་བྱུང་བ་ཞིག་ཡིན་པས་སློབ་གྲོགས་རྣམས་ཀྱིས་དེ་ཙམ་དགའ་བོ་མི་བྱེད། རྒྱུ་མཚན་ནི། ཁོས་སློབ་གྲྭའི་ནང་ལ་གྲོང་གསེབ་ཏུ་སྡོད་སྐབས་ཀྱི་གོམས་གཤིས་ངན་པ་དང་མ་རབས་ཀྱི་བྱ་སྤྱོད་རྣམས་ཁྱེར་ཡོང་གིན་ཡོད་ལ། སྐབས་འགར་རྒན་ལགས་ཁ་ཤས་དང་ཁ་རྩོད་ཀྱང་ཤོར་མྱོང་ཡོད་པས་ཡིན།
དུས་ཀྱི་འཁོར་མོ་ཆུ་བོའི་རྒྱུན་ལྟར་བཞུད་ཅིང་གློག་འཁྱུག་པ་ལྟར་སྐད་ཅིག་གིས་འདས་པ་ན། རེ་བ་དང་རྨི་ལམ་སྣ་ཚོགས་ཀྱིས་སེམས་པ་མེ་ལྕེ་བཞིན་འཕྱོ་བའི་ཁོ་ཚོ་ཚང་མའང་སློབ་ཆེན་གྱི་འཚོ་བ་དང་ཁ་བྲལ་ལ་ཉེ་ཞིང་། དེ་དང་མཉམ་དུ་ཕྱོགས་གཞན་ཞིག་ནས་བསམས་ན། ཁོ་ཚོ་འུར་ཟིང་ཆེ་བའི་སྤྱི་ཚོཊ་ཀྱི་འཚོ་བ་དངོས་དང་ཡང་གདོང་གཏོད་ལ་ཉེ། བསླེབ་དགོས་པ་ནི་སྔ་ཕྱི་ཙམ་ལས་ངེས་པར་དུ་སླེབས་ཡོང་བ་ཆོས་ཉིད་ཡིན་པས། དུས་ནམ་ཞིག་གི་ཚེ་ན། ཁོ་ཚོ་སློབ་ཐོན་གྱི་དགའ་འཛོམས་སྤྲོ་ཚོཊ་ཆེན་མོ་ཞིག་ཏུ་དགའ་སྤྲོའི་དཔལ་ལ་རོལ། སྐབས་དེར་བསམ་ཡུལ་ལས་འདས་པའི་གནས་ཚུལ་ཞིག་བྱུང་བ་ནི་པདྨའི་སེམས་ལ་སོས་རྒྱུ་མེད་པའི་རྨ་ཁ་ཞིག་བཟོས་པ་དེ་རེད།
འདུ་འཛོམས་སྐབས་དེར་ཚང་མས་ཆང་དང་ཨ་རག་འཐུང་དྲགས་པས། ཚང་མ་བཟི་ཞིང་རང་མིང་རང་གིས་མི་དྲན་པའི་ཚོད་དུ་གྱུར། དུས་དེར་པདྨས་དོན་གྲུབ་བཟི་བ་མཐོང་ནས་ཁོ་བསྐྱོར་ཏེ་ཉལ་ཁང་དུ་འཁྲིད་གྲབས་བྱེད་སྐབས། དོན་གྲུབ་ཀྱིས་པདྨ་ལ་འབུར་ཚུཊ་སུ་ལྟ་བཞིན་དུ་བཤད་རྒྱུར། “པདྨ། ཁྱོད་ངའི་ཅི་ཞིག་ལ་བལྟས་ནས་དགའ་བ་རེད། ངས་ཁྱོད་ལ་ཚུལ་མིན་གྱི་བྱ་བ་གང་ཡང་བསྒྲུབས་མ་མྱོང་། ཡིན་ཡང་དམའ་འབྲིང་སྐབས་སུ་ངས་རང་ཚོད་མ་ཟིན་པར་སློབ་བུ་ཞིག་གི་མི་ཚེ་དེ་ལྟར་མེད་པར་བཟོས་སོང་། དོན་དེ་ཁྱོད་ཀྱིས་ཤེས་སམ། ཁྱོད་ང་ལ་ཅི་འདྲ་དགའ་ཡང་ང་ཁྱོད་ལ་དེ་ཙམ་དགའ་བའི་ངེས་པ་མེད། རྒྱུ་མཚན་ང་ནི་མི་པྲ་ཚག་དེ་འདྲ་ཞིག་ཡིན།” དེ་ལྟར་བཤད་མཚམས་སུ་པདྨས་དོན་གྲུབ་ལ་འགྲམ་ལྕག་ཚ་ཐག་ཆོད་པ་ཞིག་གཞུས། དེ་མ་ཐག་དོན་གྲུབ་གློ་བུར་དུ་གཉིད་ལས་སད་པ་ལྟར་པདྨའི་གདོང་ལ་ལྟ་བཞིན་མིག་ནས་མཆི་མ་ཤོར། ཁོ་གཞི་ནས་བཟི་དྭངས་ཏེ་སྔར་གྱི་གནས་ཚུལ་སྐྱུག་བྲོ་བ་དེ་པདྨར་བཤད་ཟིན་པ་ཤེས། སྐབས་དེར། ཁོ་འགྱོད་གདུང་དང་དངངས་སྐྲག་གི་གནས་སུ་ལྷུང་། ཁོས་དེ་དག་རྫུན་ཡིན་ཚུལ་བཤད་ན་འགྲིག་མིན་ལ་བསམ་བློ་མང་པོ་བཏང་རུང་། ཡིད་ཚིམ་ཞིང་གནས་ལུགས་དང་མཐུན་པའི་རྒྱུ་མཚན་ཞིག་ཁོས་རྙེད་མ་སོང་། ཉིན་དུ་མའི་རྗེས་སུ་ཁོ་པདྨའི་ཉལ་ཁང་མདུན་དུ་ཡོང་ནས་བསྒུགས། པདྨས་དོན་གྲུབ་མཐོང་མ་ཐག་ཏུ་མ་མཐོང་ཁུལ་བྱས་ནས་ཐད་ཀར་སློབ་ཁང་དུ་སོང་།
སྐབས་དེར་དོན་གྲུབ་ལ་ད་དུང་དོགས་མི་བདེ་བའི་ཉམས་ཅུང་ཟད་འདུག་ནའང་། པདྨས་དེ་ལ་འཛེམ་དོགས་མ་བྱས་པར་ཐད་ཀར་དོན་གྲུབ་ཀྱི་མདུན་དུ་ཕྱིན་ནས“མགྱོགས་པོར་ཁ་ལག་བཟའ་བར་ཤོག”ཟེར་བཞིན་ཞལ་ངོ་འཛུམ་གྱིས་སྤུད།
……
དོན་གྲུབ་ཀྱིས། “པདྨ། དེ་རིང་ཞོགས་ཟས་གྲ་རྒྱས་པོ་དེ་འདྲ་ཅི་རེད། དུས་ཡུན་རིང་པོ་ཞིག་ལ་ཞོགས་ཟས་ཞིམ་པོ་འདི་འདྲ་ཟོས་མ་མྱོང་།” ཟེར་ནས་ཐད་ཀར་རྐུབ་སྟེགས་ཐོག་ཏུ་བསྡད་དེ་ཞོགས་ཟས་ལ་རོལ། འདི་ནི་པདྨས་ཆེད་དུ་རང་གི་བཟའ་ཟླ་ལ་བཟོས་པའི་ཁ་ལག་ཡིན་ལ། སྔོན་ཆད་སློབ་ཆེན་སྐབས་སུ་ཁོ་གཉིས་ཀྱིས་ཐེངས་གཅིག་ཟོས་མྱོང་ཡོད། པདྨས་དོན་གྲུབ་ཕྱི་ལ་འགྲོ་རྒྱུའི་སྐོར་ལ་འགྱུར་བ་རེ་ཨེ་ཡོང་བསམ་སྟེ། སྔོན་ཆད་ཟོས་མྱོང་བའི་ཞིམ་ཟས་རྣམས་ཡང་བསྐྱར་ཐེངས་གཅིག་བཟོས་པ་རེད།
འོན་ཀྱང་དོན་གྲུབ་ནི་འདས་ཟིན་པའི་ལོ་ཟླ་ལ་ཚོར་སྣང་ཙམ་ཡང་མེད་པར་ཐད་ཀར་ཁ་ལག་རྣམས་ཟོས་རྗེས། པདྨ་ལ། “ང་ནི་ད་འགྲོ་ལ་ཉེ་འདུག ཁྱོད་ཀྱིས་ཁྱིམ་ནང་གི་སྒོར་མོ་ཚང་མ་ཐོན་ཤོག”ཅེས་བཤད། པདྨས། “དོན་གྲུབ། དེ་ངས་སྔ་ས་ནས་གྲ་སྒྲིག་བྱས་ཟིན། འོན་ཀྱང་ཁྱོད་ཀྱིས་ངེད་མ་བུ་གཉིས་ལ་བསམ་བློ་ཞིག་ཐོངས་དང་། ད་ལྟ་ངས་ནི་རང་མགོ་ཡང་ཐོན་པར་དཀའ། ཁྱིམ་འདིའི་སྒོར་མོ་ཆ་ཚང་བསྡོམས་ན་སྒོར་བཞི་སྟོང་ཙམ་འདུག་མོད། དེ་ལས་སྒོར་སྟོང་གཅིག་ཕྱིར་འཐེན་རྒྱུར་ཐག་བཅད་ཡོད། རྒྱུ་མཚན། ཁྱོད་ཕྱིར་སོང་བའི་རིང་ལ་ངེད་མ་བུ་གཉིས་ཀྱི་འཚོ་རྟེན་ཙམ་བྱེད་འདོད་པས་ཡིན།”ཞེས་ཟེར་བཞིན་འཛུམ་དམུལ་དམུལ་བྱས།
སྐད་ཆ་དེ་ཐོས་མ་ཐག་དོན་གྲུབ་ཀྱིས་གདོང་མདོག་ཡོངས་སུ་ལོག་སྟེ་དྲག་པོའི་སྐད་ཀྱིས་བཤད་རྒྱུར། “ཁྱོད་ཀྱིས་སེམས་ལ་དོན་དངོས་སུ་ང་ཕྱིར་གཏོང་འདོད་ཡོད་པ་མ་རེད། དེར་བརྟེན་ཁྱོད་ཀྱིས་སྒོར་མོ་ཡོད་ཚད་ང་ལ་མ་བྱིན་པ་རེད། ཁྱོད་འདི་འདྲ་ཞིག་ཡིན་པ་ཤེས་ན་ང་སྔོན་ནས་ཁྱོད་དང་ཁ་འབྲལ་ངེས་ཡིན། ཞབས་འདྲེན་མ།” ཟེར་ནས་འགྲམ་ལྕག་ཚ་ཐག་ཆོད་ཅིག་གཞུས་ཤིང་། ཐད་ཀར་སྒོར་ཁུག་ལས་སྒོར་མོ་ཆིག་སྟོང་དེ་ཡང་ཁྱེར་ཏེ་ནང་ནས་ཐོན། དོན་དམ་པར་ཁོ་ནི་ཉིན་མོ་སྐྱེལ་ས་ཆང་ཁང་། མཚན་མོ་སྐྱེལ་ས་ནང་མ་ཁངKTVཡིན་པས། ཁོས་པདྨའི་ལག་ནས་བཙན་གྱིས་ཁྱེར་བའི་ལག་དངུལ་ཡང་ལྟག་ཆུ་ཆད་ལ་ཉེ་བའི་ཆུ་ཕྲན་བཞིན་ཟད་པར་རྩོམ།
སྐབས་དེར་ཁོ་ལ་ཕྱི་ནས་རྙེད་པའི་ཟུར་མོ་ཞིག་ཀྱང་ཡོད། ཁོ་པདྨ་དང་ཁ་བྲལ་ནས་ཟླ་བ་གཉིས་མ་འགོར་གོང་དུ་སྒོར་མོ་ཡོངས་རྫོགས་ཟད་དེ། མཐའ་མཇུག་བུད་མེད་དེའི་ཞབས་ཞུའི་ལས་ཀ་ལ་བརྟེན་ནས་བྱུང་བའི་གླ་ཆ་དག་གིས་ཁོ་གཉིས་ཀྱིས་ཉི་མ་འཁྱོལ་ཐབས་ཙམ་བྱེད་དགོས་བྱུང་།
དུས་ཚོད་ཀྱི་བཞུར་རྒྱུན་ཁྲོད་དུ་ཉིན་ཞག་གི་ཁ་གྲངས་ཅི་ཙམ་ཟད་པ་མི་ཤེས་མོད། པདྨའི་གྲོད་ཁོག་ནང་གི་ཕྲུ་གུ་དེ་ཡང་སྐྱེ་ལ་ཉེ། སྐབས་དེར་ལུས་ཟུངས་ཟད་ཅིང་རེ་ཐག་ཆད་པའི་པདྨ་ནི་ལང་ཚོའི་མཛེས་སྡུག་ཡལ་ཞིང་། བདེ་སྐྱིད་ཀྱི་ཁྱིམ་གཞིས་དང་བྲལ་བས་འུ་ཐུག་ཐབས་ཟད་ངང་རང་གི་ཁྲེལ་མེད་ཀྱི་ཟླ་བོ་དོན་གྲུབ་འཚོལ་བར་འགྲོ་དགོས་སྙམ་མོད། སྐབས་དེར་མོ་ནི་ལུས་པོ་གཡོ་འགུལ་ཙམ་ཡང་དཀའ་བའི་གནས་སུ་ལྷུང་ཡོད། གལ་ཏེ་མོ་རང་འགྲོ་ཐུབ་པའི་དབང་དུ་བྱས་ཀྱང་། གྲོགས་མེད་གཅིག་པུར་ལུས་པའི་པདྨ་ལ་མཚོན་ན། དངུལ་རྡོག་སྐར་གང་ཡང་མེད་པས་ཅི་བྱ་གཏོལ་མེད་ངང་ལུས་ཡོད། མཐའ་མཇུག་མོས་ཐབས་ཤེས་སྣ་ཚོཊ་སྤྱད་དེ་དོན་གྲུབ་ཀྱིས་སྔར་བཤད་པའི་ས་གནས་དེར་སླེབས་ཀྱང་། ས་ཆ་དེ་མི་མེད་ལུང་སྟོང་ཞིག་ཡིན་པ་ལས་བཟོ་གྲྭ་ཟེར་བ་རྩ་བ་ནས་མི་འདུག དུས་དེར་ད་གཟོད་རང་གི་ཟླ་བོས་རང་ལ་མགོ་སྐོར་བཏང་བ་གཞི་ནས་ཤེས་ཤིང་ཞེ་སྡང་དང་སྐྱོ་སྣང་རེས་སུ་འཁོར། པདྨའི་མིག་མཐའ་མཆི་མས་ཡོངས་སུ་གང་སྟེ་མདུན་ཕྱོགས་ཀྱི་ཁོར་ཡུག་ཐམས་ཅད་རབ་རིབ་ཏུ་གྱུར། ཞིབ་འདང་ཞིག་རྒྱག་དུས། དོན་གྲུབ་སོང་ནས་ད་བར་དུ་ཁོའི་གནས་ཚུལ་ཙམ་ཡང་གོ་མེད་ཁར། ལག་ཡོང་གི་དངུལ་སྐར་གང་ཡང་མ་བུ་གཉིས་ལ་བསྐུར་མ་མྱོང་། ད་དུང་དོགས་པ་ཟ་དགོས་པ་ཞིག་ལ་དོན་གྲུབ་སོང་རྗེས་ཁྱིམ་ནང་གི་ཅ་ལག་རྩ་ཆེན་དག་ཀྱང་མཐོང་རྒྱུ་མེད་པར་གྱུར། ཕྱིར་འདང་རྒྱག་བཞིན་སྡུག་སྐད་ཀྱིས་རི་ལུང་གང་ཞིང་མིག་ཆུ་ཡིས་རྒྱ་མཚོ་བསྐྱིལ།
མི་མེད་ལུང་སྟོང་དེར་ཉམ་ཐག་པའི་སྦྲུམ་མ་ཞིག འཇིག་རྟེན་གྱི་དཀར་ངོགས་མིག་གིས་མ་མཐོང་བའི་དམར་འབྱར་དང་ལྷན་དུ་སུས་ཀྱང་མི་ཤེས་པའི་ཁེར་རྐྱང་ཁྲོད་ཁ་རོག་གེར་ལྔ་ལམ་དུ་ཆས། དུས་དེ་ནས་བཟུང་། མཛེས་སྡུག་གི་རྨི་ལམ་ཞིག་ཡོངས་སུ་སད་པ་ཡིན་ལ། སྐྱོ་སྡུག་གི་འཚོ་བ་ཞིག་ཡོངས་སུ་མཇུག་རྫོགས་པའང་ཡིན་སྲིད།
ཉིན་འགའི་རྗེས་སུ། གཞུང་སྐྱ་མོའི་ཕར་འགྲམ་དུ་སྦྲུམ་མ་ཞིག་གི་བེམ་རོ་ས་རྡུལ་གྱི་མལ་དུ་ཉལ་ཡོད་པ་ཀུན་གྱི་མཐོང་ལམ་དུ་གྱུར། །