སྟོད།
དགུན་ལམ་སྐྱ་མོ་ཟེར་ན་ཙག་དང་ཁ་བའི་བགྲོད་ལམ་རིང་མོ་ཞིག་ཡིན་པས། ང་ཡིས་མགོ་བ་ལགས་ལ། ལུས་ན་རབས་ན་སྲོལ་བརྒྱ་དང་བརྒྱད་བརྩིས་ཏེ། ལྟོས་བཅས་ཀྱིས་ཕ་ཡུལ་ལས་ས་བབ་དམའ་ལ་ནམ་ཟླ་དྲོ་བའི་གྲོང་ཁྱེར་དུ་ངལ་གསོ་རུ་ཡོང་བ་ཡིན་ལ། ངོ་ཤེས་དྲིན་ཆེན་མགོ་ལ་མར་བྱུག་རྒྱུ་ཞིག་གི་དྲིན་ལ་སྨན་ཁང་དུ་ཡང་ལས་སླ་མོར་འདུག་ཐུབ་སོང་།
བརྟག་དཔྱད་རབ་དང་རིམ་པ་ཞིག་བརྒྱུད་རྗེས། ང་ཡིས་ཁུར་པོ་ལྗིད་མོ་ཞིག་ས་རུ་བཞག་པ་ལྟར་སེམས་ལྷོད་མོས་སྨན་པ་ལགས་ཀྱི་མདུན་དུ་སོང་བ་ཡིན།
སྨན་པ་ལགས་ནི་མིག་ཤེལ་གྱི་ཕག་ན་ཡིབས་པའི་མི་འཇམ་པོ་ཞིག་ཡིན་པ་འདྲ་སྟེ། ང་རང་ཁོང་གི་སར་ཐོན་པ་དང་། “སླེབས་བྱུང་ངམ། དེ་ནས་སྡོད་དང་།”ཞེས་འདུག་སྟེགས་ཤིག་བསྟན་བྱུང་།
ཆུ་མིག་ཅིག་ལྟར་དྭངས་པའི་མིག་ཤེལ་དེ་སྣ་གདོང་ཐོག་ནས་ཡར་ལ་འདེད་ཙམ་བྱས་རྗེས།“ཁྱོད་ཀྱིས་འགོས་ནད་སྨན་ཁང་ནས་ཁྲག་ལ་བརྟག་བཤེར་ཞིག་བྱོས་པཱ། ཁྱོད་ལ་ནད་ཅིག་ཡོད་པ་འདྲ། ”ཟེར།
“སང་ཉིན་སྔ་མོར་འགྲོ་འམ།”
“སང་ཉིན་སྔ་དྲོ་ལྟོ་སྟོང་དུ་བརྟག་བཤེར་ཞིག་བྱོས་དང་། དེ་མིན། ནད་གཞི་གཞན་པ་དག་ལ་ཡང་བརྟག་ཐབས་མི་འདུག་པས། སྔོན་ལ‘ནད’དེ་ཡོད་མེད་ལ་བརྟག་རོགས། ”ཟེར།
ངས། ལགས་སོའི་སྟེང་ལ་ལགས་སོ་རྩེག་གིན་དེ་ག་ནས་ཕྱིར་བུད་པ་ཡིན།
ཁྱིམ་ལ་ལོག་པའི་ལམ་བར་ནས་གྲོགས་པོས་ཁ་པར་བཏང་ནས། གནས་ག་གེ་མོ་ལ་ཐོན་དགོས་པ་དང་། དེ་ག་ན་གྲོགས་པོ་འགས་བསྒུགས་ཡོད་པས། དོ་ནུབ་ཅིས་ཀྱང་སྐྱིད་གསོན་ཐོག་ནས་མི་བརྗེད་པ་ཞིག་རྒྱགས་རབས་ལབ་པས། ང་རང་ཡང་དེ་གར་ཕྱིན་པ་ཡིན།
ང་ཚོ་བྱ་ཚོགས་ཀྱི་ཚང་ནང་ལ་རྡོ་ཡིས་བརྒྱབ་པ་བཞིན་འུར་ཁ་མཐོན་པོས་མ་འཕྲད་པར་འགོར་རབས་དང་། འཕྲད་པ་ནི་སྐྱིད་ཀྱི་རྩེ་དང་སྤྲོ་བའི་རབ་ཡིན་རབས་ལབ་ནས། ཚང་མ་ནི་ལུས་པོ་གཅིག་གི་སྟེང་ན་ཆགས་པའི་ཡན་ལག་དག་དང་འདྲ་བ་ཞིག་ཏུ་འགྱུར་གྱིན་པའི་སྐབས་དེར། ངས་སང་ཉིན་སྔ་མོར་རང་ལ། “ནད”དེ་ཡོད་མེད་བརྟག་བཤེར་བྱེད་དུ་འགྲོ་དགོས་པས་ཆང་མང་པོ་འཐུང་མི་ཉན་ཚུལ་ལབ་པ་ཡིན།
སྒྲུང་མང་པོ་ཞིག་ན། “གློ་བུར་དུ”ཟེར་བའི་དུས་དང་ཡུལ་ལ་འགྱུར་བ་སྟེར་བའི་ཚིག་ཅིག་ཡོད་པ་དེ་ང་ཚོའི་འདུ་འཛོམས་ཆུང་ཆུང་འདིའི་ནང་དུའང་ལྷུང་བྱུང་།
ཕྲན་གྱི་ཚོར་བར་ནོར་འཁྲུལ་བྱུང་བ་མིན་ན། གྲོགས་པོ་ཞིག་གིས་ཕྱག་ཀྱང་འདར་གྱིན། “ང་ལ་གཏོང་རྒྱུ་ཞིག་ཡོད་ཀི གཟེར་རྒྱུ་འདི་གང་ནས་བྱུང་བ་ཡིན་ནམ། ལུས་པོ་འདི་ལ་དགྲ་བོ་བཞིན་རློམ་རྒྱུ་མི་འདུག”ཟེར་གྱིན་སྒོར་བུད་སོང་།
གྲོགས་པོ་གཞན་ཞིག་གིས་ཀྱང་། “ཨ་ཙི། དེས་ན་ཁྱོད་རང་འདི་གར་ཡོང་ནས། མ་རེད། རེད། འདི་གར་ཡོང་ནས་རྩེད་རན་མ་རེད། ངལ་གསོས་ནས་གྲ་སྒྲིག་བྱས་ན་རན་པ་རེད། ”ཟེར་གྱིན་ཁེར་ལབ་ལྟ་བུའི་ངང་ནས“དེའི་འགོས་ཚད་མྱུར་ནི་རེད།”ཟེར།
དུས་དེར་ངའི་ཀླད་པའི་ནང་ནས་ཀྱང་ལྗིད་མོ་ཞིག་དལ་ཅག་གེར་ཙོག་འདུག་ལ། བྲེལ་མོ་ཞིག་གིས་ཀྱང་རྩ་ལམ་སོ་སོ་ན། “དམྱལ་བ་བོ། ད་ཚར་སོང་། ད་ཚར་སོང་།”ཟེར་གྱིན་པ་འདྲའོ། །
གྲོགས་པོ་གཟུགས་ལོག་ལོག་མདུད་པ་བརྒྱབ་འདྲ་ཞིག་ཡོད་པ་དེས། “ཨ་ཡ། སྐྱོན་ཡོད་པ་མ་རེད། འཕྲུལ་ཆས་དག་ལ་རྐུན་མ་བཞིན་རློམ་རྒྱུ་ཞིག་གང་ན་ཡོད། འདི་ལྟར་འུ་ཚོ་ཚང་མ་འཛོམས་རྒྱུ་དཀའ་མོ་རེད་མོ། ཅུང་ཙམ་འུར་རྒྱག”ཟེར་གྱིན་ཆང་ཕོར་ཡར་བཏེགས་པ་ན།
གྲོགས་པོ་གཞན་ཞིག་གིས་ཀྱང་། “དེང་སང‘ནད’དེ་འདྲ་ནི་མར་ནང་གི་སྤུ་ཡང་མ་རེད། ཝེ། ཁྱོད་ཀྱིས་ཀླད་པའི་ནང་དུ་རྒྱ་རྡོ་བཞག་པ་བཞིན་འདང་བརྒྱབ་ནས་ཅི་བྱེད། གཏམ་ཤོད་ཡ།”ཟེར།
དེང་མ་ང་ལ་ཁ་པར་གཏོང་མཁན་དེས། “སང་ཉིན་བརྟག་བཤེར་བྱོས་དང་། དངོས་གནས‘ནད'དེ་ཡོད་ན། ཁྱིམ་མི་དག་ལའང་བརྟག་བཤེར་ཞིབ་མོ་ཞིག་བྱེད་དགོས།”ཞེས་ལབ་ཀྱིན་པའི་སྐབས་ཁོའི་ཁ་པར་གྱི་སྒྲ་གྲག་བྱུང་། ཁོས། “སྣ་ལེབ། སྐྱག་དོང་ནང་ལ་ལྷུང་བ་ཡིན་ནམ། མྱུར་མོར་ཤོག”ཟེར་གྱིན་ཉན་སྒོ་གཏན་སོང་།
སྣ་ལེབ་ནི་གཏོང་རྒྱུ་བྱུང་ནས་སྒོར་བུད་པ་དེ་ཡིན་ལ། ངའི་ཚོར་སྣང་ཞིག་ལ་སྣ་ལེབ་ཕྱིར་མི་ཡོང་བ་འདྲ།
ད་ལྟ་བསམས་ན་སུས་བཤད་པ་མི་དྲན་མོད། གྲོགས་པོ་ཟེར་བ་དེ་ཚོའི་ནང་གི་གཅིག་གིས། “ཁྱོད་རང་ཡུལ་ལ་བསྐྱལ་ཨེ་དགོས།”ཟེར་དུས། ང་ཚོ་ཟ་ཁང་ནས་ཕྱིར་བུད་དེ་སྲང་ལ་ཐོན་འདུག་ལ། ངས་མི་དགོས་པའི་ལག་བརྡ་ཞིག་བསྟན་རྗེས། མི་ཚོས་མདུན་ཕྱོགས་ཟེར་བའི་རྐང་སྣེ་འཁོར་ས་དེར་ཕྱོགས་ནས་ཕྱིན་པ་ཡིན།
ང་རང་རང་གི་གྲིབ་མ་འཚོལ་བ་ལྟར་སྲང་ལམ་གྱི་དཀྱོག་མཚམས་དུ་མ་ཞིག་བརྒྱུད་རྗེས། རང་ཁྱིམ་དང་བཅས་པའི་ཁྱིམ་ཚང་མང་པོ་ཞིག་མར་སྒམ་དུ་མར་བརྫངས་པ་དང་འདྲ་བའི་ཐོག་ཁང་མཐོན་པོ་དེ་མཐོང་ས་ཞིག་ཏུ་སླེབས་འདུག
ལྐུགས་པ་ཞིག་གི་འགྲམ་ཏུ་སླེབས་འདྲའི་མཚན་མོ་འདིར་སུན་པ་ལ། ཕ་བོང་གཏོས་ཆེ་བ་ཞིག་དང་འདྲ་བའི་མཚན་མོ་འདིར་སུན་པ་ལ། དེ་ལས་ཀྱང་འཕྱོན་མ་ཞིག་དང་འདྲ་བའི་ལུས་པོ་འདིར་སུན་པ་ལ།
གལ་ཏེ། སང་ཉིན་བརྟག་བཤེར་བྱས་ནས། “ནད”དེ་ཡོད་ན། བདག་གི་ལུས་སྟེང་ནས་མི་གཞན་དག་ལའང་འགོས་ཡོད་སྲིད་པས། འཇིག་རྟེན་ཟེར་བ་འདི་ནི་གང་ཞིག་འཛིན་བྱེད་ཀྱི་དྲ་རྒྱ་ཞིག་མ་ཡིན་པར། མི་འདོད་པ་མང་པོ་འཁྱག་རླུང་བཞིན་ལྡང་འོང་སའི་གཟེབ་དྲ་གཅོག་དཀའ་བ་ཞིག་ཡིན་པ་འདྲ།
གལ་ཏེ། “ནད”དེ་ཆུང་མར་འགོས་ཡོད་པ་དང་། མོས་ང་ལ་ནད་འདི་ཇི་ལྟར་ཡོང་རབས་དྲིས་ན། ཅི་ཟེར་རམ། དེ་ལས་ཀྱང་བདག་གི་རྒུད་པ་ཡོད་ཚད་རང་གི་བདེ་སྐྱིད་དུ་རློམ་པའི་དགྲ་ཟེར་བ་ཚོས་ཐོས་ན། དེ་དག་ཅི་འདྲའི་དགའ་བ་ལ།
དགྲ་ཟེར་བ་དེ་དག་ཀྱང་ང་རང་དར་དུས་ཤིག་ལ་ས་བོན་བཞིན་གང་ཞིག་ལ་སྦེད་འདུག་མོད། རང་གི་ནུས་པས་ཅུང་ཙམ་མི་འཇོན་དུས། གང་ཞིག་ནས་དཔྱིད་ཀའི་རྩྭ་ལྗང་བཞིན་འབུས་ཡོང་མི་ཡོང་ལ་འདང་བརྒྱག་མི་དགོས་པས། སུན་པ་ལ།
གལ་ཏེ། “ནད”ངན་འདི་བྱིས་པ་ལའང་འགོས་ཡོད་པ་དང་། དེའི་ལུས་སྟེང་ནས་སློབ་གྲོགས་ཟེར་བ་དག་ལའང་འགོས་ཡོད་ན། དེ་དག་གིས་ཀྱང་སོ་སོའི་ལུས་སྟེང་ནས་མལ་ས་རྩེད་ས་དག་ནས་གཞན་དག་ལའང་བགོས་ཡོད་ན།
བདེ་ཐང་ཟེར་བ་འདི་ནི་ཤོག་བུ་སྲབ་མོ་ལས་ཀྱང་རྒྱུ་སྤུས་ཞན་པ་ཞིག་རེད་ཨང་། མེ་ཐབ་སྟེང་གི་ཆབ་རོམ་བཞིན་རང་ཚུགས་མི་ཐུབ་པ་ཞིག་རེད་ཨང་། མཁའ་དབུགས་བཞིན་འཛིན་ས་བསྡུ་ས་མི་འགྲོ་བ་ཞིག་རེད་ཨང་། སྐྱོ་བ་ལ།
གལ་ཏེ། ཁེ་ཉིན་ཁུལ་ཐོག་ནས་འགྲུལ་བར་སོང་སའི་གྲོགས་པོ་ཚང་ལའང་འགོས་ཡོད་ན། གྲོགས་པོ་བཟའ་ཟླ་གཉིས་ཀ་སོང་ས་བསྡད་ས་དག་ལའང་འགོས་ཡོད་ན།
ནད་ཟེར་བ་འདི་ནི་མིའི་གྲིབ་མ་ལྟར་གང་ཞིག་ལ་ཐོན་ཐོན་དུ་ཡོད་པ་ཞིག་རེད་ཨང་། མ་གཞི་མི་ཞིག་ལ་བཟང་བཅའ་རྒྱུ་ཤིན་ཏུ་དཀའ་རུང་། ངན་བཅའ་རྒྱུ་ནི་ཅི་འདྲའི་སླ་བ་ལ། འདི་ལྟར་སོང་ན། ང་ནི་དུག་གིས་ཁྱབ་པའི་མཁའ་དབུགས་ཤིག་ཏུ་འགྱུར་གྱིན་ཡོད་པ་མིན་ནམ།
ད་ནི་རང་ཁྱིམ་ནས་ཀྱང་ང་རང་མལ་ན་ཙོག་ན་ཤོག་ངོས་རྫོབ་བྱེད་ཀྱི་སྣག་ཚ་ལྟ་བུ་ཞིག་མིན་ནམ།
ཨེ——། ལྟོས་དང་། ཁྱིམ་ཆས་དག་ཀྱང་ང་ལ་འཛེམ་ནས་འགུལ་ཙམ་ཡང་མི་བྱེད་ལ། གློག་འོད་ཀྱང་གྲག་མེད་འགུལ་མེད་དུ་བདག་གི“ནད”འདིའི་དྲི་མ་ཟེར་བ་དེ་ལ་སྣོམ་གྱིན་པ་འདྲ།
ད་ལྟ་ང་རང་ཉལ་སའི་ནང་འཛུལ་ནས་ཡོད་པ་ཙམ་ལས། གཉིད་ནི“ནད”དེ་ལ་འདྲོགས་པའི་རི་དྭགས་ཤིག་ལྟར་གང་ཞིག་ལ་བྲོས་ཚར་འདུག འདང་བརྒྱབ་ཀྱིན་བརྒྱབ་ཀྱིན་འདོམས་ལའང་འཕྲུག་རྒྱུ་ཞིག་ཡོང་ལ། སེམས་སུའང་དངངས་འཚུབ་ཅིག་སྐྱེས་བྱུང་།
སྡུག་བསྔལ་ཟེར་བ་དེའི་གྲིབ་མ་ལྟ་བུའི་མུན་པ་ནི་འགྲོ་རྒྱུ་མེད་ལ། རྐང་པ་གཅོག་རྒྱུའི་སང་ཉིན་ཟེར་བ་དེའང་ཡོང་རྒྱུ་མེད་པ་འདྲ་ལ། ལས་ངན་ཟེར་བ་ཚང་མ་ནི་ནད་དང་། འཇིགས་པ་དང་། གདུང་བ་སོགས་ཀྱིས་མེར་བ་ཁོ་ན་ཞིག་མ་ཡིན་པར་གཉིད་ཀྱིས་ཀྱང་ཡོངས་སུ་སྟོང་ནས། མུན་ནག་བཞིན་མཚན་གང་བོར་ཡར་འགྲེང་དགོས་པ་འདྲ།
སུ་ཞིག་གིས་ཁང་སྟོང་ཞིག་གི་སྒོ་ཕྱེས་པ་བཞིན་རྨི་ལམ་ཙམ་ཡང་སྟོན་རྒྱུ་མེད་པའི་ང་རང་གཉིད་ལས་སད་དུས། ཕྱི་རོལ་གྱི་འཇིག་རྟེན་སྔར་ནས་ཡར་ལངས་ཏེ་སོ་སོའི་མི་ཚེ་ཟེར་བ་དེ་ཁུར་ནས་བོང་བུ་ནད་པ་ཞིག་ལྟར་འདུར་གྱིན་འདུག
ཡར་ལངས་པ་དང་བརྟག་བཤེར་དུ་ཕྱིན་པ། ཉིན་ཕྱེད་ཙམ་ལ་བརྟག་བཤེར་གྱི་མཇུག་འབྲས་ལ་བསྒུགས་པ་སོགས་ཀྱི་བར་དུ། ང་ནི“ནད”ཟེར་བ་དེས་བཟི་བའི་སེམས་ཅན་ཟུར་བ་ཞིག་ལྟར་ག་བྱས་འདི་བྱས་ཀྱི་དྲན་པ་ཅི་ཡང་མི་འདུག དྲན་རྒྱུ་འདུག་པ་གཅིག་ནི“ད་ཚར་འདུག ད་ཚར་འདུག”སྙམ་པའི་བློ་གཟེར་གཟེར་བོ་ཞིག་གོ། །
བརྟག་བཤེར་མཇུག་འབྲས་དེ་ཁྱེར་ནས་སྨན་པའི་ཕྱག་ལ་འབུལ་སྐབས་ངའི་སྙིང་ནི་ལྡིང་གིན་མེད་པར། རླུང་ཁའི་མགོ་སྐྲ་བཞིན་སིག་སིག་ཏུ་འཕྱོ་བཞིན་པ་འདྲའོ། །
སྨན་པ་ལགས་ཀྱིས་བརྟག་བཤེར་མཇུག་འབྲས་དེ་ང་ལ་སྟེར་གྱིན“སང་ཉིན་ནས་སྨན་བཅོས་བྱོས། ‘ནད’དེ་མི་འདུག”ཟེར་དུས།
ངས་ཅིའི་ཕྱིར་བཤད་པ་མི་ཤེས་པའི་ཚིག་གཅིག་ནི“‘ནད’དེ་དངོས་གནས་མེད་དམ།”ཞེས་པའི་དྲི་བ་ལྷག་མ་ཞིག་གོ། །
སྨན་པ་ལགས་ཀྱིས་བདེན་ཤག་ཤག་གིས། “‘ནད’དེ་མི་འདུག སེམས་བདེ་མོ་བྱོས།”ཟེར།
སྐབས་དེར་ང་རང་ཐོག་མར་ངུ་རྒྱུ་ཞིག་ཡོང་ལ། དེའི་འཕྲོ་ནས་སྨན་པའི་སྟེང་ལའང་ཞེ་སྡང་ཞིག་སྐྱེས་བྱུང་།
“གནའ་ཤི་ད་ཤི་ཡོད་ཚད་ཀྱི་རོ། ཅི་ཞིག་གི་སེམས་བདེ་མོ་བྱོས། མི་བདེ་རྒྱུ་བཟོ་མཁན་ཁྱོད་ཚོ་མིན་ནམ། ལྕེ་ལ་མདུད་པ་རྒྱག་རྒྱུ་ཚོ། ཁྱོད་ཚོས་དོན་མེད་དུ་ངའི་སེམས་ཁ་ཞོ་ལྟར་དཀྲུགས་ནས། འཐུང་འདོད་པ་ཡིན་ནམ།”ངས་འདི་ལྟར་སྙམ་གྱིན་སྒོར་བུད་པ་ན། དགུན་ཁའི་ཉི་འོད་ཀྱང་མཛེས་མའི་འཛུམ་མདངས་བཞིན་དྲོ་ལ། མི་སེམས་ཀྱི་དགོད་སྒྲ་བཞིན་བག་ལྷོད་པོའི་མཁའ་དབུགས་ཤིག་གིས་ཁོར་ཡུག་ཐམས་ཅད་གང་འདུག
དྲང་མོར་བཤད་ན། དུས་འདིར་ང་ཡི་གང་ཞིག་ནས་ཅི་ཞིག་མདུད་པ་གྲོལ་བ་ལྟར་ལྷོད་ཀྱི་ལེར་འདུག་ལ། ཁེ་ཉིན་དགོང་མོའི་གྲོགས་པོ་ཟེར་བ་དེ་དག་ཀྱང་དྲན་བྱུང་། ངས་ཁ་པར་བཏང་ནས་རེ་རེ་ལ་གནས་ག་གེ་མོ་ནས་འཛོམས་པའི་དུས་ཆད་བཏབ།
དུས་ཆད་བཏབ་པའི་ཟ་ཁང་དེ་ནས་ང་ཡིས་ཆུ་ཚོད་ཕྱེད་ཙམ་ལ་བསྒུགས་རྗེས། གཞི་ནས་སྔོན་མ“དེང་སང‘ནད’དེ་འདྲ་ནི་མར་ནང་གི་སྤུ་ཡང་མ་རེད”ཟེར་བའི་གྲོགས་པོ་དེ་སླེབས་བྱུང་།
ཁོ་རང་རྐུབ་སྟེགས་སུ་མ་ཙོག་གོང་ངའི་ཁ་ནས“མྱི་ལྡིང་། ང་ལ‘ནད’དེ་མི་འདུག་ཟེར”ཞེས་ཐལ་སོང་།
གྲོགས་པོས། “ཁེ་ཉིན་དགོང་མོར་ཁྱོད་ཀྱིས་རླིག་རིལ་བོར་བ་བཞིན་ངོ་ཤོར་འདུག་མོད། དེ་རིང་འགྲམ་རུས་གཉིས་ཀའང་འཛུམ་རེད། བཟང་གི”ཟེར་བ་ལས་མདོག་གཞན་ཅི་ཡང་བསྟན་མ་བྱུང་།
ངེད་གཉིས་ཀྱིས་ཇ་འཐུང་ཞོར་དུ་ཁ་བརྡ་བྱས་ནས་ཆུ་ཚོད་གཅིག་ཙམ་འགོར་ལ་ཉེ་ཡང་གྲོགས་པོ་ཟེར་བ་གཞན་ཚོ་ནི་ངའི‘ནད’དེ་བཞིན་ངེད་གཉིས་ཀྱི་ཉེ་ས་ཞིག་ལ་ཡང་མི་ཡོང་བ་འདྲའོ། །
ངེད་གཉིས་ཀྱིས་ཟ་མ་ཟོས་ཚར་ནས་སྒོར་འབུད་དུས། གྲོགས་པོས།“གནས་ཚུལ་ལ་ལ་ཞིག་ཁྱོད་ཀྱིས་མ་བྱུང་བ་ལྟར་སེམས་ནས་བཞུ་རུ་འཇུག་དགོས།”ཟེར།
གྲོགས་པོ་གླ་གཏོང་རླངས་འཁོར་ཞིག་ཏུ་བསྡད་ནས་ང་དང་ཇེ་རིང་དུ་འགྲོ་བཞིན་འདུག་པས། ང་ལ་ཅི་ཞིག་གིས་ཡིན་པ་མི་ཤེས་མོད་སྐྲག་སྣང་ཞིག་ངང་གིས་སྐྱེས་པ་དང་མཉམ་དུ་སྔོན་མའི་གྲོགས་པོ་ཟེར་བ་དེ་ཚོ་ལ། “ནད”དེ་མེད་རབས་ཀྱི་འཕྲིན་ཐུང་རེ་བསྐུར་བསམ་དུས། གྲོགས་པོ་གཟུགས་ལོག་ལོག་མདུད་པ་བརྒྱབ་འདྲ་དེའི་ཁ་པར་ཐོན་བྱུང་།
“ཝེ། ད་དུང་དུས་ཆད་བཏབ་པའི་གནས་དེ་ན་ཡོད་དམ། རླངས་འཁོར་ཁེགས་པས་ད་བར་དུ་འགོར་སོང་། ད་མྱི་ཐོན་ནི་ཐོན་ནི་དང་ཞལ་བསྟན་ནི་བསྟན་ནི་ཡིན།”ཟེར།
སྨད།
གྲོགས་པོ་གཟུགས་ལོག་ལོག་མདུད་པ་བརྒྱབ་འདྲ་ངེད་གཉིས་ཀྱིས“ནད”ཀྱི་སྐོར་གླེང་ནས་ནམ་བསླངས་བཞག་ཟེར་ན་ཆོག་སྟེ། སྐབས་ཤིག་ལ་ཁོས། “ཨ་ཡོ་ཡོ། མཚན་མོ་ཟེར་བ་འདིའང་རས་ནག་པོ་ཞིག་ཡིན་ན་རྒྱུ་སྤུས་ངན་པ་ལ། སྐད་ཆ་འགའ་ཕར་ལབ་ཚུར་ལབ་ཀྱི་བར་ནས་ཀྱང་མདོག་སྐྱ་སིང་སེར་གྱུར་འདུག”ཟེར།
མདང་ནུབ་ངས་གྲོགས་པོ་གཟུགས་ལོག་ལོག་མདུད་པ་བརྒྱབ་འདྲ་ལ“ནད”མེད་རབས་ལབ་ནས་ཅུང་ཙམ་འགོར་རྗེས།གྲོགས་པོ་གཟུགས་ལོག་ལོག་མདུད་པ་བརྒྱབ་འདྲས་ཀྱང་ང་ལ“ནད”ཟེར་བ་དེ་ཡོད་མེད་ཙམ་མ་ཡིན་པར། ཚང་མས་སུ་ཞིག་ལ“ནད”དེ་ཡོད་ཟེར་ན་ཡོད་པ་དང་འདྲ་ལ། ཡང་ཚང་མས“ནད”དེ་མེད་ཟེར་ན་མེད་པ་འདྲ་བས། མཚམས་རེར་ཁྱོད་ཀྱི་ལུས་པོ་དང“ནད”ཟེར་བ་གཉིས་ལ་འབྲེལ་བ་ཅི་ཡང་མེད་ཅེས་ལབ་ཀྱང་མི་ཆོག་པ་མེད་ཟེར་གྱིན་དོན་འདི་འདྲ་ཞིག་ལབ་བྱུང་།
ན་ནིང་ང་རང་སྨན་ཁང་དུ་སྡོད་དུས་དབྱར་ཟླ་བདུན་པའི་ནང་ཡིན་ལ། ཚ་སྨུག་ཟེར་བ་དེ་ཉི་ཟེར་གྱིས་འཚིག་པར་སྐྲག་ནས་སྨན་ཁང་དུ་ཡིབ་ཀྱིན་ནད་པ་ལས་ངན་ཚོ་ནི་བཀྲུ་དགོས་པའི་གོན་པ་ཞིག་ལྟར་རློན་པ་རློན་རྐྱང་དུ་བཟོས་འགྲོ།
ངའི་གཡས་ན་ཡོད་པའི་གསར་བུ་དེ་ནི་ནད་པ་ལྕི་མོའམ་ཡང་མོ་གང་ཞིག་ཡིན་པ་མི་ཤེས་མོད། འདོམས་ལ་མེ་ལྡུག་རྒྱུ་དེས་ནད་གཡོག་མ་ཚོའི་སྐད་འཕྲིན་ནམ་ཁ་པར་ཨང་གྲངས་དྲིས་ནས་རེ་རེས་ཁོའི་སྐད་གོ་དུས་རྣ་ལ་ཟ་འཕྲུག་སྐྱེ་བ་ལྟར་ཤིན་ཏུ་སུན་སྣང་གིས་ཁེངས་འདུག
ངའི་གཡོན་གྱི་དེ་ནི་རྒན་པོ་ཞིག་སྟེ་ཁོང་ནི་དྲི་བ་མང་བ་ཞིག་མ་ཡིན་པར་གསུང་བཤད་མང་བ་ཞིག་གོ། །
རྒན་པོ་ལགས་ཀྱིས་ག་དུས་ཁ་གྲག་འདོད་ན་དེ་དུས། “སྨན་ཁང་ནང་གི་ནད་པ་འདི་དག་ཡར་བསླངས་པ་ལས་ཐང་ཆེན་པོ་ཞིག་ཡར་བསླང་དགོས་ཀྱང་སླ་བ་འདྲ་བས། སྨན་པ་འདི་ཚོར་སུན་པ་ལ།”ཟེར།
ཡང་། “ནད་པ་འདི་ཚོ་ནི་ཁྱིམ་ཚང་སོ་སོའི‘ནད’རེ་རེ་ཡིན་པས། བཟའ་མི་ཚོའི་སྐྱིད་སྣང་འཇོམས་པའི་ཟུག་གཟེར་འདི་ཚོ་གནམ་ཁབ་བཞིན་ཐིགས་པ་རེ་རེ་ནས་ཟགས་ཏེ་ཟད་པར་གྱུར་ན་སྐྱིད་པ་ལ།”ཟེར།
ཡང་ནད་གཡོག་མ་ཚོར་བལྟས་ནས། “ཁྱོད་ཚོའི་སྐྱེ་བ་སྔོན་མ་ནི‘ནད’ཟེར་བ་དེ་འདེབས་མཁན་རེ་རེ་མིན་ནམ། སྐྱེ་བ་འདིར་ནད་པ་ཟེར་བ་ཚོ་དང་བཟའ་ཟླ་འདུག་འདུག་བྱེད་དགོས་པ་འདིར་སྙིང་ན་བ་ལ།”ཟེར།
རྒན་པོས་བཤད་བཤད་དེ་ལུས་པོ་དུབ་པར་གྱུར་དུས། “བྱེ་མའི་འཆིང་བུ་ཞིག་དང་འདྲ་བའི་མི་ཚེ་ཇེ་རིང་དུ་གཏོང་འདོད་པའི་ཁྱོད་ཚོ་རིག་ན་འཁྱག་པ་ལ་ཨང་།”ཟེར་གྱིན་གཉིད་འགྲོ།
ནུབ་མ་གཅིག་ལ་ང་རང་གཉིད་ལས་སད་དུས། རྒན་པོས་ཞིབ་ཉན་ལ་དགའ་འདྲའི་ནད་ཁང་གི་ལྷིང་འཇགས་ཀྱི་གསེབ་ལ་སྐད་ཆ་འདི་ལྟར་ལྡུག་གིན་འདུག
“སྨན་པ་འདི་ཚོ་བཤས་རར་བཅུག་པའི་ལུག་ཁྱུ་ཞིག་ལས་ཀྱང་གླེན་པ་ལ། སྤྱི་ཚོགས་ཟེར་བའི‘ནད’ཡམས་ཀྱི་ལྗོངས་ཆེན་པོ་དེ་ཉིན་རེ་བཞིན་འགྲོ་སའི་སྲང་ལམ་ནས་མི་མཐོང་ལ། མཚན་རེ་བཞིན་མལ་སའི་ཁང་ཁྱིམ་ནས་ཀྱང་མི་མཐོང་བར། ཟས་ཟ་མ་ཤེས་ལ་ལུས་པོར་བདག་སྐྱོང་ཡང་མ་ཐུབ་པའི་མི་རེ་རེའི་ཨ་ཚ་དང་ཨ་ན་ལ་ཅི་ཞིག་ཤེས་མདོག་ཚ་བོས་ཉིན་མཚན་གཏོང་བ་ནི་ཚེ་སྲོག་རྩེད་ཆས་སུ་སྤྱད་པ་མིན་ནམ།”ཟེར།
“ཕ་མས་མིག་འབྲས་གཉིས་བཞིན་སྐྱོང་བའི་བུ་དང་བུ་མོ་འདི་ཚོ་འོ་མས་གསོས་ཀྱང་ལྕགས་ཆག་གི་གློ་སྙིང་འཁྱག་པ་ཞིག་ཇི་ལྟར་ཆགས་པ་ཡིན་ནམ། ཕ་མ་ཟེར་བ་དག་ནི་ཁུར་པོ་ལྗིད་མོ་ཞིག་ལྟར་རྒྱང་ལ་འཇོག་འདོད་པ་ནི་སྨན་རྫུས་མ་མང་པོའི་ནང་གི་གང་ཞིག་གིས་ཁོ་ཚོའི་ཤེས་པ་འཐོམ་སྦྲིད་དུ་བཏང་བ་ཡིན་ནམ།”ཟེར།
“ཕྱུག་པོ་ཟེར་བ་དེ་ཚོས་རང་རང་གི་ལག་པ་འདོད་ཧམ་གྱི་སྦ་བས་ཁེབས་པའང་ཤེས་ཀྱི་མི་འདུག་ལ། དཔོན་པོ་ཟེར་བ་དེ་ཚོས་རང་རང་གི་ཕོ་བ་རུལ་སུངས་ཀྱི་སྐྲན་གྱིས་ཟིན་པའང་ཤེས་ཀྱི་མི་འདུག་མོད། འོན་ཀྱང་། སྨན་ཁང་ཟེར་བ་ཞིག་བཙུགས་ནས‘ནད་པ’ཚོ་ཟེར་གྱིན་མི་སྡར་མ་མང་པོ་ཞིག་ནད་ཁྲིར་སྡོམ་པ་འདིར་སྙིང་རྗེ་བ་ལ། ”ཟེར།
“མདོར་ན། ‘ནད’ཟེར་བ་ནི་བུས་པ་ཆུང་ཆུང་ཞིག་འཛོང་ཁུགས་སུ་བཅུག་པ་ལྟར་ནད་ཁྲི་ནས་མིག་གནམ་ལ་འཁོར་ཞིང་རྐུབ་ས་ལ་འཁོར་ནས་འདུག་མཁན་ཞིག་མིན་པཱ།”ཟེར།
དེའི་འཕྲོ་ནས་རྒན་པོ་ལགས་ཀྱིས་སྔུར་བ་ཡང་མོ་ཞིག་འཐེན་གྱིན་གཉིད་ལ་རོལ་མོད། ངའི་ཀླད་པའི་ནང་ཧྲིལ་པོར“ནད”ཟེར་བའི་ཁེད་ཡ་མཚན་ཞིག་གིས་དཀྲིས་བྱུང་།
སྨན་པ་ཚོ་ནད་པའི་ནད་ཀྱི་གནས་ཚུལ་རྒྱུས་ལོན་དུ་ཡོང་བའི་སྐབས་ཤིག་ལ་སྨན་པས་རྒན་པོ་ལགས་སུ། “ཝང་ཨ་མྱེས། ད་ལྟ‘ནད’མངོན་གསལ་གྱིས་ཇེ་དགར་སོང་འདུག”ཟེར་བར།
རྒན་པོས། “ང་ནི་སྤྱིར་ན་ནད་མེད་དུག་མེད་རྡོ་ལོག་འདྲ་ཞིག་ཡིན་མོད། ཁྱོད་ཚོས་ཤོག་དངུལ་འགའི་དོན་ལ་ཅི་ཞིག་བྱེད་འདོད།”ཟེར་བར།
སྨན་པ་ཚོ་བྱ་རྒྱུ་སྨྲ་རྒྱུ་མེད་པར་གྱུར་ནས་སོ་སོའི་ངོ་གདོང་ནས་རྒྱུ་མཚན་ཞིག་ཨེ་རྙེད་འཚོལ་བ་ལྟར་མིག་སྐོར་རེ་བྱས་ཤིང་ང་སར་ཕྱོགས་ནས། “སང་ཉིན་སྨན་ཁང་ནས་འབུད་རྒྱུ་གྲ་སྒྲིག་བྱོས།”ཟེར།
སྨན་པ་ཚོ་ཕེབས་རྗེས། རྒན་པོ་ངའི་ཕྱོགས་སུ་འཁོར་ནས། “ཁྱོད་རང་མི་ཚེ་གཅིག་པོར་སུ་ལའང་རློམ་ན་ཆོག་མོད། ‘ནད’ཟེར་བ་དེ་ལ་རྐུན་མ་དག་ལས་ཀྱང་རློམ་རྒྱུ་མེད།”ཟེར།
ང་རང་སྨན་ཁང་ནས། “སང་ཉིན་བུད”ཟེར་མོད། རྒན་པོ་ལགས་ཕྱི་དྲོ་སྨན་ཁང་ནས“འབུད”དུ་བཅུག་བྱུང་། རྒན་པོ་འགྲོ་ཁར་ཡང་ང་ལ་ཕྱོགས་ནས། “སྨན་པ་ཁོ་རང་ཚོར་བྱུང་བའི‘ནད’ལྗིད་མོ་དེ་སུས་ཀྱང་མཐོང་གིན་མི་འདུག”ཟེར།
གྲོགས་པོ་གཟུགས་ལོག་ལོག་མདུད་པ་བརྒྱབ་འདྲ་དེ་ང་དང་ཁ་གྱེས་ཁར། “དེང་སང་མཐོང་རྒྱུ་ཐོས་རྒྱུ་མང་གི་ཡ། འཇིག་རྟེན་གྱི་སྒོ་མོ་ཡོད་ཚད་ནད་པ་བཞིན་འདས་ནས་དོན་དག་མང་པོ་མང་པོ་ཞིག་འུ་ཚོའི་སྔུན་ལ་འཚང་གིན་འཚང་གིན་འབུད་ཀྱིན་པ་འདྲ”ཟེར།
གྲོགས་པོ་སོང་རྗེས། ངས་ཁ་པར་གྱི་ངོས་སུ་བལྟས་པ་ན་ཟླ12པའི་ཚེས28ཉིན་གྱི་ཆུ་ཚོད་བརྒྱད་དང་ཕྱེད་ཀ་ཟེར་བ་དེ་ཡོ་གཟུར་མེད་པར་མངོན་འདུག
ངས་རྒྱུ་མཚན་ཅི་ཡང་མེད་པར། “ཟླ་ཚེས་མི་གསལ་བའི་སེམས་ཀྱི་ངོ་བོ་ནི་འཁྱག་པ་ལ་ཨང་། མིག་ཟུང་ལོང་བ་བཞིན་དུ་འཁྱག་པ་ལ་ཨང་།”ཞེས་ཐལ་སོང་། །